དཔལ་ཆེན་དང་སྒྲོལ་མ།
ས་ཡར་བལྟས་ཡར་ལ་བལྟ་དུས། །
སྟོད་སྤང་དཀར་ལམ་བུ་བརྒྱུད་ནས། །
ཁལ་བཀལ་བའི་ཚོང་བ་ཐོན་ཐལ། །
སྦྲ་མཐིང་སྨུག་ལྷས་ལ་བབས་ཐལ། །
ངས་ཕ་ལོ་མ་ལོ་གཉིས་ལ། །
འདི་ཅི་རེད་གང་རེད་དྲིས་ཚེ། །
ངའི་ཕ་ལོ་མ་ལོ་གཉིས་ཀས། །
ས་ཐག་རིང་འགྲུལ་བ་ཆུ་འཐུང༌། །
ལྟོགས་སྐོམ་པ་སེལ་ན་ཇ་དགོས། །
ཇ་ཡོངས་དམར་སྐོལ་ན་ཆུ་དགོས། །
ཁྱོད་སོང་ལ་ཆུ་ཁུར་ཤོག་གསུངས། །
ཆུ་ལེན་དུ་ཆུ་ཁར་སོང་དུས། །
ངའི་རྩེད་གྲོགས་བུ་མོ་ཞིག་གིས། །
ཨ་ཆུང་སྐྱེས་ཆུང་གྲོགས་སྒྲོལ་མ། །
ཁྱོད་རྒྱུས་མེད་ཀ་ཆུ་མཁར་གྱི། །
མི་མདོ་མེད་ཚོང་བ་ཞིག་ལ། །
རྒྱུ་བླངས་ནས་བཙོང་ཐལ་ཟེར་གི །
ཁལ་བཀལ་ནས་ཡོང་ནོ་ཀན་ཚོ། །
ཁྱོད་བཙོང་གི་རིན་རེད་ཟེར་ནོ། །
དོན་དམ་པའི་བདེན་པ་ཨེ་ཡིན། །
ས་ཐག་རིང་ཀ་ཆུ་མཁར་ལ། །
འགྲོ་དགོས་ནོ་བདེན་པ་ཡིན་ན། །
དེང་ཕྱིན་ཆད་མི་ཐུག་བདེ་མོ། །
དེ་ཟེར་ནས་དག་སེ་བུད་ཐལ། །
ངའི་སྙིང་ཆུང་ལུ་གུ་ལྡིང་ལྡིང༌། །
ངའི་རྐང་ལག་ལྕུག་ཕྲན་འདར་འདར། །
ཆུ་གཙང་མོ་ཐོམ་གང་མ་བཅུས། །
ཤིང་གསོམ་དཀར་ཟོ་བ་བསྐྱུར་ནས། །
ཕྱིར་འཁོར་ནས་ཡུལ་ལ་སོང་ནས། །
བློ་མ་བདེ་ཕ་ལོར་དྲིས་ཡ། །
ཁྱོད་ཕ་ལོ་རྒྱ་རྫོང་ནགས་རེད། །
ང་བུ་མོ་སྡོང་ཕྲུག་ཁེར་སྐྱེས། །
གཅོད་མི་ཉན་ཕ་ལོ་ལོ་ལོ། །
ཁྱོས་མ་གཅོད་རེ་ཞིག་ཞོག་དང༌། །
སྡོང་རྩ་ལག་ཡུན་གྱིས་རྒྱས་དུས། །
ནགས་རྒྱ་རྫོང་དཀྱིལ་གྱི་རྒྱན་ཡིན། །
ངས་ཡར་བལྟས་ཡར་ལ་བལྟས་ན། །
རང་སྡེ་བའི་ནང་གི་བཟོ་བ། །
ལག་བདེ་མྱུར་ཅན་འགའ་བོས་ནས། །
གོས་འབྲུག་མའི་རི་མོ་ཕབ་གི །
ངས་རི་མོ་ཕབ་དོན་མ་ཤེས། །
ཤེས་འདོད་པའི་བསམ་པ་མེད་རུང༌། །
ཁ་ཀུ་རེ་རྩེད་མོའི་ཞོར་གི །
ཆུང་རྩེད་གྲོགས་བུ་མོ་ཞིག་ལ། །
ཀན་ཅི་རེད་གང་རེད་དྲིས་ན། །
ཁྱོད་ཀ་ཆུར་གནས་ལ་འགྲོ་དུས། །
ཁྱོའི་གོན་རྒྱུའི་བག་ལྭ་རེད་ཟེར། །
ཁ་ཕྱིར་འཁོར་ཡུལ་ལ་ཡོང་ནས། །
བློ་མ་བདེ་མ་ལོར་དྲིས་ཡ། །
ཁྱོད་མ་ལོ་མར་ཁུའི་མཚོ་མོ། །
ང་བུ་མོ་མཚོ་ཁའི་མེ་ཏོག །
འབལ་མི་ཉན་མ་ལོ་ལོ་ལོ། །
ཁྱོས་མ་འབལ་རེ་ཞིག་ཞོག་དང༌། །
ཟླ་བཞི་བའི་ཡར་ངོ་ཚེས་དུས། །
མཚོ་སྔོན་མོའི་ཁ་ཡི་རྒྱན་ཡིན། །
ངའི་དྲིན་ཆེན་ཕ་མ་གཉིས་ཀྱིས། །