logo

དམར་ཆུང་སེམས་ཀྱི་གདུང་དབྱངས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-08-05 ཀློག་གྲངས།:

གཅིག

 

སྟོད་དབུས་གཙང་རུ་བཞི་མན་ཆད། །

སྨད་མདོ་ཁམས་སྒང་དྲུག་ཡན་ཆད། །

དབུས་ཚྭ་མཚོ་དཀར་མོའི་འདབས་ནི། །

ཕོ་ང་ཡི་ཕ་ས་ཕ་ཡུལ། །

ས་སྐྱིད་པོ་ཆོས་རྗེ་གཡང་ར། །

སྡེ་གཡང་སྐྱིད་རྨོག་དབུ་ཕྱུག་མོ། །

སྡེ་འདི་ལ་འཛོམས་གསུམ་འཛོམས་ཡོད། །

ཤར་ཕྱོགས་ན་ཝར་དབོན་དུང་རི། །

དུང་དཀར་པོའི་མཆོད་རྟེན་བཞེངས་འདྲ། །

ཆུ་རྨ་ཆུ་གཡས་ནས་བཞུར་ས། །

ཞིང་འབྲུ་དྲུག་གཡོན་ནས་སྨིན་ས། །

ཕྱུགས་རྐང་བཞི་མདུན་ནས་འཕེལ་ས། །

ལྷོ་ཕྱོགས་སུ་བཀྲ་ཤིས་འོད་དཀར། །

སེང་དཀར་མོས་གཡུ་རལ་ངོམ་འདྲ། །

དབྱར་གསུམ་ཆར་ཆུ་མོད་ས། །

སྟོན་གསུམ་མེ་ཏོག་བཀད་ས། །

དགུན་གསུམ་དྲོད་གྲང་རན་ས། །

ནུབ་ཕྱོགས་སུ་ཚྭ་མཚོ་དཀར་མོ། །

གནམ་ཨ་སྔོན་ཐང་ལ་ལྷུང་འདྲ། །

སྤྲིན་དཀར་དམར་གདན་ལ་བཏིང་འདྲ། །

ཆོས་མདོ་སྔགས་བསྟན་པ་དར་ས། །

ཕ་བླ་མས་ཆོས་མགུར་གསུང་ས། །

རྒན་མགོ་དཀར་ཚེ་ཐག་རིང་ས། །

གཞོན་སོ་དཀར་བློ་རིག་རྒོད་ས། །

ཆེ་བཀུར་ཆུང་བྱམས་ཡོད་ས། །

འཇིག་རྟེན་སྣང་བ་མཐུན་ས། །

ཕྱུགས་ལ་རྟ་ནོར་ལུག་གསུམ། །

ཞིང་ལ་གྲོ་ནས་སྲན་གསུམ། །

རོང་འབྲོག་དབྱེ་བ་མེད་ས། །

ཆབ་དཔལ་རིག་གསུམ་དར་ས། །

འཇིག་རྟེན་གནམ་གྱི་འོག་ན། །

འདིའི་ཡན་གྱི་ས་ཞིག་ཆེ་ཡོད། །

ས་སྐྱིད་པོ་ཆོས་རྗེ་གྲོང་ན། །

སྨན་བུ་མོ་མེ་ཏོག་རང་བཀད། །

ཡག་མོ་སྒོ་སེང་ལྕམ་འབྲུག་མོ། །

གཞུང་ཞེ་རྒྱུད་ལྷ་དར་དཀར་པོ། །

བརྒྱ་ཡོད་རུང་བཙལ་འདོད་ང་མེད། །

ངའི་གངས་དཀར་སེམས་ཀྱི་ནོར་བུ། །

ཁྲ་ཆུང་མིག་གི་བཅུད་ལེན། །

ས་སྨད་ཕྱོགས་ཆབ་ཆ་གྲོང་གི །

རོགས་སྙིང་མཐུན་གཡུ་ཟླ་སྒྲོལ་མ། །

གཟུགས་སྐྱེས་ལུས་ཚིགས་དྲུག་སྨྱུག་མ། །

ཡག་མོ་སྒོ་རྗེ་བཙུན་སྒྲོལ་མ། །

སོ་སུམ་ཅུ་མུ་ཏིག་བརྒྱུས་མ། །

མིག་ཁྲ་ཆུང་སྐར་ཆུང་ཆ་མ། །

ཚིག་གང་བཤད་སྐྱབས་མགོན་མགུར་མ། །

སེམས་དམར་ཆུང་འགུགས་པའི་གཞི་མ། །

ཁྱོད་མིན་པ་བསམ་རྒྱུ་ང་མེད། །

ཁྱོད་མིན་པ་གླེང་རྒྱུ་ང་མེད། །

ཕོ་ང་དང་གཡུ་ཟླ་སྒྲོལ་མ། །

རིག་པའི་ལྡིང་ཁང་ནང་ནས། །

ལོ་གསུམ་ལ་ལུས་སེམས་འགྲོགས་ན། །

སྦྱོང་མི་དགོས་འཇིག་རྟེན་སྣང་བ། །

བློ་རིག་པས་མ་སྦྱངས་ཤེས་ཐལ། །


འབྲེལ་ཡོད་འོས་སྦྱོར།