དོན་གྲུབ་རྒྱལ་ལོ་དང་ཡེ་ཤེས་སྒྲོལ་མ།
སྡེ་འཛོམས་པོ་སྡེ་ལུང་གོང་མ། །
ཆུ་རྨ་ཆུ་འབབ་སའི་མགོ་ཡིན། །
རྩྭ་རྩི་ཏོག་རྒྱས་སའི་གཞི་ཡིན། །
རྟ་ནོར་ལུག་འབྱུང་སའི་ཁུངས་ཡིན། །
སྡེ་ཆེན་པོ་སྐར་ཚོགས་ཤར་འདྲ། །
སྟག་ཤར་བ་རྒྱ་སྟག་མཆོངས་འདྲ། །
སྨན་བུ་མོ་མེ་ཏོག་བཀད་འདྲ། །
ཕ་ཨ་ཁུ་བྲག་རི་བཞེངས་འདྲ། །
ཆུང་བྱིས་པ་སྒུའུ་རྟིང་རྩེ་རྩེ། །
ས་འཇིག་རྟེན་འཛམ་བུའི་གླིང་ན། །
ཡུལ་འདི་ཡི་སྐྱིད་ཅིག་མེད་རུང༌། །
ལས་ཐོད་པའི་བསོད་ནམས་དབང་གིས། །
རྒྱུ་ལོངས་སྤྱོད་ཁྱད་པར་ཆེ་བས། །
ཞེ་སྣང་བ་བར་ཆད་གཏོང་གི །
ཕོ་དོན་གྲུབ་རྒྱལ་ལོར་རྒྱུ་མེད། །
རྒྱུ་ནོམ་པ་ལག་ན་མེད་རུང༌། །
གནས་འཇིག་རྟེན་རྙེད་ཀྱི་ཡུལ་རེད། །
སྲོག་དམར་བོར་དགྲ་རེ་མེད་ན། །
རྒྱུ་ཡུན་གྱིས་བཙལ་ན་ལོས་རྙེད། །
མ་ཡེ་ཤེས་སྒྲོལ་མ་ལོ་ལོ། །
གལ་ཆེ་ནོ་རྒྱུ་ནོར་མ་རེད། །
རྒྱུ་ནོམ་པ་རྟག་རབས་མེད་ཀི །
རོགས་འུ་གཉིས་སྣང་བ་མཐུན་ན། །
གནས་འཇིག་རྟེན་འཁོར་བའི་ནང་ནས། །
སྐྱིད་མེད་རུང་སྡུག་སྣང་ཅི་ཡོད། །
ཉིན་ཞིག་གི་ཉི་མ་ཞིག་ལ། །
ཕོ་དོན་གྲུབ་རྒྱལ་ལོ་ཀན་གིས། །
རོགས་ཡེ་ཤེས་སྒྲོལ་མ་ཚང་ལ། །
རྒྱུ་ནོམ་པའི་འཚམས་རྟགས་བསྐུར་ནས། །
གཉེན་སློང་བའི་བར་བ་མངགས་དུས། །
རོགས་སྒྲོལ་མའི་མ་ལོ་ཀན་གིས། །
བསམས་བསམས་ནས་ལན་ཞིག་བཏབ་ནོ། །
ཁྱིམ་འདི་ཡི་ལོ་རྒྱུས་མི་གླེང༌། །
ཁྱིམ་འདི་ཡི་ལོ་རྒྱུས་གླེང་ན། །
སྔོན་མི་རབས་མང་བོའི་རིང་ལ། །
ཆོས་སྒྲུབ་པའི་བླ་མ་འཁྲུངས་མྱོང༌། །
ཐོབ་ཅན་གྱི་དཔོན་པོ་སྐྱེས་མྱོང༌། །
རྒྱུ་ལོངས་སྤྱོད་འོག་མ་ཀླུ་ཡིན། །
ལས་དབང་ཐང་གོང་མ་ལྷ་ཡིན། །
གཉེན་ཕྱུག་པོར་མ་གཏོགས་བཟུང་མེད། །
གཏམ་དཔོན་པོར་མ་གཏོགས་བཤད་མེད། །
དེ་ཡིན་རུང་གནའ་བོའི་གཏམ་རེད། །
གནས་མི་སྟེར་ཟེར་ནི་མིན་མོད། །
རྒྱུ་བྱིན་གྱི་ཆུང་མ་ཉོ་ན། །
བོད་ཁ་བ་ཅན་ལ་དཔེ་ཡོད། །
དཔེ་རེ་རེ་བརྗོད་ན་མང་འགྲོ །
དཔེ་ཉུང་ན་བར་བས་མི་གོ །
ཚིག་གཅིག་གིས་མདོ་རྩ་བཤད་ན། །
རྟ་འདོ་བ་སྒྲོག་རིལ་བྱས་ནས། །
ལུག་གཡང་དཀར་ལྷས་ལ་བརྒྱབ་ནས། །
འབྲི་ཐུལ་མ་གདང་ལ་བཏགས་ཏེ། །
རྒྱུ་ནོམ་པ་འདོམ་ལ་འཇལ་ན། །
ངས་མི་སྟེར་ཟེར་སྲོལ་ཅི་ཡོད། །
མ་བུ་མོ་འགྲོ་ས་གནས་རེད། །
ཁྱོས་ཚིག་སྟོང་ཁ་ནས་བཤད་དེ། །