logo

༄༅། །གུང་ཐང་བདེ་བློས་མཛད་པའི་དབྱངས་ཨུ་སྦྱར་བའི་ཀ་རྩོམ་ཞིག

རྩོམ་པ་པོ།:གུང་ཐང་བདེ་བའི་བློ་གྲོས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-07-22 ཀློག་གྲངས།:
སྭསྟི། བརྒལ་དཀའ་སྲིད་པའི་མཚོ་ལས་སྒྲོལ་བའི་གྲུ། །
སྲིད་དང་ཞི་བའི་ཕུན་ཚོགས་འབྱུང་བའི་གཞི། །
ཡོན་ཏན་ཕུན་ཚོགས་མི་ཟད་འབྱུང་བའི་གཏེར། །
མཉམ་མེད་བླ་མའི་སྙན་དུ་ཚིག་འགའ་ཞུ། །
ཀུ་མུད་རྒྱས་པའི་ཚལ་དུ་བུང་བ་སྦྲང་རྩི་ཡིས། །
ཁུ་བ་འདོད་པར་འདུན་ཞིང་ཆོས་ལ་འདུས་པའི་འཁོར། །
གུ་གུལ་དུད་པས་བདུགས་ནས་བསྐྲད་པའི་བགེགས་བཞིན་དུ། །
ངུ་སྐད་འདོན་ཅིང་འབྲོས་པའི་ཚུལ་འདི་གཟིགས་ལགས་སམ། །
ཅུ་རའི་སྟེང་དུ་ཁང་བ་བརྩིགས་པས་མི་རྣམས་མནར། །
ཆུ་བོ་ལྟ་བུར་མགྱོགས་པའི་རྟ་དང་དེ་བཞིན་དུ། །
ཇུ་ཟའི་གོས་རྩོགས་༼སོགས་༽ནོར་མང་ཡོད་ཀྱང་གཞན་གྱི་ནོར།།
ཉུང་ངུ་ཙམ་ཡང་འཕྲོག་པའི་ཚུལ་འདི་གཟིགས་ལགས་སམ། །
ཏུ་རུ་ཀ་སོགས་སྲིན་པོ་ལྟ་བུའི་འཇིགས་གཟུགས་ཀྱིས། །
ཐུ་ལུམ་དབྱུག་པ་ལ་སོགས་དུ་མས་མཚོན་ཆ་བསྣུན། །
དུ་མ་རྣམས་ལ་སྡུག་བསྔལ་སྟེར་བར་བྱེད་ཅིང་བདེ་བ་ཡིས། །
ནུ་ཞོ་སྐེམས་པར་བྱེད་པའི་ཚུལ་འདི་གཟིགས་ལགས་སམ། །
པུ་རངས་བློ་༼ཀློ་༽དོལ་དབུས་གཙང་རུ་བཞི་ལ་སོགས་ཀྱི། །
ཕུ་མདའ་མེད་པའི་ཡུལ་རྣམས་རབ་ཏུ་བཅོམ་ནས་ནི། །
བུ་རམ་ཛ་དར་ལ་སོགས་བདོགས་པ་ཀུན་འཕྲོགས་ནས། །
མུ་གེས་འཇིག་རྟེན་བརླག་པའི་ཚུལ་འདི་གཟིགས་ལགས། །
ཙུ་ཏའི་ཡུལ་ན་རྐང་གཉིས་མིར་མི་རྩི་བ་ལྟར། །
ཚུ་རོལ་མཐོང་བའི་རྨོངས་པས་མཁས་པ་བདག་༼དག་༽ལ་བརྙས། །
ཛུ་གི་པ་ལྟར་རང་ཉིད་ལྡན་པར་བྱས་ནས་ནི། །
ཝུ་ཏའི་མི་བཞིན་གཞན་སྨོད་ཚུལ་འདི་གཟིགས་ལགས་སམ། །
ཞུ་བ་བྱས་ན་སྣང་༼གནང་༽བའི་སྐབས་ནི་ནམ་ཡང་མེད། །
ཟུ་རེ་བཤད་ན་དེ་ཡི་མོད་ལ་ཚིག་རྩུབ་སྨྲ། །
འུ་ལག་ཡང་ཡང་བྱས་ཀྱང་སྤྱོ་ཞིང་ཏོག་རྩེ་ཡིས། །
ཡུ་བས་མི་རྣམས་རྡུང་བའི་ཚུལ་འདི་གཟིགས་ལགས་སམ། །
རུ་བའི་ནང་ནས་ཐར་པའི་རུ་འཛིན་ཆག་པ་དང་། །
ལུ་མའི་ནང་ནས་ཕན་བདེའི་ལུ་མ་སྐམས་པ་དང་། །
ཤུ་བའི་ནང་ནས་སྡིག་པའི་ཤུ་བ་འཕེལ་བ་སྟེ། །
སུ་ལ་ཡང་ནི་བདེ་བའི་གོ་སྐབས་མེད་པ་འདི། །
ཧུ་རེ་བྱས་ནས་མི་རྣམས་བརྡུང་བའི་ས་སྐྱ་བས། །
ཨུ་ཚུགས་ཡུན་རིངས་བརྩོངས་༼བཙོངས་༽པ་ཉིད་ཀྱིས་ལན་པ་ལགས། །
                            ཞེས་པ་འདི་བླ་མ་དམ་པ་འཕགས་པའི་དྲུང་དུ། ལོཙྪ་བ་བདེ་བའི་བློ་གྲོས་ཀྱིས་སྦྱར་བ་ལགས། རྫོགས་སོ། །ཨྠིྀ། ཨྠིྀ། ཨྠིྀ། དགེའོ། །

གསལ་བཤད།
        འགྲོ་མགོན་ཆོས་རྒྱལ་འཕགས་པའི་སློབ་མ། ལོ་ཙཱ་བ་དང་སྙན་ངག་མཁན་གྲགས་ཅན་གུང་ཐང་བདེ་བའི་བློ་གྲོས་ཀྱིས་ཕྱི་ལོའི་དུས་རབས་བརྒྱ་ཕྲག་བཅུ་གསུམ་པའི་ནང་བརྩམས་པའི་དབྱངས་ཨུ་སྦྱར་བའི་ཀ་རྩོམ་ཚན་པ་འདི། སི་ཁྲོན་བོད་ཡིག་དཔེ་རྙིང་སྡུད་སྒྲིག་ཁང་གིས་བསྒྲིགས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི«སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས»པོད་དང་བོ་ལས་ཁོལ་དུ་ཕྱུང་། འདིར་བཀོད་པའི་སྒོ་ཁྱིམ་ཁྲོད་ཀྱི་མཆན་འགའ་ནི་ཕྲན་སྔོ་དེའུ་སྒོམ་མིང་བས་བཏབ་པའོ། །
འབྲེལ་ཡོད་འོས་སྦྱོར།