logo

ཁམས་མི་ཉག་ཡུལ་གྱི་ལ་གླུའི་གླུ་ཚིག་ཁག་ཅིག

རྩོམ་པ་པོ།:ཇེ་དགའ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-24 ཀློག་གྲངས།:
ཤོ་ཨ་ལེ་ལ་མོ་ལ་རེ་གོ།
ལ་ཚེ་རིང་ལ་མོ་ལ་རེ་གོ།
གླུ་མི་ལེན་གཅིག་དང་མི་ལེན་གཉིས།།
གླུ་ལེན་ན་ཨ་སྔོན་དགོང་ལ་ལེན།།
དགུང་ཨ་སྔོན་ཕོག་ཐུག་མེད་གླུ་ལེན།།
གསེར་ཉི་ཟླ་ཐུགས་རྒྱ་ཆེ་གླུ་ལེན།།
སྐར་སྨིན་དྲུག་འཁོར་ས་སྐྱིད་གླུ་ལེན།།
གླུ་མི་ལེན་གཅིག་དང་མི་ལེན་གཉིས།།
གླུ་ལེན་ན་བྲག་དཀར་རྩེ་ལ་ལེན།།
བྲག་དཀར་ཡག་ཕོག་ཐུག་མེད་གླུ་ལེན།།
རྒོད་ཐང་དཀར་ཐུགས་རྒྱ་ཆེ་གླུ་ལེན།།
རྒྱབ་གཤོག་སྒྲོ་འཁོར་ས་སྐྱིད་གླུ་ལེན།།
གླུ་མི་ལེན་གཅིག་དང་མི་ལེན་གཉིས།།
གླུ་ལེན་ན་རྒྱ་གྲོང་ནང་ན་ལེན།།
གྲོང་རྒྱ་གྲོང་ཕོག་ཐུག་མེད་གླུ་ལེན།།
མགོ་དཔོན་པོ་ཐུགས་རྒྱ་ཆེ་གླུ་ལེན།།
རང་མི་སེར་འཁོར་ས་སྐྱིད་གླུ་ལེན།།

ས་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས།།
ས་སྐྱིད་པོ་རང་ཡུལ་མི་ཉག་རེད།།
མི་ཡར་སྐྱེས་ཐམས་ཅད་རིག་བཟང་རེད།།
ཤིང་ཡར་སྐྱེས་ཐམས་ཅད་ལྷ་ཤིང་རེད།།
རྩྭ་ཡར་སྐྱེས་ཐམས་ཅད་ཨ་འབྲུ་རེད།།
ས་འདི་ན་ཡང་ཡང་སྐྱེ་བར་ཤོག།

ང་སྒང་ནས་སྒང་ལ་འགྲོ་དུས་ལ།།
ངས་རྡོ་དཀར་རྡོ་ནག་སྡུད་བཞིན་འགྲོ།
ངས་རྡོ་དཀར་ལབ་ཙེ་རྩིག་བཞིན་འགྲོ།
ངས་རྡོ་ནག་ཐབ་རྡོ་འཛུགས་བཞིན་འགྲོ།
ང་སྐེད་ནས་སྐེད་ལ་འགྲོ་དུས་ལ།།
ངས་སུར་དཀར་སུར་ནག་འཐུ་བཞིན་འགྲོ།
ངས་སུར་དཀར་ལྷ་བསང་གཏོང་བཞིན་འགྲོ།
ངས་སུར་ནག་མེ་ཁ་ཕྱེ་བཞིན་འགྲོ།
ང་ཞོལ་ནས་ཞོལ་ལ་འགྲོ་དུས་ལ།།
ངས་མཚོ་ཆུ་གཙང་ཆུ་ལེན་བཞིན་འགྲོ།
ངས་མཚོ་ཆུས་ཡོན་ཆབ་འབུལ་བཞིན་འགྲོ།
ངས་གཙང་ཆུས་ཇ་ཆུ་བྱེད་བཞིན་འགྲོ།

ཆུ་ཕ་རི་རྡོ་དཀར་གྲུ་བཞི་ཚོ།།
མཁར་ལྷ་ཁང་ཆགས་པའི་གཞི་མ་རེད།།
མཁར་ལྷ་ཁང་སྟེང་གི་གསེར་ཏོག་དེ།།
གསེར་ཉི་མ་ཤར་ཁར་ཇེ་ཡག་རེད།།
ཆོས་བསྟན་པ་རྒྱས་པའི་རྟེན་འབྲེལ་འགྲིག།
ཆུ་ཕ་རི་ཁྱུང་དཀར་མཛོ་ཕྲུག་ཚོ།།
ཞིང་ས་ཞིང་རྨོ་བའི་གཞི་མ་རེད།།
ཞིང་གཤིན་པོ་ནང་གི་ལོ་ཏོག་དེ།།
སྟོན་ཟླ་གསུམ་ཤར་ཁར་ཇེ་ཡག་རེད།།
ཟས་ལོངས་སྤྱོད་རྒྱས་པའི་རྟེན་འབྲེལ་འགྲིག།
ཆུ་ཕ་རི་ཐང་ཤིང་དྲང་མོ་ཚོ།།
གྲོང་རྒྱ་གྲོང་ཆགས་པའི་གཞི་མ་རེད།།
གྲོང་རྒྱ་གྲོང་ནང་གི་དཔོན་འབངས་ཚོ།།
མགོར་སྐྲ་ལོ་དཀར་ཡང་ཇེ་ཐང་རེད།།
སླར་སྐུ་ཚེ་རིང་བའི་རྟེན་འབྲེལ་འགྲིག།

རྫ་ཕྲ་ཡག་འགྲིམ་དུས་གནའ་གཡག་དྲན།།
ཤ་ཞིམ་པོ་མེད་ན་ཅི་ལ་དྲན།།
ཐང་ཆེན་པོ་འགྲིམ་དུས་འདོ་བ་དྲན།།
འགྲོས་གོམ་པ་མེད་ན་ཅི་ལ་དྲན།།
གྲོང་ཆེན་པོ་འགྲིམ་དུས་ཆུང་འདྲིས་དྲན།།
གཏམ་སྙིང་གཏམ་མེད་ན་ཅི་ལ་དྲན།།

ཤར་ཨ་ཆེན་ཐང་གི་ཐང་འགོ་ན།།
འབྲི་ཟེ་དཀར་བརྒྱ་ཡིས་བེའུ་བརྒྱ་ཁྲིད།།
ཁར་ཞོ་འཐུང་མི་ཆད་སྐྱིད་རེ་བྱུང་།།
སྐྱིད་འདི་ལ་ལྟ་བཞིན་གླུ་རེ་ལེན།།
ཤར་ཨ་ཆེན་ཐང་གི་ཐང་སྐེད་ལ།།
རྟ་འདོ་བ་བརྒྱ་ཡིས་རྟེའུ་བརྒྱ་ཁྲིད།།
རྐང་ས་ལ་མི་རེག་སྐྱིད་རེ་བྱུང་།།
སྐྱིད་འདི་ལ་ལྟ་བཞིན་གླུ་རེ་ལེན།།
ཤར་ཨ་ཆེན་ཐང་གི་ཐང་མདའ་ལ།།
ལུག་གཡང་དཀར་བརྒྱ་ཡིས་ལུ་གུ་ཁྲིད།།
རྒྱབ་བལ་དཀར་མི་ཆད་སྐྱིད་རེ་བྱུང་།།
སྐྱིད་འདི་ལ་ལྟ་བཞིན་གླུ་རེ་ལེན།།

ང་སྒང་རི་སྒང་ལ་འགྲོ་ཉིན་ལ།།
མགོ་ཝ་ཞྭ་ང་ཡི་འགྲོ་རོགས་རེད།།
འདི་ཝ་ཞྭ་མ་རེད་པད་ཞྭ་རེད།།
ལྷ་ཨོ་རྒྱན་པད་མས་སྡོངས་གྲོགས་མཛོད།།
ང་སྐེད་རི་སྐེད་ལ་འགྲོ་ཉིན་ལ།།
སྐེད་འཁོར་གསུམ་ང་ཡི་འགྲོ་རོགས་རེད།།
འདི་འཁོར་གསུམ་མ་རེད་རིགས་གསུམ་རེད།།
ལྷ་རིག་གསུམ་མགོན་པོས་སྡོངས་གྲོགས་མཛོད།།
ང་ཞོལ་རི་ཞོལ་ལ་འགྲོ་ཉིན་ལ།།
རྟ་འདོ་བ་ང་ཡི་འགྲོ་རོགས་རེད།།
འདི་འདོ་བ་མ་རེད་ལྷ་རྟ་རེད།།
ལྷ་རྟ་མགྲིན་དམར་པོས་སྡོངས་གྲོགས་མཛོད།།

འབོ་གངས་དཀར་འགོ་ལ་བསང་གཅིག་གཏོང་།།
ཤར་བཞག་བྲ་འགོ་ལ་དུང་གཅིག་བུས།།
དུས་དེང་སང་བསང་དུང་ལྷན་འཛོམས་རེད།།
སང་ཕར་ཕྱོགས་འཛོམས་པའི་སྨོན་ལམ་ཤོག།
འབོ་གངས་དཀར་སྐེད་ལ་སྤྲིན་ཞིག་འཁྱིལ།།
ཤར་བཞག་བྲ་སྐེད་ལ་རླུང་ཞིག་རྒྱུག།
དུས་དེང་སང་སྤྲིན་རླུང་ལྷན་འཛོམས་རེད།།
སང་ཕར་ཕྱོགས་འཛོམས་པའི་སྨོན་ལམ་ཤོག།
འབོ་གངས་དཀར་མདའ་ལ་མཚོ་གཅིག་འཁྱིལ།།
ཤར་བཞག་བྲ་མདའ་ལ་ཉ་གཅིག་རྒྱུག།
དུས་དེང་སང་མཚོ་ཉ་ལྷན་འཛོམས་རེད།།
སང་ཕར་ཕྱོགས་འཛོམས་པའི་སྨོན་ལམ་ཤོག།

སྔར་མོ་ཡི་ཉི་མ་རི་ལ་ཤར།།
རི་ཡག་མོ་ཕྱེ་མར་སྤུངས་ཟིན་འདྲ།།
ཉིན་གཞུང་གི་ཉི་མ་བྲག་ལ་ཤར།།
བྲག་ཡག་མོ་ཆོས་སྒོ་ཕྱེ་ཟིན་འདྲ།།
ཕྱི་དྲོ་ཡི་ཉི་མ་ཆུ་ལ་ཤར།།
ཆུ་ཡག་མོ་ཡོན་ཆབ་ཕུལ་ཟིན་འདྲ།།

ལར་རི་བོ་མཐོ་ད་མ་རེད་དེ།།
སེམས་སྣང་བ་དག་པའི་རི་གཅིག་ཡིན།།
ཕུ་ལུང་བ་ཡངས་ད་མ་རེད་དེ།།
སར་རྩྭ་ཆུ་འཛོམས་པའི་ལུང་གཅིག་ཡིན།།
གྲོང་རྒྱ་གྲོང་ཡག་ད་མ་རེད་དེ།།
གྲོང་བསོད་ནམས་འཁོར་བའི་གྲོང་གཅིག་ཡིན།།

འབོ་གངས་དཀར་འགོ་ལ་གངས་ཀྱིས་བསྐོར།།
གངས་ཡག་མོ་ཕྱེ་མར་འབུལ་ཟིན་འདྲ།།
འབོ་གངས་དཀར་སྐེད་ལ་རྫ་ཡིས་བསྐོར།།
རྫ་ཡག་མོ་ཇ་རྒྱབ་བརྩིགས་ཟིན་འདྲ།།
འབོ་གངས་དཀར་མདའ་ལ་མཚོ་ཡིས་བསྐོར།།
མཚོ་ཡག་མོ་ཡོན་ཆབ་འབུལ་ཟིན་འདྲ།།


འབྲེལ་ཡོད་འོས་སྦྱོར།