logo

བྲག་དཀར་སྤྲེལ་རྫོང་གི་བསྟོད་པ་ཆོས་དུང་གཡས་སུ་འཁྱིལ་བའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

རྩོམ་པ་པོ།:རྡོ་སྦིས་ཤེས་རབ་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-12-17 ཀློག་གྲངས།:
བློ་ཆེན་རྒྱལ་བ་རྣམས་དང་མཉམ་པའི་རྩལ།།
བཟང་པོའི་གསུང་རབ་ཟབ་མོར་འཁྱུག་པ་གང་།།
གྲགས་སྙན་གཡུ་འབྲུག་སྟོང་གིས་ཁྱེར་བའི་གཟིས།།
པ་ར་རྣམ་གནོན་སྨྲ་བའི་སེངྒེས་སྐྱོངས།།
གང་གི་འཆད་རྩོད་རྩོམ་ལ་འཇམ་དཔལ་དབྱངས།།
དགྱེས་ནས་བཞད་པའི་གསང་གསུམ་ད་ལྟ་ཡང་།།
རྡོ་རྗེའི་ལྗགས་ཀྱི་རྩེ་ན་གར་སྒྱུར་བ།།
དགེ་དབང་དཔལ་བོའི་རིགས་ཀྱི་སྲིད་དུ་སོང་།།
ཡིད་ལ་རིགས་པའི་རྩལ་དང་ངག་གི་སྒོ།།
ཡངས་པོར་ཕྱེ་བའི་བཀའ་དྲིན་མི་དམན་པ།།
བླ་མ་ལྷག་པའི་ལྷ་ཡི་ཞབས་ཀྱི་རྡུལ།།
གཙུག་སྐྱེས་ནོར་བུའི་ཏོག་གིས་ལན་བརྒྱར་མཆོད།།
ཨ་ཡིག་མཚན་གྱི་རོལ་མོའི་ཆ་རེས་ཀྱང་།།
སྲིད་པའི་ཚང་ཚིང་གཞིག་པ་གང་གི་བཀས།།
བྲག་དཀར་གཉན་སྤྲེལ་ཙནྡྲ་ནཱ་ཐའི་རྫོང་།།
ཆེད་དུ་བརྗོད་པའི་གཏམ་གྱིས་མཛེས་པར་བྱ།།
མདོ་སྔགས་ཐ་སྙད་རིག་པའི་གཞུང་རྣམས་སུ།།
རབ་གསལ་ལེགས་པའི་ལམ་དང་རྗེས་མཐུན་པ།།
ངོ་མཚར་ཉེ་རིང་བར་མའི་ས་ཡི་དཔྱད།།
མེས་པོ་ཚངས་པས་བསྒྲིགས་པ་བཞིན་དུ་བཀྲ།།
དཔལ་ལྡན་རྡོ་རྗེ་འཆང་གིས་རྒྱུད་སྡེ་བཞིར།།
ལྷ་དང་རླུང་གི་ཏིང་འཛིན་སྐྱོང་བའི་གནས།།
མཐའ་ཡས་གསུངས་པ་དེ་ལྟར་མཛངས་པའི་བློས།།
དཔྱད་ན་འཆར་བའི་རྣམ་འགྱུར་བརྗོད་ལས་འདས།།
རྗེ་བཙུན་མི་ཕམ་རྒྱལ་བའི་དབང་པོ་ཡིན།།
རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་བྱ་བའི་ཡུལ།།
ཁྱད་པར་མང་པོས་བརྗོད་པ་དེ་ཡི་དཔལ།།
ཚང་བ་ལས་ཀྱང་ལྷག་པའི་དོན་གྱིས་བརྗིད།།
དོན་དམ་སེམས་སྦྱོང་ནམ་མཁའི་རྣལ་འབྱོར་ཅན།།
ལྷ་མིའི་དྲང་སྲོང་གྲུབ་པ་མཆོག་རྣམས་དང་།།
བདེ་སྐྱོང་ཌཱ་ཀི་གསང་བའི་གནས་ཉུལ་མའི།།
རྡོ་རྗེའི་གླུ་དང་རྣམ་པ་དུ་མས་འབྱོར།།
ཕྱི་ནང་འབྱུང་བ་ཆེན་པོ་རྣམ་པ་ལྔར།།
མ་བུ་དགྲ་གྲོགས་རྟེན་འབྲེལ་ཟབ་མོའི་འཕྲུལ།།
སྤོར་ཐང་རྩིས་རིག་སྨྲ་བའི་ལུགས་ཀྱིས་ཀྱང་།།
འདི་ལ་ཆེ་བ་བརྗོད་ན་མུ་མ་མཆིས།།
གནས་ས་ཕྱོགས་ཀྱི་ཁོར་ཡུག་ཡངས་པ་ན།།
པདྨ་འཁོར་ལོ་བཀྲ་ཤིས་རྟགས་བརྒྱད་ཀྱི།།
སྣང་བ་རབ་འབྱམས་དད་པའི་སྐྱེ་བོ་ལ།།
སུ་ཡང་འཕྲལ་དུ་འཛུབ་རྩེ་སྒྲེང་བར་སྤོབས།།
རེ་སྐོང་དྲི་མེད་ནོར་བུ་པདྨ་ཅན།།
རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་གཏེར་ཆེན་པོ།།
འགྲོ་ལ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཅེས།།
ཀུན་ཏུ་གྲགས་པའི་གངས་ཅན་མགོན་པོའི་ཞིང་།།
དེ་ཕྱིར་བཅུ་གཅིག་ཞལ་དང་ཕྱག་བཞི་པ།།
ཁ་སརྤ་ཎི་ལ་སོགས་འཕགས་པའི་སྐུ།།
གང་འདུལ་སྤྲུལ་པའི་རོལ་བ་བསམ་མི་ཁྱབ།།
སྐལ་ལྡན་མིག་གི་འཇུག་པ་དོན་ཡོད་མཛོད།།
དེ་དག་ཕྱི་དང་ནང་དང་གསང་བའི་ཚུལ།།
རྣམ་པ་དུ་མར་དཔྱད་ན་མཁས་པ་དང་།།
དད་པ་ཅན་ལ་དགའ་བ་སྐྱེད་ནུས་མོད།།
འདི་ན་རྒྱ་ཆེར་སྤྲོ་བའི་ལོང་མ་མཆིས།།
སྣ་ཚོགས་མོས་པའི་རྗེས་སོང་རྒྱལ་བའི་བཀའ།།
གདམས་པར་ཤར་བའི་བཤད་སྒྲུབ་ཟླ་མེད་པས།།
འཛམ་གླིང་མཁས་པའི་སེམས་རྩེ་འགུགས་པ་དེའི།།
བསྟན་པའི་ཆུ་འགོ་རྭ་སྒྲེང་གཉིས་པར་འཁུམས།།
གངས་དཀར་ཤེལ་གྱི་མཆོད་རྟེན་རྨ་ཆེན་གངས།།
མཚོ་དམའ་གཡུ་ཡི་མཎྜ་ཁྲི་གཤོག་སྟེ།།
རི་མཐོ་གནམ་གྱི་ཀ་བ་ཤེལ་རི་སོགས།།
བུ་ཆོས་ལུང་བསྟན་བདེན་པའི་བདུད་རྩིར་འཁྱིལ།།
ད་དུང་གསེར་ལྷུན་ཐང་གི་རི་ཆུང་སོགས།།
དེ་ཚུལ་རྫོགས་པར་མཚོན་ལ་བདག་གི་བློ།།
གློག་དང་མཚུངས་པའི་རྩལ་གྱིས་སྙེམས་འགས་ཀྱང་།།
ཡི་གེ་མང་བས་འཇིགས་ནས་རེ་ཞིག་བཤོལ།།
སྣང་སྲིད་དག་པའི་འཁོར་ལོར་སྡོམ་མཛད་པ།།
མས་བརྟན་ལྷན་སྐྱེས་བདེ་བ་མཆོག་གི་རྩལ།།
རྣམ་ལྔའི་རྟེན་དང་བརྟེན་པར་འཁྲིགས་པ་ལས།།
དཔལ་གྱི་ཙ་རི་ཏྲ་དང་གཉིས་སུ་མེད།།
མདུན་ལ་རྨོངས་པས་རིང་པོར་མི་དཔྱོད་པར།།
རང་གི་གམ་ནས་གསང་མཐའི་ལམ་བཟང་ཚོལ།།
ཉེར་བཞིའི་ཌཱ་ཀི་སྙིང་པོའི་ཡོ་གི་ནཱིས།།
རྣལ་འབྱོར་སྐྱོང་བའི་དམ་བཅའ་ཅིའི་ཕྱིར་འདོར།།
གནས་འདིར་སྨྲ་བའི་པདྨ་འདབ་བརྒྱད་དུ།།
གྲོལ་བར་རེ་བའི་ཁུར་འཛིན་འགའ་ཞིག་གིས།།
འདུ་དང་ཉེ་བའི་འདུ་བའི་འདུ་བར་ཡང་།།
བློ་ཡི་རྩེ་མོ་འཕེན་ནམ་འཕྱང་མོ་ཉུག།
པདྨའི་མཚོ་ལས་པདྨའི་སྐུར་བཞེངས་ཏེ།།
དྲེགས་པའི་ཟིལ་གནོན་པདྨ་སམྦྷ་ཝས།།
བཀའ་བརྒྱད་གསང་བའི་དཀྱིལ་འཁོར་ཆེན་པོའི་ངང་།།
མ་རུངས་སྲེག་བྱེད་མངོན་སྤྱོད་མེ་ཡི་ཆར།།
དྲག་ཏུ་ཕབས་པས་གདུག་ཅན་བསྐྲད་པ་དང་།།
བྱིན་རླབས་ཉི་འོད་འབུམ་ཕྲག་བསྐྱིལ་བའི་མཐུས།།
ཆོས་མཛད་དམ་པའི་སྐྱེ་བོ་ཐར་པའི་སར།།
དོགས་པ་མེད་པར་བསྐྱོད་པའི་བཀའ་དྲིན་མཛད།།
ཀླུ་སྒྲུབ་སྐྱུ་རར་རོལ་བ་གྲུབ་པའི་དབང་།།
འབྲི་གུང་འཇིག་རྟེན་གསུམ་གྱི་མགོན་པོ་ཞེས།།
མཁའ་ལ་སྤྱོད་པའི་སློབ་འབངས་བརྒྱད་ཁྲི་ཅན།།
དེ་ཡི་ཞབས་ཀྱི་རི་མོ་གནས་འདིར་བྲིས།།
ཟབ་གསལ་མཉམ་ཉིད་དགོངས་པ་ཀློང་བརྡོལ་པས།།
རང་གཅེས་མཚན་འཛིན་སྣང་བར་བཅས་པའི་བདུད།།
ཡུལ་གྱི་ཐོག་ཏུ་གཅོད་པའི་རྣལ་འབྱོར་མ།།
ལབ་ཀྱི་སྒྲོན་མས་སྒྲུབ་པའི་སྒྲོན་མེ་སྦར།།
འཕགས་ཡུལ་པཎྜི་ཏ་ལ་རྒོལ་ནུས་པའི།།
སྨྲ་བའི་སེངྒེ་ཤེས་རབ་རལ་གྲིའི་སོ།།
ས་པཎ་ཆེན་པོ་ཀུན་དགའ་རྒྱལ་མཚན་ཡང་།།
འདི་རུ་བྱོན་ནས་བྱིན་གྱིས་བརླབས་པར་གྲགས།།
རིགས་གསུམ་གཅིག་བསྡུས་འཇམ་མགོན་བློ་བཟང་གྲགས།།
གངས་ལྗོངས་ཆོས་ཀྱི་རྒྱལ་པོར་གཤེགས་པའི་ཚེ།།
འདིར་བྱོན་བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།།
གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་ཞེས་གསུངས།།
རང་བྱུང་རྟེན་གྱིས་ཕྱུར་བུར་གཏམས་པ་དང་།།
དམ་པ་གོང་མའི་སྒྲུབ་གནས་ཁྱད་འཕགས་སོགས།།
ཕྱི་ནང་ཞིང་གི་བཀོད་པ་སྣ་ཚོགས་པར།།
དགྱེས་གཟིགས་བྱིན་རླབས་བདུད་རྩིའི་གྲུ་ཆར་བསྙིལ།།
བས་མཐར་འཇིགས་མེད་སྤོས་ཀྱི་གླང་པོའི་བློས།།
བུད་བསྙེགས་ཐོབ་གསུམ་གསང་བའི་རྣལ་འབྱོར་ཅན།།
མདོ་སྨད་མུན་གླིང་དཀར་པོར་བསྒྱུར་བའི་མགོན།།
སྐལ་ལྡན་རྒྱ་མཚོས་གནས་འདིའི་གཟི་བྱིན་བསྐྱེད།།
ཞི་དུལ་བག་ཡོད་ལི་ཁྲིའི་འཁྲི་ཤིང་གིས།།
རི་དང་རི་སུལ་དཀྲིགས་པའི་གསེར་ཁང་པ།།
བློ་བཟང་བསྟན་འཛིན་བློ་བཟང་རྒྱལ་བའི་དཔེ།།
སློབ་མར་བཅས་པས་བསྟན་པའི་རྒྱ་མཚོ་བསྐྱིལ།།
ངེས་དོན་དམ་པའི་སྐྱེས་བུ་པདྨའི་ལྗོན།།
ཚོགས་དྲུག་རང་སར་གྲོལ་བའི་ཞབས་དཀར་པ།།
རྟོགས་ལྡན་གངས་ཀྱི་སེངྒེ་དེ་ཡིས་ཀྱང་།།
སྔ་འགྱུར་རིག་སྟོང་ཏིང་འཛིན་ཡུན་རིང་བསྐྱངས།།
ཤར་གྱིས་དོར་ཞིང་ཁྲིས་ཀྱང་མ་བཀུར་མོད།།
གཉིས་ཀ་དྲིལ་ལས་ཆེས་ཆེར་འཕགས་པ་ཡི།།
གྲགས་པ་རྒྱ་མཚོས་འཛིན་མའི་དཀྱིལ་འཁོར་ཁྱབ།།
རྒྱལ་མཚན་སེངྒེ་བདེན་པ་མིན་ནོ་ལོ།།
བློ་གྲོས་བཟང་པོས་འགྲོ་བའི་སྡུག་བསྔལ་གཟིགས།།
ལུང་དང་རིགས་པས་ལམ་འབྲས་གཏན་ལ་ཕབས།།
རྒྱ་ཆེན་སྤྱོད་པས་སྲིད་པའི་མཚོ་ལས་བརྒལ།།
བློ་བཟང་ལུང་རིགས་རྒྱ་མཚོ་འདིར་བྱོན་ཚེ།།
གནས་སྒོར་བཅོམ་ལྡན་ཀླུ་དབང་རྒྱལ་པོ་དང་།།
ཙ་རིའི་ཕུག་ཏུ་འཕགས་པ་བཅུ་གཅིག་ཞལ།།
གཞན་དུ་སེམས་དཔའི་འཁོར་གྱིས་བསྐོར་བ་ཡི།།
ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་།།
སྟོབས་ཆེན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སོགས།།
ངོ་མཚར་དག་པའི་གཟིགས་སྣང་བསམ་ལས་འདས།།
འདི་དུས་སྐུ་ཡི་ན་ཚོད་ཆེས་ཕྲ་བས།།
དད་པའི་འོ་མ་མི་འཕྱུར་རང་དབང་ཅི།།
ཁྱད་པར་སྨེ་བ་བརྩེགས་པའི་གྲུབ་ཆུའི་སར།།
གསལ་འཚེར་འཇའ་ཚོན་ཁ་དོག་རྣམ་པ་ལྔའི།།
འོད་ཀྱི་ཕྲེང་བ་བལྟ་བས་མི་ངོམས་པ།།
ལེགས་སོ་འབུལ་བའི་ཚུལ་གྱིས་སྤྱན་སྔར་བྱུང་།།
དེ་ནི་རང་གི་མཛད་སྤྱོད་རྣམ་དག་ལ།།
ལྷ་སྲུང་དགྱེས་པའི་མཚན་མ་ཡིན་ལགས་མོད།།
མ་འོངས་བསྟན་དང་འགྲོ་ལ་དཔལ་སྟེར་བའི།།
རྟེན་འབྲེལ་ཟབ་མོའི་དོན་ཡང་འདི་ལྟར་འཆར།།
སྡོམ་གསུམ་རྣམ་པར་དག་པའི་ཤེས་རྒྱུད་ལ།།
བཀའ་པོད་རྣམ་ལྔའི་ཐོས་བསམ་འཁྲུལ་བྲལ་དང་།།
དེ་དོན་ལམ་ལྔའི་ཉམས་ལེན་འཕེལ་འགྱུར་ཞིང་།།
ཁ་དོག་ལྔ་ལྡན་ཤིན་ཏུ་ཕྲ་བའི་རླུང་།།
ལམ་གྱི་རིམ་ལྔས་གོང་དུ་ཁྲིད་པ་ལས།།
འབྲས་བུའི་རིགས་ལྔ་མཇལ་བ་མང་པོ་ཞིག།
འབྱུང་བར་འགྱུར་ཞེས་བསྐུལ་བའི་བརྡ་རུ་སེམས།།
ད་ལྟ་མཐོང་བའི་འབྲས་བུའི་རྟགས་ལས་སོ།།
འོད་ཕྲེང་གྲུབ་ཆུའི་ས་རུ་ཤར་བ་དང་།།
ཆོས་རྒྱལ་འཇིགས་ཟིལ་གཞན་དང་མི་མཉམ་པས།།
རྟག་ཏུ་སྲུང་སྐྱོབ་གཡེལ་བ་མེད་དོ་ཞེས།།
གསུང་གི་བདུད་རྩི་སྩལ་བར་སོམ་ཉིས་དབེན།།
ཟད་པར་ཟིལ་གནོན་ཏིང་འཛིན་རྩལ་རྫོགས་ཤིང་།།
ཟུང་འཇུག་གྲུབ་པའི་དཔའ་བོ་ཁྲི་ཕྲག་གི།
འཕྲོ་འདུ་མི་ཟད་དབྱར་གྱི་སྤྲིན་འདྲ་བས།།
འདི་ན་རང་བྱོན་སྣང་བ་དཔག་ཏུ་མེད།།
ཕྱི་ནང་གནས་མཆོག་ཉེར་བཞིའི་ཌཱ་ཀིའི་ཚོགས།།
འཇའ་ཟེར་འཁྲིགས་པ་ལྟ་བུར་རོལ་བའི་ཡུལ།།
ས་སྤྱོད་གསང་བའི་ཕུག་པ་རིང་པོ་དང་།།
དམ་པའི་སྒྲུབ་གནས་མཐོང་གྲོལ་མང་པོས་བརྒྱན།།
རིས་མེད་མཁས་དང་གྲུབ་པའི་དག་སྣང་ལ།།
མཐོ་རིས་ལ་ཞེས་གྲགས་པ་དོན་ལྡན་ཡོད།།
སྨྲ་བའི་ཁྱུ་མཆོག་འཇམ་མགོན་ཆོས་ཀྱི་རྗེ།།
གང་གི་རྩེ་མོར་དགྱེས་པར་བྱོན་པ་དང་།།
བཀྲ་ཤིས་ཀུན་གྱི་བཀྲ་ཤིས་ཞེས་གསུངས་པ།།
ལྷང་ངེར་མཉམ་པས་བཀྲ་ཤིས་ལ་ཞེས་བཏགས།།
སྟོབས་བཅུའི་སྐྱེད་ཡུམ་ཨཱརྱ་ཏཱ་རེ་མ།།
དཀར་ནག་དགེ་སྡིག་ཤན་འབྱེད་ཆོས་ཀྱི་རྒྱལ།།
ཟབ་གསང་སྤྲུལ་པའི་བསྟོད་དབྱངས་དམིགས་བརྩེ་མའི།།
རི་གསུམ་རེ་རེའི་ཆེ་བའང་འདིར་མི་ཤོང་།།
རྒྱབ་རི་མཐོ་བས་མི་མཐུན་ཟིལ་གྱིས་གནོན།།
གསང་བརྗིད་གཡོ་མེད་ལྟ་སྒོམ་སྤྱོད་པ་དག།
མདུན་རི་སྒྲོལ་མས་ལས་བཞི་ལྷུན་གྱིས་གྲུབ།།
མཎྜལ་དང་མཚུངས་མཁོ་རྒུའི་ལོངས་སྤྱོད་འཕེལ།།
གཡས་རི་སྨན་གྱི་གཙོ་བོས་ནད་ཀུན་སེལ།།
ནང་དུ་བཏུད་པས་སྦྱིན་པའི་བདག་པོ་སྡུད།།
གཡོན་རི་རྒྱས་པས་མདོ་རྒྱུད་འཆད་ཉན་དགེ།
མཐའ་བརྟན་རྩེ་ཟོར་བསླབ་གསུམ་རྣམ་གཞག་མང་།།
དུས་བཞིར་དུས་ཀྱི་ཁྱད་པར་ཕུན་ཚོགས་པས།།
ཕྱི་ནང་འབྱུང་བ་ཆ་སྙོམས་བདེ་བའི་ཕུལ།།
གཡུ་ཡི་ཁུ་བ་ལན་བརྒྱར་འཐུངས་པ་ཡི།།
རི་ཀླུང་སྤང་ལྗོངས་སྐྱིད་པའི་དོ་ར་ན།།
སྨན་གྱི་མེ་ཏོག་སྣ་ཚོགས་འཛུམ་གྲོལ་ཞིང་།།
ཟེའུ་འབྲུ་འདབ་མའི་ཚོན་རིས་འབུམ་བཀྲ་བ།།
ཕན་ཚུན་མཚར་སྡུག་ལྟ་བའི་གར་ལ་བྲེལ།།
དྲི་ཞིམ་ལྷ་ཡི་སྤོས་ཀྱིས་རྒྱལ་བ་མཆོད།།
ཐིག་ལེ་དྲུག་པའི་བུ་མོ་མགྲོན་དུ་འབོད།།
སྙན་པའི་གླུ་དབྱངས་དྲི་ཟའི་ཁེངས་པར་རྒོལ།།
མཁའ་སྤྱོད་མཁའ་ལས་འཕུར་ལྡིང་ཡིད་འོང་བས།།
རང་རང་ལུགས་ཀྱི་མགྲིན་པའི་དྲིལ་འཁྲོལ་ཞིང་།།
ཆོས་ཀྱི་སྡོམ་དང་སྲིད་ལ་སྐྱོ་བའི་གཏམ།།
རྣམ་པ་དུ་མར་བསྒྲགས་ནས་གཙང་བའི་སར།།
སྡིག་པས་དག་པའི་ཟས་ལ་སྤྱོད་བཞིན་དུ།།
འཁོར་འདས་སྐྱོན་ཡོན་བདེ་སྡུག་བླང་དོར་ལ།།
དྲན་པ་མ་གཡེང་མེལ་ཚེ་རྣོན་པོའི་མིག།
འདི་ལྟར་དགོས་ཞེས་བྱས་བྱ་ར་བྱེད་པ་མཚོན།།
དྲང་སྲོང་ལྷུང་བའི་དཔེ་ལྟར་རི་དྭགས་རྣམས།།
བུས་པ་གཞོན་ནུས་རང་གི་མ་ལ་བཞིན།།
ཡ་ང་བག་ཚའི་དྲི་ཡང་རིང་བཏང་ནས།།
སྒང་གཤོངས་འདོད་པའི་གནས་སུ་འདོད་རྒུར་འཚོ།།
ཕན་ཚུན་མཛའ་བ་ནམ་ཡང་མི་ལྷོད་པས།།
ང་ཁྱོད་མེད་པའི་བཟའ་བཏུང་སྣ་ཚོགས་པར།།
འདེམ་པས་སྤྱོད་ཀྱང་འདོད་ཆུང་ཆོག་ཤེས་ལྡན།།
རེས་འགའ་བདེ་བའི་མལ་དུ་བསམ་གཏན་བྱེད།།
འཕྲལ་དང་ཡུན་གྱི་འདུན་མར་སོ་སོར་རྟོག།
ཕལ་ཆེར་རྩལ་གྱི་རྩེ་འཇོ་མཚར་དུ་འགྲེམ།།
དགེ་བའི་དབུ་འཕང་བསྟོད་ཕྱིར་གྱེན་ལ་འཕྱོ།།
ཐད་མཆོང་ཐུར་རྒྱུག་བལྟ་བས་ཆོག་མི་ཤེས།།
ཀྱེ་མ་འགྲོ་བའི་གཙོ་བོ་རྐང་གཉིས་པ།།
སྙིགས་དུས་ཚེ་ཐུང་ནམ་འཆི་ཆ་མེད་འདིར།།
གཤེད་མས་གཤེད་མ་མཐོང་བ་ཇི་བཞིན་དུ།།
འཐབ་རྩོད་འཁོན་འཛིངས་མ་བྱེད་ངོ་རེ་གནོང་།།
མི་བློ་རང་དགར་གློད་པས་ངེད་ཀྱི་རིགས།།
གཅིག་ལ་གཅིག་ཟའི་ཚིག་གིས་སྨོད་ན་ཡང་།།
འདི་ལྟར་ལགས་ཞེས་ཕན་ཚུན་བརྩེ་ཉམས་ཀྱིས།།
ཁོང་རྒོད་ཅ་ཅོའི་ངག་གི་ཤགས་ཀྱང་འདེབས།།
གནས་འདིར་རི་བོ་ཆེ་ཆུང་ཅི་འདྲ་ཡང་།།
གཞན་ན་མེད་པའི་མིག་གི་བདུད་རྩི་སྟེ།།
མཐོང་བ་ཙམ་གྱིས་ལོག་པའི་སྣང་བ་སྒྱུར།།
དད་པའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཡིན།།
རྒྱལ་བ་ཏིལ་གྱི་གང་བུའི་གཞལ་མེད་ཁང་།།
ཁྱད་པར་བཅོམ་ལྡན་འཁོར་ལོ་སྡོམ་པ་དང་།།
ཕྱག་ན་པདྨོའི་ཞིང་དུ་སོམ་ཉི་བྲལ།།
རྣམ་དཔྱོད་མེ་ལོང་མངའ་བ་སུ་མི་གུས།།
རྡུལ་ཕྲན་མཐོན་པོར་བརྩེགས་པ་འདི་དག་ཀུན།།
ཆོས་དང་སྲིད་ཀྱི་བླང་དོར་གང་ལ་ཡང་།།
བརྟན་བརླིང་བློ་གྲོས་རིགས་པའི་ཟུར་མང་བས།།
དཔྱད་ན་གནད་དུ་སྨིན་ཞེས་འདོམས་པས་བྲེལ།།
ཤེལ་རི་རྩ་བ་གཅིག་ལ་རྩེ་མོ་གསུམ།།
ནང་གི་དག་པ་སྦྱར་ན་མཐའ་དང་བྲལ།།
ཕྱི་དབྱིབས་བྱང་ཆུབ་གསུམ་པོ་གང་བཞེད་ཀྱང་།།
ཡང་དག་ལྟ་བ་དགོས་པར་སྨྲ་དང་མཚུངས།།
བསྟེན་ན་བྱིན་རླབས་རྒྱུན་མི་འཆད་པའི་བརྡར།།
ཡིད་འོང་གྲུབ་ཆུ་དུ་མ་ལྷུག་ལྷུག་འབབ།།
ལྷ་ཤིང་ཤུག་པ་གཡུ་ཡི་གོས་བཟང་ཅན།།
དུས་བཞིར་མཛེས་སྡུག་འགྱུར་བ་མ་མཆིས་པས།།
སྐྱེ་བོ་རྣམས་ཀྱི་ཡི་ག་ཅི་ཡང་འཛིན།།
ལྗོན་པའི་རྒྱལ་པོ་ཀུན་བཟང་མཆོད་པའི་སྤྲིན།།
སྐྱེ་གནས་གཙང་བའི་ས་དང་མཐོ་བའི་སར།།
སྐྱེས་པའི་ཚུལ་དང་རྒྱས་པའི་དཔལ་ཡོན་གྱིས།།
སྐལ་ལྡན་མང་པོ་དད་པའི་ལམ་ལ་འདྲེན།།
རྭ་སྒྲེང་ལས་ཀྱང་ལྷག་པའི་ཁྱད་ཆོས་མཚར།།
ནམ་ཡང་མི་འགྱུར་གཙང་མའི་ལྟ་སྒོམ་སྤྱོད།།
གཞན་དང་མི་མཉམ་གཟི་བྱིན་ལྷང་ལྷང་དུ།།
སྒྲུབ་པར་འདོད་ན་ང་ལ་ལྟོས་ཤིག་ཅེས།།
བསྐུལ་བའི་དངོས་པོར་ཚངས་པས་སྤྲོས་སམ་སྙམ།།
མདུན་ན་ཆུ་བོ་གཡུ་འབྲུག་སྔོན་མོའི་ཚུལ།།
མཆོད་སྦྱིན་མི་ཟད་ནམ་མཁའ་མཛོད་ཀྱི་སྒོ།།
ཡངས་པོར་ཕྱེས་ནས་ལེ་ལོར་མི་གཡེང་བར།།
དག་བྱེད་ཟབ་མོའི་རང་སྒྲ་སྒྲོག་བཞིན་དུ།།
རྨ་ཀླུང་ཆེན་པོའི་གྲོགས་སུ་སྤྲོ་བས་འཇུག།
གནས་འདིའི་ལྷ་སྲུང་ཞི་ཁྲོ་ཀུན་བགྲོས་ཏེ།།
དྲི་བྲལ་འོད་ཕྲེང་ཕུལ་ནས་བསྐུལ་བ་བཞིན།།
བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས།།
བདེ་ཆེན་ཆོས་རྫོང་འཛིན་མའི་རྒྱན་དུ་བསྐྲུན།།
བློ་ལྡན་སྐལ་བཟང་སྐྱོང་བའི་མགོན་པོ་འདིས།།
ལུང་དང་རྟོགས་པ་བཤད་སྒྲུབ་ཟུང་འབྲེལ་དུ།།
བདེར་གཤེགས་བསྟན་པའི་རྒྱལ་མཚན་ཅི་ཡང་བསྒྲེངས།།
གཟུར་གནས་གཙུག་གི་ནོར་བུར་མཆོད་པའི་རིགས།།
ཇིར་དགེ་དཔོན་པོ་མ་ལ་ཡ་ཡི་རླུང་།།
དད་པའི་དྲི་བསུང་རྒྱན་དུ་འཐུལ་བ་དེས།།
ས་གཞི་ཕུལ་བའང་འབྲོམ་གྱི་རྭ་སྒྲེང་དང་།།
སྦྱར་ན་ཀུན་ནས་འབྱོར་བར་ཁོ་བས་སེམས།།
ས་ཡི་དམིགས་གནད་ཚོལ་ཚེ་ད་ལྟའི་ཐད།།
འཛུམ་གྲོལ་གངས་རིའི་མགོན་པོ་ཕྱག་བཞི་པ།།
གསལ་བར་གཟིགས་པས་ལྷུན་གྲུབ་ཆོས་ཀྱི་རྫོང་།།
གསེར་གྱི་གཞོང་བར་ནོར་བུ་སྤུངས་དང་མཚུངས།།
དེ་ལྟར་སྤྱན་རས་གཟིགས་ཀྱིས་མཚོན་པའི་ས།།
སྤྱན་རས་གཟིགས་ཀྱིས་བདག་ཏུ་བཟུང་བའི་གཞིར།།
དགེ་ལྡན་ལུགས་བཟང་བདུད་རྩིའི་རྒྱ་མཚོ་འཕྱུར།།
བློ་གསལ་ངང་བའི་ཁྱུ་ཚོགས་རྩེན་པར་རིགས།།
བཀའ་པོད་རྣམ་ལྔའི་ལུས་ཀྱི་འདེགས་བྱེད་དུ།།
ཐོས་བརྩོན་རླུང་གི་གཤོག་པའི་རྩལ་རྫོགས་ཤིང་།།
ལུང་རིགས་སྙན་རྒུར་སྒྲོག་པའི་མགྲིན་པ་ཅན།།
གསར་བྱུང་འཁོར་ལོའི་ལག་ལྡན་འདི་ན་མང་།།
ཐུན་མོང་ལམ་ནས་གསང་བའི་སྒོར་ཞུགས་ཤིང་།།
དབང་དོན་ཏིང་འཛིན་ཟབ་མོའི་ཟིལ་འབར་བས།།
དག་པ་རབ་འབྱམས་བདེ་སྟོང་ནོར་བུའི་གཏེར།།
རྡོ་རྗེ་ཐེག་པའི་བསྟན་འཛིན་དམ་པས་གང་།།
ལུང་གི་བསྟན་པ་གཞན་ལ་སྨྲ་བ་དང་།།
རྟོགས་པའི་བསྟན་པ་རང་གིས་སྒྲུབ་པ་ཡི།།
སྐྱེས་མཆོག་རྒྱལ་བ་དགྱེས་པ་འབྱོན་བཞུད་ཀྱིས།།
བྱ་རྒོད་ཕུང་པོའི་རི་བོ་ལྟ་བུར་མཛེས།།
མདོར་ན་མཆོག་གི་སྐུ་དང་གསུང་གི་རྟེན།།
རང་བྱོན་འདི་འདྲ་སྔོན་ཆད་ཐོས་པའང་མེད།།
དེ་ཕྱིར་བསྟོད་པའི་མཆོག་འདིས་བསྟོད་པ་ཡང་།།
མཚར་བ་རབ་རྫོགས་བློ་ཡི་སྟོབས་ལས་འོངས།།
འབྱོར་ལྡན་འབྱོར་བས་མཆོད་སྦྱིན་བསོད་ནམས་སྤེལ།།
བློ་ལྡན་བློ་ཡིས་ཐོས་བསམ་སྒོམ་གསུམ་མཛོད།།
དད་ལྡན་དད་པའི་ཕྱག་དང་བསྐོར་བ་གྱིས།།
ཞིང་གི་མཐུ་ལས་དལ་བ་དོན་ལྡན་འཚལ།།
འདིར་འབད་དགེ་བ་གངས་རིའི་རྩེ་མོ་ལ།།
བཅོ་ལྔའི་ཟླ་འོད་བྱེ་བ་ལྷུང་འདྲ་བས།།
རིས་མེད་ཆོས་ཚུལ་ཕྱོགས་བརྒྱར་རྒྱས་པ་དང་།།
མཁའ་ཁྱབ་སྐྱེ་རྒུ་སྐྱིད་པས་འཚོ་གྱུར་ཅིག།
བློ་གྲོས་བཟང་པོའི་རང་མདངས་མཚན་དཔེའི་སྐུ།།
ལུང་དང་རྟོགས་པའི་སྣང་བྱེད་དྲུག་ཅུའི་གསུང་།།
བསྟན་དང་སྟོན་པའི་གསང་བ་གསལ་བའི་ཐུགས།།
རྒྱལ་བའི་མཚན་མས་བདུད་སྡེ་གནོན་པར་སྨོན།།
ཚུལ་གནས་ཐོས་བསམ་ཡོན་ཏན་མཆོག་གི་གཏེར།།
གཏིང་མཐའ་མི་མངོན་སྟོབས་སུ་དར་བ་དང་།།
ཕྲ་ཞིབ་རྣམ་དཔྱོད་འཆད་རྩོད་རྩོམ་པའི་རླབས།།
ཟབ་རྒྱས་གཞུང་གི་གར་ལ་རོལ་བའི་གླིང་།།
འདི་འཛིན་འདུས་པའི་མཛའ་བའི་མི་ཕྱེད་ཅིང་།།
ཚེ་རིང་ནད་མེད་བཤད་སྒྲུབ་ཆོས་སྤྱོད་འཕེལ།།
མཆོད་བྱ་མཆོད་བྱེད་མཆོག་ཏུ་དར་བ་ཡིས།།
དཔལ་ལྡན་བླ་མའི་བཞེད་དགོངས་འགྲུབ་གྱུར་ཅིག།

                   ཅེས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་དང་འཕགས་པ་འཇིགས་རྟེན་དབང་ཕྱུག་གི་གནས་མཆོག་ཁྱད་པར་ཅན་བྲག་དཀར་སྤྲེལ་རྫོང་ལ་བསྟོད་པའི་རབ་ཏུ་བྱེད་པ་ཆོས་དུང་གཡས་སུ་འཁྱིལ་བའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི།ངོ་མཚར་སྤྲུལ་པའི་ཕོ་བྲང་འདི་ཉིད་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ལོ་རྒྱུས་རྣམ་པར་དག་པའི་ལུང་གིས་ཟིན་ཅིང་།སྐྱེས་པའི་རབས་ཀྱི་ཕྲེང་བ་དུ་མར་གཞན་དོན་འབབ་ཞིག་ལྷུར་བླངས་པའི་བདག་ཉིད་ཆེན་པོ་ཨ་རོལ་རིན་པོ་ཆེའི་ཞལ་སྔ་ནས་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ལྷ་རྫས་དང་བཅས་གསུང་ནན་ཆེན་པོས་བསྐུལ་བའི་ངོར།ཤཱཀྱའི་དགེ་སྦྱོང་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་སུ་འབོད་པས།འདི་སྐོར་གྱི་ཡིག་རིགས་འགའ་ཞིག་མིག་ལམ་དུ་སོན་པ་ལ་རྣམ་པར་དཔྱད་དེ་རབ་བྱུང་བཅུ་དྲུག་པའི་བགྲང་བྱའི་ཉག་མ་བཅུ་དགུ་པ་ཤིང་བྱ་ཟླ་བ་བཅུ་གཉིས་པའི་ཡར་ངོའི་རྒྱལ་བ་གཉིས་པའི་ཚེས་བཟང་པོར་སྦྱར་བ་སིདྡྷི་རསྟུ།། །།
འབྲེལ་ཡོད་འོས་སྦྱོར།