logo

༄༅། །བ་རི་ལོ་ཙཱ་བ་ནས་བརྒྱུད་པའི་རིག་བྱེད་མའི་ལོ་རྒྱུས་བཞུགས་སོ། །

རྩོམ་པ་པོ།:གུང་ཐང་དཀོན་མཆོག་བསྟན་པའི་སྒྲོ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-08-14 ཀློག་གྲངས།:
       ༄༅། །དགེ་ལེགས་ཡོངས་འདུའི་དགའ་ཚལ་ཡངས་པ་ན། །བྱུ་རུའི་འཁྲི་ཤིང་དཔལ་གྱི་འཇོ་སྒེག་ཅན། །དཔག་བསམ་འདོད་པ་འཇོ་བའི་ཡིད་བཞིན་ནོར། །རྒྱལ་ཡུམ་རིག་བྱེད་དབང་མོས་འགྲོ་འདི་སྐྱོངས། །ཁྱོད་མཚན་དྲི་ཡི་གོས་ཅན་བཟུང་ཙམ་གྱིས། །མི་བཟད་རྒུད་པའི་སྦྲུལ་གདུག་མཐར་བྱེད་ན། །ངོ་མཚར་རྣ་བའི་བཅུད་ལེན་གྲུབ་པ་ཡིས། །དངོས་གྲུབ་དགའ་སྟོན་རྒྱས་པ་སྨོས་ཅི་འཚལ། །མཐུན་པའི་དྲི་བཞོན་གཡོ་བའི་རྗེས་འགྲོ་ཡང་། །དུས་ལས་མི་ཡོལ་རྒྱ་མཚོའི་རྦ་རླབས་བཞིན། །འགོག་མེད་རྒྱལ་བ་རྣམས་ཀྱི་འཕྲིན་ལས་ཀྱང་། །གདུལ་བྱའི་བསོད་ནམས་མཐུ་དང་ལྷན་ཅིག་སྤྱོད། །སྔོན་ཚེ་འཛམ་གླིང་འཛིན་མའི་ཐིག་ལེ་མཆོག །སྐྱེ་བོ་བློ་ལྡན་སྐལ་བ་བཟང་པོའི་ས། །གྲོང་ཁྱེར་འདབ་མ་དྲུག་ལྡན་རྒྱ་གར་ཡུལ། །ཆོས་སྲིད་དྲི་བཟང་རྫོགས་པའི་སྐྱེད་ཚལ་ན། །གྲགས་པ་ཕྱོགས་ཀྱི་རྣ་བའི་རྒྱན་གྱུར་མི་བདག་ལྷན་སྐྱེས་རོལ་པ་ཞེས། །བསོད་ནམས་བརྒྱ་པའི་གཟི་བྱིན་འཇིག་རྟེན་མེས་པོའི་བློ་དང་ལྷན་ཅིག་པས། །འཇུག་པ་རྣམ་བཅུའི་དཔུང་གིས་རྒྱལ་ཕྲན་བྱེ་བའི་ཟུར་ཕུད་འདབ་མ་ལ། །ནོར་བུའི་རྐང་གདུབ་སིལ་སིལ་སྒྲ་ལྡན་བུང་བས་ཉེ་བར་རྩེན་པ་བྱུང་། །དགའ་བ་བརྒྱ་པའི་དྲུང་ན་དཔལ་མོ་འམ། །བདེ་འབྱུང་མདུན་སར་གངས་རིའི་བུ་མོ་བཞིན། །དེ་ཡི་བཙུན་མོ་གནང་ཆེན་ཟླ་བཞིན་མ། །ཡངས་པའི་རྒྱལ་སྲིད་སྐྱོང་བའི་གྲོགས་སུ་ཐོབ། །འོན་ཀྱང་ལན་ཚྭའི་ཆུ་བོ་འཐུང་ཞིང་སྐོམ། །ནགས་ཀྱི་མེ་ལྕེ་འབར་ཞིང་མཆེད་པ་ལྟར། །འདོད་ལྡན་འདོད་པའི་ཡུལ་གྱིས་མི་ངོམས་པས། །མཛེས་སྡུག་བུ་མོ་གཞན་ཡང་ཁབ་ཏུ་བསུས། །མེ་ཏོག་ཕྲེང་མཛེས་སྔ་མ་མ་སྙིགས་ཀྱང་། །གསར་བ་གསར་བའི་རྒྱན་གྱིས་མགུ་བ་བཞིན། །རྒྱལ་བུ་དགའ་བའི་ཡིད་ཀྱི་ཤིང་རྟ་ཡང་། །སྨིན་ལེགས་ན་ཆུང་གསར་བའི་ཕྱོགས་སུ་ལྷུང་། །དགེ་མ་ཆགས་བྲལ་དྲག་པོའི་དཀའ་ཐུབ་ལ། །ནན་གྱིས་སྦྱོར་བའི་ཐུབ་པ་ཇི་བཞིན་དུ། །མི་དབང་འདོད་པའི་ཟླ་བ་ཆུ་ཤེལ་ལས། །གནང་ཆེན་བཙུན་མོ་གདུང་བའི་མེ་ཆར་སྤྲོས། །དེས་ཀྱང་ཀྱེ་མ་ཆུན་མའི་མིང་ཅན་དྲང་སྲོང་དམོད་པའི་མ་མོ་འདི། །རྣ་བའི་རྗེས་སྐྱེས་རྭ་རྩེ་ཇི་བཞིན་བདག་གི་གོང་དུ་བརྒལ་ལོ་སྙམ། །ཡིད་ལ་ཟུག་རྔུའི་ཀུན་རྟོག་པིར་གྱིས་ཡང་ཡང་བྲིས་པའི་མཚན་མ་ལྟར། །རབ་དཀར་ཟླ་བ་རྒྱས་པའི་བཞིན་ལ་ནག་ནོག་ར་རིའི་དྲི་མ་ཆགས། །དེ་ཚེ་དེ་ལ་འབངས་མོ་བློ་ལྡན་མས། །བུ་མོ་འདི་ནི་གནོད་ལ་ཁྱབ་བདག་མིན། །ཉིད་ཀྱི་བདེ་དང་མི་བདེའི་གནས་སྐབས་ལ། །དབང་སྒྱུར་རྒྱལ་པོ་དབང་དུ་སྡུད་པར་འོས། །མི་མིན་རྒྱུ་བ་འདྲེ་ཡི་ཚོང་འདུས་ན། །དེ་ལྟའི་རིགས་སྔགས་ཤེས་པ་ཡོད་དམ་སྙམ། །གདུང་བའི་ཡིད་ཀྱིས་ཕོངས་པ་མི་སེལ་བས། །བརྟན་པ་སྐྱེད་ཅིག་བདག་ནི་དེར་འགྲོ་ཞེས། །སྨྲས་ཏེ་ཚོང་འདུས་སྲང་དུ་ཕྱིན་པ་ན། །མིག་ཡངས་བུ་མོ་ཅུང་ཟད་བཞིན་འཛུམ་ཞིང་། །ལུས་ཀྱི་ཤ་རྒྱས་ཤིན་ཏུ་བརྗིད་བག་ཅན། །རས་བཟང་དམར་པོའི་ཨང་རག་ལུས་ལ་བགོས། །གཡས་ན་སེང་ལྡེང་དམར་པོའི་ཉག་ཕྲན་གསོར། །གཡོན་པ་འོད་མའི་གཞུ་ལ་རྟེན་བྱེད་པ། །པདྨ་མཁའ་འགྲོའི་མཚན་དང་ལྡན་པ་ཞིག།མཐོང་སྟེ་གཏམ་གྱི་གོ་སྐབས་གླེང་བ་ན། །འདོད་པའི་གདམས་པ་ཡོད་པར་ཡིད་ཆེས་ཏེ། །རེ་བའི་གཏམ་སྙན་བདག་མོར་གསོལ་བ་ཡིས། །མངོན་དགའ་རྒྱས་པའི་མོད་ལ་རིག་འཛིན་མ། །ཕོ་བྲང་ཁབ་ཏུ་ཉེ་བར་སྤྱན་དྲངས་ཏེ། །ཆེན་པོ་ལ་འོས་བཀུར་སྟིས་རབ་མཆོད་ཅིང་། །ནང་གི་རང་བཞིན་གསལ་བའི་གདུང་ཤུགས་ཀྱིས། །ས་ཡི་དབང་ཕྱུག་དབང་བྱེད་ཆོ་ག་ནི། །ཡང་དག་མཛོད་ཅེས་ནན་ཏན་ཆེན་པོས་གསོལ། །དེ་ཡིས་རིག་སྔགས་འགའ་ཙམ་བཏབ་པ་ཡིས། །འབྲས་ཆན་ཤ་ཁ་ར་དང་བཅས་པ་ཞིག།གཏད་དེ་འདི་ནི་རྒྱལ་པོར་སྦྱིན་མཛོད་དང་། །ཇི་ལྟར་འདོད་བཞིན་འགྲུབ་ཅེས་དེ་ལ་གདམས། །འཕྲལ་ལ་ཆགས་པས་དྲངས་ཀྱང་མཉེས་གཤིན་གྱི། །གཞུང་བཟང་མ་དོར་དེ་ཡིས་རྒྱལ་པོའི་སྐུར། །གནོད་ཀྱི་དོགས་པས་ཟངས་ཀྱི་སྒྲོམ་བུ་རུ། །བཅུག་ནས་ཕོ་བྲང་ཉེ་བའི་མཚོ་ལ་བསྐྱུར། །དེར་གནས་ཀླུ་ཡི་རྒྱལ་པོ་རྒྱ་མཚོ་སྐྱོང་། །ལས་ཀྱིས་བསྐུལ་བས་བཟའ་བ་དེ་མཐོང་ཞིང་། །སྲེད་པས་བསྐུལ་བས་ཉེ་བར་ལོངས་སྤྱད་ཚེ། །སྔགས་ཀྱིས་བསྐུལ་བས་མི་ཡུལ་བགྲོད་སྙིང་འདོད། །དེ་ཡི་སྲོད་ནས་གདེངས་ཅན་བདག་པོ་མི་དབང་གཟུགས་སུ་རོལ་བ་ཡིས། །མཚན་རེ་བཞིན་དུ་ཉེ་བར་བཏུད་ཅིང་དགའ་བའི་དངོས་པོ་ཀུན་གྱིས་བསྟབས། །དེས་ཀྱང་རང་གི་བདག་པོར་འཁྲུལ་བའི་རྩེ་དགའ་ཉམས་སུ་མྱོང་བ་ལས། །དགའ་དང་སྡུག་བསྔལ་བརྒྱ་ཡི་སྣོད་གྱུར་སྲིད་པ་སྐྱེ་བའི་མངལ་ཁུར་བཟུང་། །དེ་ཚེ་ཁྱབ་འཇུག་ཁྲོས་པའི་ང་རོ་ཅན། །སྨིན་འཁྱོག་གཡོ་ལྡན་གཏུམ་དྲག་རྒྱལ་པོ་ཡིས། །རྣམ་པ་དུ་མར་བསྡིགས་ཤིང་རྒྱུས་མེད་པའི། །ནལ་བུ་རིགས་གཉིས་སུན་འབྱིན་འདི་ནི་ཅི། །འབངས་ཀྱི་ཕུན་ཚོགས་རྒྱལ་པོ་ལ་གནས་ཤིང་། །རྒྱལ་པོའི་དཔལ་ནི་གཙང་མའི་རིགས་ལ་ལྟོས། །ཕུན་ཚོགས་མ་ལུས་འཇོམས་པའི་ཕྲ་མེན་མ། །འདི་ནི་ཆད་པ་དྲག་པོས་བརླག་པར་འོས། །རྣ་ནག་མ་འདི་ཐོས་ཀྱང་མི་སྤྲོ་ན། །མཐོང་བ་ལྟ་ཅི་ད་ལྟ་ཁོ་ན་རུ། །སྣང་མིན་ལྔ་པའི་ལམ་དུ་སྒྲོལ་ཅིག་ཅེས། །དྲག་པོའི་ཆད་པ་གནམ་རྡོ་བཞིན་དུ་བབས། །དེ་ནས་སྐྲག་པས་བཞིན་གྱི་མདངས་ཉམས་ཤིང་། །སྐྲ་གྲོལ་མཆི་མའི་ཐིགས་ཕྲེང་དོ་ཤལ་ཅན། །བདེན་པའི་ཡུས་ཀྱིས་འདར་བའི་དབུགས་འཚང་བ། །གདུང་ལྡན་བཙུན་མོས་ཞུ་བ་འདི་ལྟར་ཕུལ། །ཀྱེ་ཧོ་ཟླ་བ་འདི་སྙེད་མཚན་རེ་བཞིན། །དགྱེས་པའི་གཟིགས་པ་ནམ་ཡང་མ་ཆད་ན། །དེ་རིང་ཤིན་ཏུ་མི་འཚམ་བསྙོན་འདེང་བ། །འདི་ལྟར་མཛད་པ་ཁྱོད་ཐུགས་མ་འཁྲུལ་ལམ། །འབངས་ཀྱི་ཕུན་ཚོགས་རྒྱལ་པོར་གནས་པ་ཡང་། །དེ་ཡི་བཀའ་ཁྲིམས་གཙང་མའི་དྲིན་ལས་ཡིན། །ཉེས་མེད་བདག་ལ་ཐུབ་ཆོས་འདི་འདྲ་ན། །ཆབ་སྲིད་ཡངས་པའི་བཀའ་ཁྲིམས་གང་དུ་ཐལ། །ཉམ་ཆུང་བདག་ནི་ཁྱོད་ཀྱི་འབངས་མོ་སྟེ། །ལུས་འདི་དུམ་བུར་གཏུབ་ཀྱང་ཁྱོད་ཉིད་དབང་། །འོན་ཀྱང་ལས་འབྲས་བདེན་པ་མི་འཆོལ་ཞིང་། །ཡེ་ཤེས་སྤྱན་ལྡན་ལྷ་ཡིས་མི་ཁྲེལ་ལམ། །ཞེས་པ་ཤར་ནུབ་རི་ལྟར་འགལ་བའི་ཚིག །དེ་ཐོས་བློན་འབངས་སྡེར་བཅས་ངོ་མཚར་ཞིང་། །ཤུགས་དྲག་ཁྲོ་བས་འཁྲུགས་པའི་རྒྱལ་པོ་ཡང་། །སྐད་ཅིག་ཉིད་དུ་ཐེ་ཚོམ་ཁྱོགས་ལ་འཕྱང་། །དམར་བའི་བཞིན་ལྡན་མཆུ་སྒྲོས་རབ་བསྡམས་ཤིང་། །ཁྲོ་བའི་མིག་འབུར་མཁའ་ལ་ཆེར་བགྲད་དེ། །རིང་ཞིག་བསམ་ནས་མདང་གི་མཚན་མོ་ཡང་། །འོང་ངམ་ཞེས་ནི་དེ་ལ་ནན་ཏན་དྲིས། །དེས་ཀྱང་གཏན་ཚིགས་བཅས་ཏེ་གསོལ་བ་ན། །ཁྱོད་སྨྲ་བདེན་ཚེ་དེང་ཡང་འོང་བས་རིགས། །དེ་ཚེ་ཉེར་སྤྱད་ཆེ་ཕྲ་ཅི་རིགས་ཤིག །ཟུངས་དང་ད་གོ་གསལ་བར་འགྱུར་ཞེས་སྨྲས། །སྲོད་ལ་མི་བདག་ལྟར་སྣང་དེ་འོངས་པར། །སྒྱུ་མའི་གཟུགས་སུ་མཐོང་ཡང་བདེན་བདེན་ལྟར། །འགྲོགས་པའི་ཟོལ་གྱིས་རྩེ་དགའ་མྱོང་བ་ན། །དེ་ཡི་སོར་གདུབ་དགོས་པའི་དོན་དུ་བླངས། །ཕོ་བྲང་ཁོར་ཡུག་རྒྱན་ཕྲེང་རྒྱ་ཆེན་ཀུན། །མོག་མོག་པོར་བྱེད་འབར་བའི་གཟི་འོད་ཅན། །དྲི་མེད་ནོར་བུའི་སོར་གདུབ་དེ་བསྟན་པས། །རྒྱལ་པོ་འབྱོར་པས་ཁེངས་པ་ཐུང་ངུར་བྱས། །དེ་མཐུ་མཐོང་བས་སྐྲག་དང་ངོ་མཚར་དང་། །རང་གི་སྤྱོད་པས་གནོང་དང་འགྱོད་པ་སོགས། །འདུ་ཤེས་སྣ་ཚོགས་གཡོ་བའི་དྲི་བཞོན་གྱིས། །མི་དབང་བརྟན་པ་ཤིང་བལ་གནས་སུ་བཀོད། །ཨེ་མ་ཁྱོད་ནི་ལྷ་ཡི་གྲོགས་མོ་སྟེ། །ལག་པའི་ནོར་བུ་རྨོངས་པ་བདག་གིས་བོར། །སུམ་རྩེན་དགའ་བའི་ལམ་ནས་མ་བགྲོད་པར། །ཁབ་འདིར་བཞུགས་པ་ཁྱོད་ནི་ཐུགས་རྗེ་ཆེ། །ནང་གི་རང་བཞིན་མངོན་དུ་མ་གྱུར་པས། །འཕྲལ་ལ་ཟླ་བཞིན་མ་ཡི་འཛུམ་ཟེར་གྱིས། །བསླུ་བ་འདོད་ལྡན་སྤྱི་ཡི་ངང་ཚུལ་ཏེ། །བདག་ལ་ཁོན་འཛིན་མེད་པའི་བཀའ་དྲིན་མཛོད། །ཅེས་ནི་བཟོད་པར་གསོལ་བའི་རྔ་ཡབ་རྩེས། །ཁྲོ་བའི་ཡིད་ཀྱི་སྦྲང་བུ་བསལ་བ་དང་། །ལྷན་ཅིག་མཉེས་གཤིན་ཚིག་གི་བསང་གཏོར་གྱིས། །ཆགས་པའི་ཀུན་རྟོག་བསིལ་བའི་གོ་སྐབས་ཕྱེ། །མཆུ་སྒྲོས་སྦྲང་རྩིས་མྱོས་པའི་ཟིམ་ཟིམ་མིག་གི་བུང་བ་གཡོ། །འཇམ་མཉེན་སོར་མོའི་འདབ་ཕྲེང་འོ་འཛིན་རྒྱས་པའི་ཟེའུ་འབྲུར་ཟུམ། །མུ་ཏིག་དོ་ཤལ་གཞན་མཚུངས་བདེ་དྲོད་རྔུལ་ཆུའི་ཐིགས་ཕྲེང་ཅན། །ཁྱོ་ཤུགས་མཛའ་བའི་རྩེ་དགའ་ནམ་ཡང་གཏོང་མིན་སྐལ་བཟང་མྱོང་། །དབེན་པའི་མལ་དུ་གླེང་བའི་འབེལ་གཏམ་ལས། །ངོ་མཚར་རིག་སྔགས་རྒྱལ་མོའི་མཐུ་མཐོང་སྟེ། །དགེ་མ་ཁྱོད་ཀྱི་བསོད་ནམས་སྐལ་བ་ཡིས། །བདག་ཀྱང་བཅོམ་ལྡན་མ་དང་མཇལ་སྲིད་དམ། །ཞེས་སྨྲ་ས་ཡི་དབང་ཕྱུག་བཞེད་པ་བཞིན། །ལྷ་ཅིག་བཙུན་མོའི་ཚིག་གི་མཚམས་སྦྱོར་གྱིས། །རིག་འཛིན་དབང་མོོ་ཉེ་བར་སྤྱན་དྲངས་ཏེ། །འདུད་པ་སྔོན་བྱས་མཆོད་པའི་སྤྲིན་གྱིས་གཏིབས། །དེ་ཡི་བྱིན་རླབས་ཡོངས་འདུའི་ས་བོན་ནི། །ས་སྐྱོང་ཐུགས་ཀྱི་དོ་རར་སྨིན་པ་ལས། །ཉམས་རྟོགས་དཔག་བསམ་ལྗོན་པ་རྒྱས་པའི་རྩེར། །ཟབ་རྒྱས་གདམས་པའི་མེ་ཏོག་ཅི་ཡང་བཞད། །བརྟག་གཉིས་གུར་དང་སམ་བུ་ཊ་ལ་སོགས། །རྒྱུད་སྡེ་རྒྱ་མཚོའི་འཇིང་གནས་ནོར་བུའི་དཔྱ། །འདི་ཡི་མན་ངག་གྲུ་གཟིངས་ལ་བཀོད་དེ། །སྐལ་བཟང་འཇིག་རྟེན་ཡངས་པའི་ལོངས་སྤྱོད་གྱུར། །བཟང་པོའི་ལེགས་སྨོན་དར་བའི་སྐྱེ་བོ་ལ། །རྐྱེན་རྣམས་མཐའ་དག་ལེགས་པའི་ལམ་དུ་འགྲོ །སྲིད་འབྱོར་དགའ་བའི་མཆིང་བུ་ཚོལ་བ་ཡིས། །ངེས་ལེགས་ཟུང་འཇུག་བསམ་འཕེལ་ནོར་བུ་རྙེད། །ཨེ་མ་འདི་ལྟའི་ངོ་མཚར་གླེང་བ་ཡང་། །སྐལ་བ་བཟང་སྙམ་དགའ་བས་གཡེང་བ་ཡི། །སྨྲ་མཁས་དགེ་དབང་ཆོས་ཀྱི་སྲས་པོ་ཞིག །བྲིས་ཏེ་འཁྲི་ཤིང་ཡལ་འདབ་ལྷག་མ་བཞིན། །རྨད་བྱུང་གདམས་ངག་བརྒྱུད་པའི་མུཀྟི་ཀཿ ། སྒྲོ་སྐུར་ཉ་ཕྱིའི་རྡོག་གིས་མ་བསླད་པར། །སྡེབ་ལེགས་ཚིག་གི་ཕྲེང་བ་སྤེལ་བ་འདི། །རྣལ་འབྱོར་མ་མཆོག་མཉེས་པའི་རྒྱུར་གྱུར་ཅིག །ཅེས་བ་རི་ལོ་ཙཱ་བ་ནས་བརྒྱུད་པའི་ལོ་རྒྱུས་ཚིགས་བཅད་དུ་བསྡེབས་པ་འདི་ནི་སྐའི་ལུང་རིང་དུ་བྲིས་པའོ།། །། 

མཛད་པ་པོ་ངོ་སྤྲོད།
       གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ(གུང་ཐང་ཚང་སྐུ་ཕྲེང་གསུམ་པ)ནི་མདོ་སྨད་མཛོད་དགེ་སྨད་དུ་ཡབ་ལྕགས་པོ་བྱམས་དང་ཡུམ་བོ་ཅོག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་རྟ(༡༧༦༢)ལོར་སྐུ་འཁྲུངས། བྱིས་པའི་དུས་ནས་ན་མཉམ་གཞན་དང་མི་འདྲ་བའི་མཁྱེན་རབ་ཀྱི་རྩལ་ཆེ་ཞིང་། ཀུན་སྤྱོད་ཕུན་སུམ་ཚོགས་པ་མངའ། དགུང་ལོ་ལྔ་ལ་ཕེབས་སྐབས་གུང་ཐང་མཆོག་སྤྲུལ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཞུ་མི་རྣམས་འབྱོར་བས་ངོས་འཛིན་འཁྲུལ་མེད་དུ་མཛད། འཇམ་དབྱངས་བཞད་པ་རིན་པོ་ཆེ་འཇིགས་མེད་དབང་པོས་གུང་ཐང་མཆོག་སྤྲུལ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བདུན་པ་ས་བྱི(༡༧༦༨)ལོར། བཀྲ་ཤིས་འཁྱིལ་དུ་གདན་དྲངས། འཇམ་དབྱངས་བཞད་པ་རིན་པོ་ཆེ་འཇིགས་མེད་དབང་པོའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་ཆབས་ཅིག་ཏུ་བསྒྲུབས་ཏེ་མཚན་ལ་དཀོན་མཆོག་བསྟན་པའི་སྒྲོན་མེ་ཞེས་གསོལ། དགེ་བའི་བཤེས་གཉེན་བློ་བཟང་རིན་ཆེན་དགེ་རྒན་དུ་བསྟེན་ནས་ལོ་ལྔའི་རིང་ཡི་གེ་འབྲི་ཀློག་དང་། ཆོས་སྤྱོད་སྐོར་དང་། གཞུང་ཆེན་པོ་ལྔའི་རྩ་བ་སོགས་ཐུགས་འཛིན་གནང་། བར་གསེང་ལ་འཇམ་དབྱངས་བཞད་པ་རིན་པོ་ཆེའི་དྲུང་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་ཞིག་གསན། དགུང་ལོ་བཅུ་བདུན་པ་ས་ཁྱི(༡༧༧༨)ལོར་བོད་དབུས་གཙང་དུ་སློབ་གཉེར་ལ་བྱོན་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཐོག ཕར་ཕྱིན་འཛིན་གྲྭ་གཞུང་གསར་ནས་དབུ་ཚུགས་ཏེ་གསན་སྦྱོང་མཛད། རིགས་སྨྲའི་དབང་ཕྱུག་ཧོར་བསྐལ་བཟང་དངོས་གྲུབ་དགེ་རྒན་དུ་བསྟེན་ནས་དགུང་ལོ་ཉི་ཤུ་རྩ་ལྔའི་བར་ལོ་དགུའི་རིང་གཞུང་ཆེན་པོ་གཞན་བཞིའི་སློབ་གཉེར་བླ་ཆེན་ཀུན་གྱི་མིག་དཔེར་འོས་པ་མཛད། དགུང་ལོ་ཉེར་གཅིག་པ་ཆུ་སྟག(༡༧༨༢)ལོར་རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་ཞུས་གནང་མཛད་དེ་སྐུ་ཚེའི་རིང་བསླབ་ཁྲིམས་སྲུང་སྡོམ་མཐར་ཕྱིན་པ་གནང་། དབུས་སུ་བཞུགས་རིང་ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་དང་། ཀློང་རྡོལ་བླ་མ་རིན་པོ་ཆེ་གཉིས་བླ་མའི་གཙོ་བོར་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་སྔར་མ་གསན་པ་མང་པོ་ཞིག་གསན། དགུང་ལོ་ཉེར་ལྔ་པ་མེ་རྟ(༡༧༨༦)ལོར་ལྷ་ས་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་མཚན་བཏགས་གྲྭ་སྐོར་དམ་བཅའ་འགྲན་ཟླ་བྲལ་བ་མཛད། དེ་ནས་མི་རིང་བར་འཇམ་དབྱངས་བཞད་པ་རིན་པོ་ཆེ་དང་ལྷན་དུ་མདོ་སྨད་ཕྱོགས་སུ་ཕྱིར་ཕེབས་གནང་སྟེ་ལོ་ཤས་རིང་ཐུགས་དམ་ཉམས་བཞེས་གཙོར་འདོན་ཐོག དད་འདུས་སློབ་མ་མང་པོར་རང་རང་གི་འདོད་མོས་དང་འཚམས་པའི་མདོ་སྔགས་ཀྱི་ཆོས་རྒྱུན་རྒྱ་ཆེར་འཆད་སྤེལ་མཛད་མུར་དགུང་ལོ་སོ་གཅིག་པ་ཆུ་བྱི(༡༧༩༢)ལོར་བླ་བྲང་དཔོན་ཚང་དང་གྲྭ་དམངས་རྣམས་ནས་རེ་བསྐུལ་ཞུས་པ་ལྟར་ཚོགས་ཆེན་གྱི་ཁྲིར་ཕེབས་ནས་ལོ་བདུན་གྱི་རིང་སྔར་སྲོལ་དང་འཕར་མའི་ཆོས་རྒྱུན་འཆད་ཉན་དང་། སློབ་གཉེར། སྒྲིགས་ཁྲིམ་སོགས་ཞི་དྲག་ཐབས་མཁས་གང་ལ་དེ་འཚམས་ཀྱི་སྒོ་ནས་ཉམས་ཆགས་བྱུང་རིགས་སླར་གསོ་དང་ཅུང་ཟད་གནས་པ་རྣམས་གོང་འཕེལ་ཡོང་བའི་དམ་འཛིན་ནན་ཏན་མཛད་པས་གྲྭ་ཚོགས་དང་། སློབ་གཉེར། བསྙེན་བཀུར་སོགས་སྔར་ལས་ལྷག་པའི་གོང་འཕེལ་ཆེན་པོ་བྱུང་། དགུང་ལོ་སོ་བདུན་པ་ས་རྟ(༡༧༩༨)ལོར། འཇམ་དབྱངས་བཞད་པ་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་འཇིགས་མེད་རྒྱ་མཚོ་གདན་སའི་ཁྲི་ལ་བཀོད་རྗེས་ཚོགས་ཆེན་གྱི་ཁྲིའི་ཐུགས་ཁུར་དགོངས་ཞུ་གནང་སྟེ། ལོ་ཤས་རིང་དགོན་ལུང་གི་ཁྲི་ཁུར་བསྐྱངས། དགུང་ལོ་ཞེ་གཉིས་པ་ཆུ་ཕག(༡༨༠༣)ལོར་མཆོད་རྟེན་མཐོང་གྲོལ་ཆེན་མོ་གསར་བཞེངས་ཀྱི་དབུ་ཚུགས་ནས། དགུང་ལོ་ཞེ་བཞི་པ་ཤིང་གླང(༡༨༠༥)ལོར་ཡོངས་སུ་གྲུབ་སྟེ་རབ་གནས་དང་དགའ་སྟོན་རྒྱས་པར་མཛད། དགུང་ལོ་ང་བཞི་པ་ཤིང་ཕག(༡༨༡༥)ལོར་རོང་བོ་ཕྱོགས་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་དམག་ཆེན་ཡོང་སྐབས་དགེ་འདུན་བགྲེས་གཞོན་སུས་ཀྱང་མཚོན་ཆ་ཁྱེར་ནས་དམག་འཐབ་ནང་ཞུགས་མི་ཆོག་པའི་དམ་བསྒྲགས་ནན་པོ་གནང་བས་ལྷ་ཁང་འགའ་ཤས་བཤིག་པ་མ་གཏོགས། གྲྭ་པ་སུ་ལ་ཡང་གནོད་འཚེ་མ་བྱུང་བའི་ཐོག་ནས་དམག་དཔུང་རྣམས་ཕྱིར་ལོག་དགོས་པ་བྱུང་། གཞན་ཡང་མཛོད་དགེ་དང་། ཅོ་ནེ། རྒྱལ་རོང་། རྔ་བ་སོགས་ས་གནས་མང་པོར་གདན་དྲངས་པ་ལྟར་ཕེབས་ནས་མདོ་སྔགས་ཀྱི་ཆོས་རྒྱུན་འཆད་སྤེལ་དང་། དགོན་སྡེ་ཁག་གི་སློབ་གཉེར་དང་སྒྲིགས་ཁྲིམས་ཉམས་གསོ། འཁྲུག་རྩོད་འདུམས་པ། བྱ་རི་དྭགས་ཉ་སོགས་སྲོག་གཅོད་པ་སྤོང་སྡོམ་སོགས་བསྟན་འགྲོའི་དོན་རླབས་ཆེན་མཛད་པས་སློབ་མ་ཡང་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གྲངས་ལས་འདས་པ་ཞིག་བྱུང་།
       གསུང་རྩོམ་སྐོར། གཞུང་ཆེན་པོའི་དཀའ་གནད་ཀྱི་དོགས་གཅོད«དྲང་ངེས་ཀྱི་མཆན» «ཀུན་གཞིའི་མཐའ་དཔྱོད» «བདེན་པ་བཞིའི་རྣམ་བཤད» «རྟེན་འབྲེལ་གྱི་མཐའ་དཔྱོད»སོགས་དང་། «རིག་བྱེད་མའི་བསྟོད་འགྲེལ»སོགས་གསང་སྔགས་ཀྱི་སྐོར་མང་པོ། «རྗེ་བླ་མར་བསྟོད་པ་དོན་ལྡན་གྱི་རང་འགྲེལ» «ཆུ་དང་ཤིང་གི་བསྟན་བཅོས» «རྒན་བྱིས་འབེལ་གཏམ» «འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོའི་རྣམ་ཐར» «སྡེ་ཁྲི་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར» «ཐུའུ་བཀྭན་ཆོས་ཀྱི་ཉི་མའི་རྣམ་ཐར» «སྒོ་མང་མཁན་པོ་ཆོས་དར་གྱི་རྣམ་ཐར»སོགས་གསུང་རྩོམ་ཕྱོགས་བསྒྲིགས་པོད་བརྒྱད་ཡོད་པ་དེ་དག་བཀྲ་ཤིས་འཁྱིལ་དང་ལྷ་ས་གཉིས་ཀར་ཤིང་དཔར་ཡོད་ལ། ལྷག་པར་གསུང་རྩོམ་མང་བའི་ཐོག་བློ་རབ་འབྲིང་ཐ་གསུམ་གྱི་སེམས་རྒྱུད་ལ་ཕན་པའི་བཀའ་སློབ་གསོན་ཉམས་ལྡན་པ་ཧ་ཅང་མང་པོ་ཡོད་པར་བརྟེན་དབུས་གཙང་ཁམས་གསུམ་མདོ་སྟོད་སྨད་བཅས་པའི་མཁས་དབང་ཀུན་གྱིས་མགྲིན་གཅིག་ཏུ་ཁོང་ལ་གུང་ཐང་འཇམ་པའི་དབྱངས་ཞེས་བསྔགས་བརྗོད་དང་བཅས་མཚན་བརྗོད་ཞུ་གི་ཡོད། དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་གཉིས་པའི་ཆུ་ལུག(༡༨༢༣)ལོར་དགོངས་པ་གཞན་དོན་དུ་གཤེགས་ཤིང་། སྐུ་གདུང་ལས་རྟེན་ངོ་མཚར་ཅན་འགའ་ཞིག་བྱོན་པ་རྣམས་གདུང་རྟེན་བཞེངས་པའི་ནང་དུ་བཞུགས། ལོ་རྒྱུས་སྐོར་རྒྱས་པ་དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་ཁ་བྱང་དུ«རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེའི་རྣམ་པར་ཐར་པ་དད་པའི་པདྨོ་བཞད་པའི་ཉིན་བྱེད»ལྷ་ས་ཞོལ་དཔར་མ་ལ་ཤོག་གྲངས༡༩༤ཡོད་པ་དམ་པ་དེའི་གསུང་འབུམ་ལྷ་ས་དཔར་མའི་པོད[ཉ]པའི་མཇུག་ཏུ་ཡོད།
འབྲེལ་ཡོད་འོས་སྦྱོར།