མནའ་བཅད་དོན་ཁོ།
མནའ་བཅད་དོན་ཁོ་གན་གིས། །
ཕར་ཁའི་སྒང་ནས་འབོད་ཀི །
ངས་ཅི་རེད་གང་རེད་དྲིས་དུས། །
ཁྱོད་རོགས་ལོ་ངན་རབས་ཟེར་གི །
ཁྱོད་འདྲི་བར་འགྲོ་རྒྱུ་ཨེ་ཡིན། །
ངས་ཕྱིར་ལ་ལན་ཞིག་བཏབ་ནོ། །
ང་འདྲི་བར་འགྲོ་རྒྱུ་ཡིན་རུང༌། །
ལུག་འཚེར་དཀར་ཞོལ་ལ་སུས་དབབ། །
སྤྱང་དར་མ་གར་འགྲོ་སུས་བལྟ། །
ཡུལ་ཕ་མ་ཚིག་ལན་སུས་གདབ། །
ངའི་མནའ་བཅད་དོན་ཁོ་གན་གིས། །
ཁྱོད་འདྲི་བར་འགྲོ་རྒྱུ་ཡིན་ན། །
ལུག་འཚེར་དཀར་ཞོལ་ལ་ངས་དབབ། །
སྤྱང་དར་མ་གར་འགྲོ་ངས་བལྟ། །
ཡུལ་ཕ་མར་ཚིག་ལན་ངས་གདབ། །
ཁ་ཕྱིར་འཁོར་ཡུལ་ལ་ཡོང་ནས། །
རྟ་སྒ་གྲལ་གོང་བཟུང་བྱས་ནས། །
སྒ་ཉི་མ་འདྲ་བོ་བསྟད་ནས། །
རྨེད་མུ་མེན་འདྲ་བོ་བརྒྱབ་ནས། །
སྲབ་དུང་ཤན་མ་བོ་བསྐོན་ནས། །
ཁ་ཕྱིར་འཁོར་ཁྱིམ་ལ་སོང་ནས། །
གོས་མང་ནག་ཚ་རུ་གོན་ནས། །
ལིང་ལ་ཏའི་སྐེ་རགས་བཅིངས་ནས། །
གྲི་ཕྲ་ཤན་མ་བོ་བཏགས་ནས། །
ཁ་མར་འཁོར་སྒོ་ཁ་བུད་ནས། །
བོའུ་གླིང་བརྒྱད་མ་བོ་ཁུར་ནས། །
ལྕག་གཡུ་དོན་གྲུབ་བོ་བཟུང་ནས། །
རྟ་སྒ་གྲལ་གོང་ལ་བུད་ནས། །
ལ་གྱེན་ལ་གླ་བོ་ལྡིང་ལྡིང༌། །
ལ་ཐུར་ལ་སྟག་མོ་མཆོངས་མཆོངས། །
ཁེས་ཉག་ག་སྒྲོ་གུ་བརྟོལ་བརྟོལ། །
ལམ་སྐྱ་མོ་གྲུ་གུ་གྲིལ་གྲིལ། །
ཐང་སྤང་དཀར་ཤོག་བུ་བལྟབས་བལྟབས། །
ནམ་གུང་གི་གོང་ཚོད་ཅིག་ལ། །
རོགས་ཚང་གི་སྒོ་ཁར་ཐོན་ཐལ། །
ངའི་རོགས་ལོའི་མ་ལོ་གན་གིས། །
མཚན་མུན་ནག་འགྲུལ་བ་འཛེམ་གི །
ཁ་ཕྱིར་འཁོར་ལྷས་མཐར་སོང་ནས། །
རྟ་དཀར་ཆུང་སྒྲོག་པར་བརྒྱབ་ནས། །
སྲབ་མདའ་དར་སྐུད་འདྲ་བོ། །
སྒ་ཐོག་ཐད་ལ་འཕངས་ནས། །
ལུག་སྟོང་ལུག་གི་མཐའ་ནས། །
ཐུ་ཐོག་ཐུ་ལ་གོན་ནས། །
ཐུ་འོག་ཐུ་གདན་བཏིང་ནས། །
གཉིད་ཐུན་གཅིག་མ་ཉལ་གོང་ལ། །
སྐྱ་གསལ་ལེ་ནམ་མཁའ་ལངས་ཐལ། །
ཁྲ་ཤར་རེ་ཡར་ལ་ལངས་ནས། །
ལིང་ལ་ཏའི་སྐེ་རགས་བཅིངས་ནས། །
ངས་སྨུག་པོ་དུ་བ་འཐེན་ནས། །
རོགས་ཚང་གི་ཁྱིམ་ལ་སོང་དུས། །
ངའི་རོགས་ལོའི་མ་ལོ་གན་གིས། །
ས་དཀར་ཐབ་ཀའི་གམ་དུ། །
གདན་དཀར་གྲུ་བཞི་བཏིང་ནས། །
རྒྱ་ཇ་དམར་པོ་བསྐོལ་གི །
དཀར་ཡོལ་འབྲུག་མ་བཀྲུ་གི །
སྦྲང་དཀར་རྩམ་པ་འཇོག་གི །