logo

༄༅། །སི་ཏུ་པཎ་ཆེན་གྱིས་བཀའ་འགྱུར་ཞུ་དག་མཛད་སྟངས་སྐོར།

རྩོམ་པ་པོ།:དྲུང་འཚོ་བ་གུ་རུ་འཕེལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-07-16 ཀློག་གྲངས།:
༄༅། །སི་ཏུ་པཎ་ཆེན་གྱིས་བཀའ་འགྱུར་ཞུ་དག་མཛད་སྟངས་སྐོར།
དྲུང་འཚོ་བ་གུ་རུ་འཕེལ།
 
བོད་འདིར་སྔ་བའི་སྣར་ཐང་བཀའ་འགྱུར་དང་། །
སི་ཏུ་དགེ་བློའི་ཚལ་པ་བཀའ་འགྱུར་དང་། །
རྒྱལ་རྩེ་ཐེམས་སྤང་གྲགས་པའི་བཀའ་འགྱུར་རྒྱུན། །
རྒྱ་ནག་ཏཱ་མིང་རྒྱལ་པོའི་བཀའ་འགྱུར་རྒྱུན། །
འཇང་ཡུལ་རྒྱལ་པོས་བཞེངས་པའི་བཀའ་འགྱུར་པར། །
དེང་སང་ལི་ཐང་བཞུགས་པ་འདི་ཉིད་དང་། །
ཨ་གཉེན་པཀྵིའི་ཐུགས་དམ་བཀའ་འགྱུར་དང་། །
རྒྱལ་དབང་ལྔ་པའི་དགོངས་བཀོད་ལྷོ་རྫོང་གི །
བཀའ་འགྱུར་བཅས་དང་འདུལ་མདོ་ཤེར་ཕྱིན་དང་། །
གསང་སྔགས་རྒྱུད་འབུམ་བཅས་པ་སོ་སོ་ཡི། །
དཔེ་ཁུངས་བཙུན་པ་རྣམས་དང་གོ་བསྡུར་ཞིང་། །
ཁྱད་པར་སྙིགས་དུས་བསྟན་པའི་སྒྲོན་མེ་མཆོག །
མཁས་པ་ཆེན་པོ་བུ་སྟོན་རིན་ཆེན་གྲུབ། །
གང་གིས་དཀར་ཆག་བཏབ་པ་ཚད་མར་འཛིན། །
གཞན་ཡང་བྲིས་པ་ལས་འཛིན་ལེ་ལོ་ཡིས། །
ནོར་འཁྲུལ་སོར་ཆུད་ལོག་དཔྱོད་བསྒྱུར་ཉེས་རྣམས། །
འཕགས་ཡུལ་རྒྱ་དཔེའི་སྟེང་ནས་བསྒྱུར་ཞིང་ཞུས། །
གཏན་ལ་ཕབ་ཅིང་ཐེ་ཚོམ་བྱུང་བ་རྣམས། །
རྒྱ་འགྲེལ་དང་བསྟུན་ཚད་མ་ཉིད་དུ་བཅོས། །
སྔགས་བཏུ་ཡོད་པ་དེ་ཉིད་དག་དང་བསྟུན། །
ལེགས་པར་ལེགས་སྦྱར་སཾ་སྐྲྀ་ཏ་ཡི་སྐད། །
འགྲོ་ལྡིང་སྐད་དང་པི་ཤཱ་ཙི་ཡི་སྐད། །
ཟུར་ཆག་ཨ་བ་བྷྲཾ་ཤའི་སྐད་དང་ནི། །
གསང་བ་བརྡ་ཡི་སྐད་སོགས་སྒྲ་སྐད་རྣམས། །
ཀུན་ལ་ཐོགས་མེད་མ་ཧཱ་པཎྜི་ཏ། །
འཇམ་མགོན་ཟུར་ཕུད་ལྔ་པ་གཞན་དུ་གང་། །
མཁས་པ་གཞན་རྣམས་ནེ་ཙོའི་ཀློག་ཙམ་ལགས། །
དཔེར་ན་ནོར་བུ་ཀེ་ཏ་ཀ་ཞེས་པས། །
ཆུ་རྣམས་རྙོག་བྲལ་བགྲུང་ཞིང་དྭངས་པར་བྱེད། །
དེ་བཞིན་ཆོས་ཀྱི་སྤྱན་ལྡན་སི་ཏུ་པས། །
རྒྱལ་སྲུང་དམ་ཆོས་སྐྱོན་རྣམས་སྦྱོང་བར་མཛད། །
དེ་ནས་བོད་ཀྱི་བརྡ་དག་སྡེབ་སྦྱོར་རྣམས། །
འཇམ་དབྱངས་ཐུ་མིའི་སུམ་རྟགས་དགོངས་དོན་ཏེ། །
འདི་ལ་མཁས་པ་འགའ་ཡིས་དཔྱད་པ་ཡི། །
བརྡ་དག་བསྟན་བཅོས་སྣ་ཚོགས་བཞུགས་པ་ལས། །
འདུལ་མདོ་རྒྱུད་གསུམ་བརྡ་དག་མཚུངས་པར་མཛད། །
ཡུལ་སྐད་མ་མྱ་ས་སྩོགས་ད་དྲག་བསྡུས། །
འགྱུར་ཆད་བསྐང་ཞིང་བསྒྱུར་ཉེས་དག་པར་ཕབ། །
འདི་ནི་བསྲེག་བཅད་བརྡར་བའི་གསེར་བཞིན་གཙང་། །
ལེགས་ཆ་ཀུན་རྫོགས་ཉ་རྒྱས་ཟླ་བ་འདྲ། །
གོང་འོག་སྡེབ་ལེགས་རི་རབ་ལྷུན་པོ་འདྲ། །
དགོས་འདོད་ཀུན་འབྱུང་དཔག་བསམ་ལྗོན་ཤིང་བཞིན། །
དེ་ཕྱིར་བོད་དང་བོད་ཆེན་མཁས་གྲུབ་ཚོགས། །
ཐུགས་དགོངས་མཉམ་པས་མགྲིན་གཅིག་སྨྲ་བ་ལྟར། །
སྡེ་དགེ་ཆོས་རྒྱལ་བཀའ་འགྱུར་རིན་པོ་ཆེ། །
སྔོན་གྱི་ཆོས་སྦྱིན་ཀུན་གྱིས་འགྲན་ཟླ་མེད། །
ཅེས་པའི་གྲགས་པས་ས་སྟེང་ཀུན་ལ་ཁྱབ། །
                         ཅེས་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་སྤྱི་ལོ༡༧༩༡ལོར་སྡེ་དགེའི་ཆོས་རྒྱལ་ཆེན་པོའི་དྲུང་འཚོ་བ་གུ་རུ་འཕེལ་གྱིས་བྲིས་པའི་སྡེ་དགེའི་རྒྱལ་རབས་ཁམས་གསུམ་ཟིལ་གནོན་འབྲེལ་ཚད་དོན་ལྡན་ལས་སི་ཏུ་པཎ་ཆེན་གྱིས་བཀའ་འགྱུར་ཞུ་དག་མཛད་སྟངས་སྐོར་ཁོལ་དུ་ཕྱུང་བའོ། །
འབྲེལ་ཡོད་འོས་སྦྱོར།