བསམ་པའི་དོན་གྲུབ་དང་ཁོའི་རྣམ་སྨིན།
བསམ་པའི་དོན་གྲུབ་དང་ཁོའི་རྣམ་སྨིན།
མཚོ་ལྷོའི་དམངས་ཁྲོད་གཏམ་རྒྱུད།
གནའ་སྔ་མོ་སྔ་མོ་ཞིག་ལ་ཡུལ་ཕྱོགས་འདི་ན་མ་བུ་གཉིས་ཡོད་དེ། མ་ཡི་མིང་ལ་གངས་དཀར་ལྷ་མོ་ཟེར་ཞིང་བུ་ཡི་མིང་ལ་བསམ་པའི་དོན་གྲུབ་ཟེར། ཁོའི་ཨ་ཕ་ཁོ་ཆུང་དུས་ནས་ནད་གཞི་དྲག་པོ་ཞིག་ཕོག་སྟེ་འདས་ཟིན་པས། ཁོ་ཚང་གི་འཚོ་བ་ཧ་ཅང་ཐབས་ཆག་ཡིན། བསམ་པའི་དོན་གྲུབ་ནི་ཆུང་དུས་ནས་ཕ་མའི་ཁར་མི་ཉན་པར་ཚིག་ ལོག་རྒྱག་པ་དང་རྫུན་ཕྲ་མ་སྨྲ་བའི་བྱིས་པ་པྲ་ཚག་ཅིག་ཡིན་ཞིང་། སྡེ་བའི་ནང་གི་མི་རྣམས་ཀྱིས་ཁོ་ལ་འདྲེ་ལག་རིང་ཞེས་པའི་མཚང་མིང་ཞིག་ཀྱང་བཏགས་ཡོད།
ཁོ་ལ་དེ་ལྟར་མཚང་མིང་དེ་འདོགས་དོན་ནི་སྡེ་བའི་ནང་གི་བྱ་བ་ངན་པ་ཐམས་ཅད་ལས་མཁན་དག་གི་ཁྲོད་བསམ་པའི་དོན་གྲུབ་ཀྱི་ལག་བསྲིངས་མེད་པའམ་ཁོ་ཐོན་མེད་པ་གཅིག་ཀྱང་མེད། དེ་བས་སྡེ་བའི་ནང་གི་བྱིས་པ་མང་ཤས་ཤིག་བསམ་པའི་དོན་གྲུབ་དང་མཉམ་དུ་རྩེད་མཁན་མེད། འོན་ཀྱང་ཡ་མཚན་ཅན་ནམ་ཁྱད་པར་ཅན་ཞིག་ནི་བསམ་པའི་དོན་གྲུབ་ཀྱིས་བསམ་པའི་དོན་དང་བསྒྲུབ་འདོད་པའི་བྱ་བ་ཐམས་ཅད་མི་འགྲུབ་པ་གཅིག་ཀྱང་མེད།
ཉིན་ཞིག་ལ། ཁོ་ཚང་གི་ཁྱིམ་དུ་ཡོད་པའི་བུད་ཤིང་རྣམས་མེ་ལ་བུས་ཚར་བས། ཨ་མ་གངས་དཀར་ལྷ་མོས་དེ་རིང་ཁྱོད་ཕ་ཀིའི་ནགས་ཁྲོད་དུ་བུད་ཤིང་འཐུ་རུ་སོང་ཞེས་བཤད། བཤད་རྒྱུན་དུ་ཕ་ཀིའི་ནགས་ཁྲོད་ནི་འཇིགས་སུ་རུང་ཞིང་ས་རྩུབ་ས་ཞིག་ཡིན་པས་མི་རྣམས་གནས་དེར་འགྲོ་མཁན་ཉུང་ལ། སྐྱེས་པ་དག་སྐབས་ལ་ལར་འགྲོ་མོད། ལྷག་ཏུ་ཁོ་ཚོའི་ཁྲོད་ཀྱང་སྙིང་སྟོབས་ཆེ་བ་འགའ་ལས་གནས་དེར་འགྲོ་ཐུབ་མཁན་མེད་ཟེར།
བསམ་པའི་དོན་གྲུབ་ནི་སྐྱེས་གཟུགས་ཆེ་ཞིང་སྙིང་སྟོབས་ཆེ་བའི་བྱིས་པ་ཞིག་ཡིན་པས། སྔ་དྲོ་ཨ་མས་ཁོ་ལ་ལམ་རྒྱགས་བསྒྲིགས་ཏེ་ལམ་ལ་ཆས་སྐབས་འདི་ལྟར་བཤད། དེ་རིང་ཁྱོད་ཕ་ཀིའི་ནགས་ཁྲོད་དུ་འགྲོ་དུས་ལམ་དུ་བྱ་བྱིའུ་འབའ་འབུ་དང་རི་དྭགས་སོགས་རིག་ན་དེ་རྣམས་གསོད་མི་ཉན། ལྷག་པར་ཁྱོད་ཀྱིས་སྦྲུལ་ཕྲུག་དཀར་བོ་ཞིག་རིག་ན་དེར་རྡོ་ཡིས་བརྒྱག་མི་ཉན་པ་དང་གསོད་མི་ཉན། རིག་མ་ཐག་ཏུ་དེ་ལ་ཕྱག་གསུམ་འཚལ་དགོས་པ་དང་། དེ་ནི་ནགས་ལ་གནས་པའི་ལྷའམ་གཞི་བདག་ཡིན་པས་ཁྱོད་ཀྱིས་མཉམ་འཇོག་གང་ལེགས་བྱེད་དགོས་པ་སོགས་ཀྱི་སློབ་གསོའི་ཐད་ཀྱི་སྐད་ཆ་མང་པོ་བཤད། བསམ་པའི་དོན་གྲུབ་ཀྱིས་ཡ་ཡ་ཟེར་བཞིན་དུ་ཨ་མའི་ལག་གི་ལམ་རྒྱགས་བླངས་ནས་དགའ་སྣང་དང་ཡ་མཚན་སྐྱེས་ཞོར་ལམ་ལ་ཆས།
ཉི་མ་ནི་དྲོ་ཞིང་འཇམ་ལ་ནམ་མཁའ་ནི་གཡའ་དག བསིལ་རླུང་ནི་དལ་བར་ལྡང་། བསམ་པའི་དོན་གྲུབ་ནི་གནམ་ལྡིང་ས་ལྡིང་བྱེད་བཞིན་དུ་ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ་དེ་བརྒྱུད་དེ་སོང་། རྐང་ལམ་ཕྲ་མོ་དེ་ནི་དངོས་ནས་འཇིགས་སུ་རུང་བ་ཞིག་ཡིན་ལ་མི་རྣམས་ཀྱི་སྣང་ངོར་ཤར་བ་ནི་གཤིན་རྗེ་འཕྲང་ལམ་དང་གཉིས་སུ་མ་མཆིས། འགྲོ་བཞིན་འགྲོ་བཞིན་དུ་བསམ་པའི་དོན་གྲུབ་ཀྱི་མདུན་དུ་རི་བོང་ཞིག་ཤར་མར་ལྡིང་ནས་འོངས། ཁོས་མཐོང་མ་ཐག་ཏུ་དགའ་སྣང་ཞིག་སྐྱེས་ནས་ས་ནས་རྡོ་ལོག་ཅིག་བླངས་ནས་རི་བོང་གི་ཕྱོགས་སུ་ཐོག་འཕེན་པ་བཞིན་བརྒྱབ། རྡོ་ལོག་དེ་རི་བོང་གི་སུག་ཏི་ལ་ཁེལ་བས། རི་བོང་སྐྲག་མ་འདར་གྱི་ངང་ནས་རི་བོའི་ངོས་སུ་བྲོས་སོང་། བསམ་པའི་དོན་གྲུབ་དགའ་སྣང་ཞིག་སྐྱེས་ནས་ངག་སྙན་མོ་དབྱངས་སུ་བཀུགས་ནས་གླུ་ཆུང་ཞིག་ལེན་བཞིན་དུ་ལམ་ལ་ཆས། མདུན་ཕྱོགས་གྱི་ལམ་ཡང་ཇེ་དོག་ཇེ་དོག་དང་རི་ཡང་ཇེ་གཟར་ཇེ་གཟར་རེད། འོན་ཀྱང་ནགས་ཁྲོད་ཀྱི་ཡུལ་ལྗོངས་ནི་ཤིན་ཏུ་མཛེས་བས་བསམ་པའི་དོན་གྲུབ་ཀྱི་ཡིད་དབང་རང་དབང་མེད་པར་འཕྲོག ཁྲ་ཆུང་མིག་གཉིས་ཀྱིས་ཀྱང་རང་དབང་མེད་པར་ཡར་ལྟ་མར་ལྟ་བྱེད་བཞིན་ཡོད།
ཁོས་བརྗེད་ཟིན་པ་ནི་ཁོའི་ཨ་མའི་བཅོལ་བའི་ལས་ཀ་སྟེ་བུད་ཤིང་འཐུ་རྒྱུ་དེ་རེད། འོན་ཏེ་ཡང་བསྐྱར་ཁོའི་བྱ་སྤྱོད་ངན་པ་དེ་ལྷང་ལ་བུད་ནས་བྱ་བྱིའུ་འབའ་འབུ་དང་རི་དྭགས་སོགས་གསོད་ཐུབ་པ་རྣམས་བསད་ཅིང་། རྨས་ཐུབ་པ་རྣམས་རྨས། དེ་ནས་ནགས་ཁྲོད་ཀྱི་དཀྱིལ་དུ་ཐོན་དུས་ནམ་མཁའ་ནས་གློ་བུར་དུ་སྤྲིན་ནག་འཁྲིགས་ནས་འབྲུག་སྒྲ་འུར་འུར་དང་ཆར་བ་ཤག་ཤག་ཏུ་བབས་བྱུང་།
ནགས་ཚལ་ཁྲོད་དུ་རིག་མ་མྱོང་བའི་རི་དྭགས་དང་བྱ་བྱིའུ་འབའ་འབུ་དག་འཚབ་འཚུབ་ངང་རང་རང་གི་སྡོད་གནས་སུ་ཕར་རྒྱུག་ཚར་རྒྱུག་བྱེད་བཞིན་འདུག བསམ་པའི་དོན་གྲུབ་ཀྱིས་དེ་མཐོང་ནས་སེམས་སུ་འཇིགས་སྣང་ཡོར་རེ་བ་ཞིག་སྐྱེས། དེ་དང་བསྟུན་ནས་གོམ་པ་ཡང་གང་ལ་སྤོ་དགོས་པའང་མ་ཤེས།
སྐབས་དེར་བསམ་པའི་དོན་གྲུབ་ཀྱིས་མདུན་ཕྱོགས་སུ་དཀར་པོ་དུང་འདྲ་ཞིང་དབྱིབས་མཆོད་རྟེན་ལྟ་བུའི་དངོས་པོ་ཞིག་ཡོད་པ་རིག་པས་སྐྲག་མ་དངངས་ད་ནས་རྡོ་རྒན་ཞིག་བླངས་ནས་དེར་བརྒྱབས་ཏེ་བསད། དེ་མ་ཐག་ཁོ་ཡང་འཇིགས་སྣང་དང་དགའ་སྣང་འདྲེས་མ་ལས་སད་ནས་མདུན་དུ་སོང་ཏེ་བལྟས་བ་ན། སྦྲུལ་ཕྲུག་དཀར་པོ་ཞིག་ཡིན་པས་ཨ་མའི་བཤད་པའི་སྐད་ཆ་དེ་དག་ཡིད་ལ་དྲན་མ་ཐག་ཁ་ཕྱིར་འཁོར་ནས་བལྟ་ཞོར་དང་འབྲོ་ཞོར་བྱས།
སྐབས་དེར་གློ་བུར་དུ་འབྲུག་སྐད་ཅིག་ལྡིར་སྒྲ་དང་བཅས་གྲགས་པས། བསམ་པའི་དོན་གྲུབ་སྔར་ལས་ཀྱང་སྐྲག་སྟེ་གོམ་པ་ཇེ་མགྱོགས་སུ་བཏང་། གྲགས་དང་གྲགས་བཞིན་པའི་འབྲུག་སྐད་དེ་ནི་སྐྱི་གཡའ་ཞིང་ཁོའི་མགོའི་སྐྲ་ཡང་ཡར་ཕྱོགས་པར་བྱེད། ཆར་བ་འབབ་ཚད་ཡང་ལྷག་ཏུ་ཇེ་ཆེར་བུད་སོང་། བསམ་པའི་དོན་གྲུབ་མགོ་ཡར་བཏེགས་ནས་བལྟས་པ་ན་རང་ཚང་གི་སྒོ་ཁར་ཐོན་འདུག་པས་རེམ་པར་སྒོ་ཕྱེས་ནས་ནང་ལ་བརྒྱུགས། ཨ་མས་དོན་ཅི་བྱུང་བ་མ་ཤེས་པས་བསམ་པའི་དོན་གྲུབ་ལ་ཅི་ཞིག་བྱུང་སོང་། ཅི་ཞིག་བྱུང་སོང་ཞེས་མྱུར་དུ་དྲིས་པས། བསམ་པའི་དོན་གྲུབ་ངུ་བཞིན་དུ་ཨ་མ་ལ་དོན་དག་གི་བརྒྱུད་རིམ་དག་ཇི་མ་ཇི་བཞིན་དུ་བཤད།
ཨ་མ་གངས་དཀར་ལྷ་མོའི་ངོ་མདོག་གློ་བུར་དུ་འགྱུར་ནས་མིག་ཆུ་བཞུར་བཞིན་ཡ་ཞི་ལུ་ད་མ་འགྲིག ཁྱོད་རེམ་མ་སྦེ་དགོས་ཟེར། ཨ་མ་གངས་དཀར་ལྷ་མོས་ཁྱིམ་གྱི་རྫ་མའི་ཁ་ཕྱེས་ནས་དེའི་ནང་དུ་སྦེ་ཟེར། ཅུང་མ་འགོར་བར་སྦྲུལ་རྒན་དཀར་པོ་ནང་ལ་ཐོན་ནས་ཨ་མ་གངས་དཀར་ལྷ་མོ་ལ་བལྟས་ཏེ། ཁྱོད་ཀྱི་བུ་བསམ་པའི་དོན་གྲུབ་ཀྱིས་ངའི་བུ་ཕྲུག་བསད་པས་ང་སྲོག་ཚབ་དུ་སྲོག་ལེན་དུ་ཡོང་བ་ཡིན་ཞེས་ཟེར། ད་རུང་དེར་མཐུད་ནས་རེམ་མ་ཤོད་ཁྱོད་ཀྱི་བུ་གང་ན་ཡོད་ཅེས་ཀྱང་བཤད་བྱུང་། ཨ་མ་གངས་དཀར་ལྷ་མོས་ཨ་ཁུ་སྦྲུལ་རྒན་ཁྱོད་ཀྱི་བུ་ངེད་ཚང་གི་བསམ་པའི་དོན་གྲུབ་ཀྱིས་བསད་པ་མིན་ན་ཐང་། ཁྱོད་ནོར་སོང་བ་ཡིན་རྒྱུ་རེད་ཅེས་ཟེར། ཨ་ཁུ་སྦྲུལ་རྒན་གྱིས་ཨ་ཨ་ཟེར་བཞིན་དུ་ཁྱོད་ཀྱི་བུས་རྡོས་བརྒྱབས་ཏེ་ངའི་བུ་བསད་པ་ཡིན་ཞེས་ལན་བཏབ་པས། ཨ་མ་གངས་དཀར་ལྷ་མོ་སྐྲག་ཞོར་ཧད་དེ་མིག་གཉིས་ཀྱིས་རྫ་མ་ལ་བལྟ་བཞིན་འདུག ཨ་ཁུ་སྦྲུལ་རྒན་གྱིས་ཁང་བའི་ནང་དུ་བལྟ་བཞིན་དུ་རྫ་མ་དེའི་མཐའ་ནས་ཐེངས་གསུམ་ལ་བསྐོར་བ་བརྒྱབ་རྗེས་བུད་སོང་།
ཨ་མ་གངས་དཀར་ལྷ་མོ་དགའ་ནས་མྱུར་དུ་རྫ་ཁ་ཕྱེས་ཏེ་བལྟས་པའི་ཚེ་ལུས་ཡོད་པ་ནི་བུ་བསམ་པའི་དོན་གྲུབ་ཀྱི་ལྭ་གཅིག་པུ་ཡིན། ཨ་མ་གངས་དཀར་ལྷ་མོ་ཡང་སེམས་སྐྱོ་ནས་ངུ་ཞོར་མྱུར་དུ་མར་འགྱེལ་སོང་།
ཆར་བ་ཡང་འབབ་མཚམས་བཞག་ནས། ཡང་བསྐྱར་དྲོད་ལམ་ལམ་གྱི་ཉི་མ་དེ་ག་ལེར་ཤར་བྱུང་།