༄༅། །སྙིང་གཏམ་བཅུ་གསུམ་ཞེས་བྱ་བ།
༄༅། །གུ་རུ་ཛ་ཡ་བྷ་ཝཎ་ཏུ།
རྩ་རྒྱུད་བླ་མའི་བྱིན་རླབས་འཇུག་པ་ལ། །
ཁ་ཞེ་ངོ་ལྐོག་མེད་པའི་མོས་གུས་འཚལ། །
བླ་མས་ཅི་མཛད་སྐྱོན་དུ་མཐོང་བ་རྣམས། །
ལོག་ལྟས་སྒྲོ་སྐུར་མ་འདེབས་སྙིང་གཏམ་ཡིན། །
སྐལ་ལྡན་སློབ་མ་སྨིན་ཅིང་གྲོལ་བ་ལ། །
གཞན་རྒྱུད་ཁམས་དང་དབང་བོ་ཤེས་པར་འཚལ། །
རྙེད་བཀུར་གྲགས་ཕྱིར་དམ་ཆོས་འཚོང་བ་རྣམས། །
རང་གཞན་གཉིས་ཀ་མ་འཕུང་སྙིང་གཏམ་ཡིན། །
མཐོ་དམན་བར་གསུམ་སུ་དང་འགྲོགས་ན་ཡང་། །
ལེགས་ཉེས་གང་ཡང་ཕྱི་ཐག་བསྲིང་བར་འཚལ། །
མཐོང་མཐོང་ཀུན་དང་མཛའ་བཤེས་བྱེད་པ་རྣམས། །
དགོས་པའི་དུས་སུ་མི་བསླུ་སྙིང་གཏམ་ཡིན། །
རྒྱ་ཆེན་གཞུང་ལུགས་ཐོས་བསམ་བྱེད་པ་ལ། །
དེ་དོན་ཤེས་ནས་ཉམས་སུ་ལེན་པར་འཚལ། །
མཁས་རློམ་ཚིག་ལ་མི་ཚེ་སྐྱེལ་བ་རྣམས། །
ཉམས་ལེན་བག་ཙམ་མཛོད་ཅིག་སྙིང་གཏམ་ཡིན། །
དབེན་པའི་གནས་སུ་གཅིག་པུར་སྒོམ་པ་ལ། །
དང་བོ་ཕྱི་ནས་སྒྲོ་འདོགས་ཆོད་པར་འཚལ། །
སྦྱངས་སྟོབས་མེད་པར་བླུན་སྒོམ་བྱེད་པ་རྣམས། །
ཡོངས་འཛིན་མཁས་པ་བསྟེན(སྟེན)ཅིག་སྙིང་གཏམ་ཡིན། །
རང་གཞན་གྲུབ་མཐའ་གཏན་ལ་འབེབས་པ་ལ། །
མདོ་རྒྱུད་མན་ངག་ཀུན་ལ་འདྲིས་པར་འཚལ། །
གསུང་རབ་དགོངས་དོན་ཁ་ཚོན་གཅོད་པ་རྣམས། །
ཐུགས་བསམ་ལེགས་པར་ཐོངས་ཤིག་སྙིང་གཏམ་ཡིན། །
ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པ་ལ། །
རྒྱ་ཆེན་ཤེས་བྱ་ཀུན་ལ་མཁས་པར་འཚལ། །
ལུང་རིགས་ཉན་བཤད་སློབ་གཉེར་འགོག་པ་རྣམས། །
ཆོས་སྤོང་སྡིག་པ་མ་བསག་སྙིང་གཏམ་ཡིན། །
སུ་ཡི་དོན་དུ་དམ་ཆོས་སྒྲུབ་ན་ཡང་། །
གཞན་ཕན་བྱང་ཆུབ་སེམས་ཀྱིས་ཟིན་པར་འཚལ། །
རྫས་ལ་སྲིད(སྲེད)པས་གྲོང་མཆོག(ཆོག)བྱེད་པ་རྣམས། །
ལོག་འཚོའི་དུག་ཆུ་མ་འཐུང་སྙིང་གཏམ་ཡིན། །
དད་པས་བྱིན་པའི་ཁ་ཟས་འཇུ་བ་ལ། །
བསླབ་གསུམ་རྣམ་དག་གང་རུང་ལྡན་པར་འཚལ། །
ཧ་ཅང་སྡེ་ཆེན་དཀོར་ལ་རྔམ་པ་རྣམས། །
ངན་འགྲོའི་གཡང་ལ་མ་མཆོང་སྙིང་གཏམ་ཡིན། །
ཟང་ཟིང་འབྱོར་བས་བསོད་ནམས་སྤེལ་བ་ལ། །
ཞིང་དང་བསམ་པ་དངོས་པོ་དག་པར་འཚལ། །
ལོག་འཚོའི་རྫས་ཀྱིས་སྦྱིན་པ་གཏོང་བ་རྣམས། །
ཚོགས་གསོག་སྡུག་ཡུས་མ་མཛད་སྙིང་གཏམ་ཡིན། །
མཁས་གྲུབ་བརྒྱུད་པའིརྣམ་ཐར་སྐྱོང་བ་རྣམས། །
རང་གིས་རང་ལ་རང་དབང་ཐོབ་པར་འཚལ། །
ཀུན་འཇུག་གཅིག་ལ་ཡིད་བརྟན་མེད་པ་རྣམས། །
བརྩམས་པ་མཐའ་རུ་ཐོན་ཅིག་སྙིང་གཏམ་ཡིན། །
ཞེན་ལོག་ཕྱོགས་མེད་རྒྱལ་ཁམས་འགྲིམ་པ་ལ། །
འདོད་ཡོན་འགལ་རྐྱེན་ལམ་དུ་སློང་བར་འཚལ། །
གྲོགས་པོ་མཐའ་མེད་སྤྲང་འཁྱམས་བྱེད་པ་རྣམས། །
དལ་འབྱོར་སྟོང་ཟད་མ་བྱེད་སྙིང་གཏམ་ཡིན། །
མདོར་ན་བདེ་གཤེགས་བསྟན་པའི་སྒོར་ཞུགས་ནས། །
ཐོས་བསམ་སྒོམ་གསུམ་གང་རུང་བསྒྲུབ་པར་འཚལ། །
ཚེ་འདི་ཁོ་ན་དོན་དུ་གཉེར་བ་རྣམས། །
ཕྱི་མ་བསམ་བློ་ཐོངས་ཤིག་སྙིང་གཏམ་ཡིན། །
སྙིང་གཏམ་སྙིང་དང་འདྲ་བ་བཅུ་གསུམ་འདི། །
བདག་གིས་བདག་དང་གཞན་ལ་ཕན་ཕྱིར་བྲིས། །
གཞན་དུ་གཞན་ལ་ཕོག་པར་གྱུར་སྲིད་ན། །
ཡིན་མིན་ཡིན་ལུགས་དབང(དཔང)དུ་ཞོག་ལ་དཔྱོད། །
ཅེས་པ་འདི་ཡང་བློ་གསལ་རི་ཁྲོད་པ་འཇམ་དབྱངས་ཁ་ཆེ་པཎ་ཆེན་པུཎྱེ་ཤྲཱིས་གྲུབ་ཆེན་རྡོ་རྗེ་རྒྱལ་བའི་དབེན་གནས་སུ་གཟུ་བོར་གནས་པའི་བློས་ཡི་གེར་བྲིས་པའོ། །
རྩོམ་ཁུངས། «ལེགས་པར་བཤད་པ་བཀའ་གདམས་རིན་པོ་ཆེའི་གསུང་གི་གཅེས་བཏུས་ནོར་བུའི་བང་མཛོད»ཅེས་བྱ་བ་ལས་ཁོལ་དུ་ཕྱུང་།