logo

༄༅།།ལྷོ་ཁ་ས་ཁུལ་གྱི་དམངས་གླུ་ལས་ཆང་གཞས་ཀྱི་སྐོར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-10 ཀློག་གྲངས།:
ཆང་དེ་གཅིག་བཏུངས་གཉིས་བཏུངས།
རུས་པའི་གཏིང་ལ་སིམས་སོང་།
ཤི་ནས་རུས་པ་དཀར་པོས།
ཆང་རྩི་ཉན་པ་ཡོད་དོ།

བདག་གིས་ཞུས་པའི་མཆོད་ཆང་།
མི་མཆོད་གསུངས་རྒྱུ་ཡོད་ན།
དུས་དེ་ནམ་ཞག་རྒྱུན་དུ།
སྤང་བྱ་མི་གནང་གང་ཡིན།

ཁྱེད་རང་ཕེབས་ཡོང་བསམས་ནས།
ཆང་ལ་ཡལ་ཟེ་བརྒྱབ་ཡོད།
ཁྱེད་རང་ཕེབས་མཁན་མི་འདུག
ཡལ་ཟེ་ཉི་མས་བཞུ་སོང་།

ཆང་ཅིག་བཏུངས་པའི་མི་ལ།
ཡོན་ཏན་མི་འདུག་མ་གསུངས།
ར་བཟི་སྐྱུར་འགོང་འཚུབ་འཚུབ།
ཡོན་ཏན་མིན་ན་གང་ཡིན།

ཏིང་དེ་རྒྱ་ཏིང་བོད་ཏིང་།
མཆོད་གཤོམས་པད་མ་ར་ཀ།
དེ་ལ་ཡོན་ཆབ་འབུལ་མཁན།
ང་ཚོ་མ་གཏོགས་སུ་ཡིན།

འབྲས་ཅིག་དཀར་པོ་བཏབ་ཡོད།
མེ་ཏོག་རྒྱ་དམར་འཁྲུངས་བྱུང་།
ལྷ་ཁང་སྒོ་མོ་ཕྱེས་དང་།
མེ་ཏོག་ལྷ་ལ་འབུལ་དགོས།

ཆང་ཁང་ཐེམ་པ་ཡར་འཛེགས།
དཀར་མོ་ནས་ཀྱི་རྩིག་པ།
རྩིག་པ་མཐོ་རུ་མ་གཏོགས།
དམའ་རུ་འགྲོ་ས་མ་རེད།

མདང་དགོང་ཆང་གིས་བཟི་ནས།
ཅི་བཤད་དྲན་རྒྱུ་མི་འདུག
དེ་ས(ཞོགས)ཆང་མས་གསུང་དུས།
གདོང་ལ་ཚ་ཤད་བརྒྱབ་བྱུང་།
ཆང་དེ་དང་པོ་མཆོད་དང་།
གཉིས་པ་བརྒྱབ་ནས་བཞག་ཡོད་།
ནས་ཕུབ་སོག་མའི་འོག་ལ།
ལོ་ཆང་བསྙལ་ནས་བཞག་ཡོད།

མཆོད་ཆང་ནམ་རྒྱུན་མཆོད་ནས།
དེ་རིང་མཆོད་མིན་མ་གསུངས།
ནས་དེ་འཕྱོངས་རྒྱས་ནས་རེད།
ཆུ་དེ་སྐལ་བཟང་ཡུར་ཆུ།

ཆང་ཅིག་མི་འཐུང་ཞུས་པས།
བསོད་ནམས་སྒྲོལ་མས་བླུགས་བྱུང་།
འཇིག་རྟེན་བྱ་བ་འཕྱུགས་ན།
བསོད་ནམས་སྒྲོལ་མར་འགན་ཡོད།

གསེར་གྱི་ཅོག་ཙེའི་སྟེང་ལ།
གཡུ་ཡི་ཨ་ཝང་ནེ་ཙོ།
ཇ་ཆང་འདོད་རྒུ་འཛོམས་པའི།
མངོན་ཤེས་ཤོད་རོགས་གནང་དང་།

དགའ་བའི་མི་ཡང་འཛོམས་སོང་།
བཙོས་པའི་ཆང་ཡང་ཞིམ་སོང་།
དགའ་པོ་མི་ཞིམ་ཆང་ཞིམ།
གནང་སོ་ཆོག་པ་ཡོད་དོ།
ཀ་ཅི་རས་ཀྱི་དང་པོ།
རྒྱ་ཚོས་ཚོས་ཀྱི་དང་པོ།
ང་ཚོའི་འགོ་འདྲེན་དཔོན་པོ།
བཞུགས་གྲལ་བརྒྱ་ཡི་དང་པོ།

གནས་ཁང་གངས་རི་དཀར་པོ།
གནས་མོ་ལྷ་བྱ་གོང་མོ།
འཕུར་ན་གཤོག་རྩལ་ཆེ་བ།
བཞུགས་ན་གསུང་གཞས་སྙན་པ།

ང་ཚོ་མཆེད་གྲོགས་ལྷན་རྒྱས།
བྱེ་མ་ཀ་རའི་ཤོག་ཆག
མ་བཟས་དྲི་མ་ཞིམ་པ།
བཟས་ན་མངར་ཁ་འཛོམས་པ།

སྟེང་ཕྱོགས་ལྷ་ནས་ཕེབས་པའི།
མགྲོན་པོ་པད་མའི་མེ་ཏོག
ཁྱེད་རང་ཕེབས་པས་ཡག་སོང་།
བཞུགས་གྲལ་འོད་ཀྱིས་ཁེངས་སོང་།

མཆོད་ཆང་ག་ཚོད་འདུག་གས་?
པུ་རིལ①ཀྱོམ་ཀྱོམ་གནང་དང་།
རང་ཞེན་མི་ཞེན་མེད་པར།
པུ་རིལ་ནང་ནས་ཞུས་དང་།

མཆོད་ཆང་མངར་སིལ་ལྡན་པ།
རག་སྐྱོགས་གསེར་ཁ་དྭངས་པ།
མཆོད་མཁན་སྟག་ཤར་གཞོན་པ།
ཞུ་མཁན་དམན་ཆུང་བུ་མོ།

མཆོད་ཆང་ཞལ་ལ་མཆོད་པར།
མཆོད་ལུགས་སྣེ་ཁ་བཅོ་བརྒྱད།
གསུམ་སྒྲོན་མཉེས་དག་གནང་དང་།
ཐིགས་ཆང་མེད་པ་གནང་དང་།

དོ་དགོང་གཟིམས་འཇམ་གནང་ཞུ།
གཟིམས་འཇམ་དགོང་འབེལ་②གནང་ཞུ།
སངས་ཞོགས་དར་ལྕོག་ཉི་ཤར།
མཇལ་འཛོམས་ཡོད་པ་ཞུས་ཆོག
མཆོད་ཆང་བཞེས་པ་གནང་དང་།
ཞལ་དཀར་ང་རས་བཀྱག་ཆོག
ཞལ་དཀར་བཀྱག་པའི་རྗེས་ལ།
གསུང་གླུ་སྙན་པོ་ཕུལ་ཆོག

ང་ཚོ་དགའ་ནས་ཡོང་ཡོད།
སེར་བྱ་དཔུང་ཐང་ཤིག་ཤིག
དགའ་ནས་བྲལ་དགོས་མ་གཏོང་།
ནམ་མཁའི་བླ་མ་དཀོན་མཆོག

ཨ་མ་ཆང་ལ་དགའ་ནས།
བུ་མོ་ཆང་རྩིར་བརྒྱབ་སོང་།
ཨ་མ་བསམ་བློ་ཐོངས་དང་།
བུ་མོ་ཆང་ལས་དགའ་འགྲོ།

ང་ཚོ་ཡར་ཡར་འགྲོ་དུས།
ཁ་བ་མར་མར་བབས་བྱུང་།
ཁ་བ་བབས་པས་ཡག་བྱུང་།
ཁ་གཞུག་ཉི་མ་དྲོ་སོང་།
གནས་མོ་ཆང་ཞིམ་བག་གྲོ།
ཆང་ལ་ཆུ་ཞིག་བསྐྱོན་དང་།
མགྲོན་པོ་ཀྲན(སྲན)མའི་མེ་ཏོག
ཕྱགས་སུ་ཕེབས་པ་གནང་དང་།

ཆང་ལ་དགའ་ནས་གཙང་བཞེས།
ཞུས་པ་རྩ་ནས་མིན་ཏེ།
མི་ཚེ་སང་འགྲོ་གནངས་འགྲོ།
འགྲོ་ཡོང་བསམས་ནས་ཞུས་ཡོད།

དོ་དགོང་ཆང་མའི་ནང་ལ།
མ་བརྒྱབ་གོམ་པ་ཐལ་སོང་།
ཆང་མའི་མཆོད་ཆང་བདུད་རྩི།
མ་བཏུངས་གོང་ནས་བཟི་སོང་།

ཆང་ཅིག་འཐུང་ནའི་ང་རེད།
གླུ་ཅིག་གཏོང་ནའི་ང་རེད།
དོ་དགོང་བཞུགས་གྲལ་སྒོར་མོ།
སྤྲོ་པོ་བཟོ་མཁན་ང་རེད།

ཨ་མ་ཆང་མའི་ནང་ལ།
ནོར་བུ་མི་འདུག་མ་ཟེར།
ཇ་ཁྲ་གསེར་གྱི་ཨ་ལོང་།
ནོར་བུ་མིན་ན་གང་ཡིན།

ཞིང་ཁ་རྒྱ་ཞིང་ཕྲ་མོ།
སྙེ་མའི་ཞོ་ཀ་འགྲིགས་སོང་།
ཁྲུང་དམག་ཉིན་མཚན་ལྟག་འཕྲོད།
བརྒྱབ་སོ་ཆོག་ཀ་ཡོད་དོ།

བཞུགས་གྲལ་གཡས་གྲལ་གཡོན་གྲལ།
ལྷ་ཡི་བཞུགས་གྲལ་མིན་ནམ།
ཆང་དེ་གཡུ་མཚོ་འཁྱིལ་འདྲ།
ལྷ་ཡི་ཡོན་ཆབ་མིན་ནམ།

ཆང་ཅིག་བཏུངས་ནས་ཡོང་ཡོད།
ར་ཅིག་བཟི་ནས་ཡོང་ཡོད།
ར་བཟི་སྐྱུར་འགོང་མེད་པ།
དམ་བཅའ་བཞག་ནས་ཡོང་ཡོད།

ད་ལོ་ལོ་ལེགས་ཡག་བྱུང་།
འབྲུ་ཡིས་བང་མཛོད་ཁེངས་སོང་།
ལོ་ལེགས་ཡག་པའི་མཆོད་ཆང་།
ནང་མི་ལྷན་རྒྱས་མཆོད་དང་།

ཆང་ཅིག་འཐུང་དགོས་བསམས་ནས།
གནས་མོའི་སྒོ་རྩ་འགྲིམས་ཡོད།
ཆུ་ཅིག་འཐུང་དགོས་བྱུང་ན།
རང་ཡུལ་ཟམ་པའི་འོག་ཡོད།

ཆང་དེ་ཞིམ་པའི་སྒང་ལ།
རིན་ཆེན་རྩམ་པ་བརྒྱབ་ཡོད།
དྭགས་པོ་བཤད་སྒྲུབ་གླིང་གི།
རྒུན་འབྲུམ་ལས་ཀྱང་མངར་བ།

ཆང་ཅིག་ང་ལ་བླུགས་དང་།
གནས་མོ་རང་ཡང་མཆོད་དང་།
གནས་མོ་ཆང་གིས་བཟི་ན།
བཟི་གཡོག་ང་རས་ཞུས་ཆོག

ཆང་གིས་སྦག་ཙམ་བཟི་སོང་།
ཡར་ཀླུང་ཨོ་བུ①འབྲོག་པ།
ར་བཟི་སྐྱུར་འགོང་མེད་པ།
དབུ་མནའ་བཞེས་ནས་ཕེབས་རོགས།

གནས་ཅིག་བསྐོར་བ་མ་གཏོགས།
མཆོད་པ་འབུལ་རྒྱུ་མ་བྱུང་།
བུ་མོ་ན་སོ་གཞོན་པས།
གླུ་ཡི་མཆོད་པ་ཕུལ་ཆོག

སྒོ་མོ་ཕྱི་སྒོ་ཡན་ཆད།
དཀར་མོ་འབྲུ་ཡི་བང་མཛོད།
སྒོ་མོ་ནང་སྒོ་མན་ཆད།
བདུད་རྩི་ཆང་གི་རྒྱ་མཚོ།

ང་ཚོ་ཆོས་གྲོགས་ལྷན་རྒྱས།
ལྷ་ཤིང་ཤུག་པ་འདྲ་ལ།
དབྱར་ཁ་སྔོ་ཡང་མི་སྔོ།
དགུན་ཁ་སྐྱ་ཡང་མི་སྐྱ།
ཆང་དེ་གཅིག་བཏུངས་གཉིས་བཏུངས།
འཐུང་སྙིང་འདོད་དུ་འདོད་དུ།
ང་ལ་བདུད་རྩི་ཆང་གི།
སྐལ་བ་མེད་འགྲོ་བསམ་གྱིས།

མ་བཏང་གླུ་མོས་གང་ཡོང་།
གླུ་མོས་ཟ་ཡས་མི་ཡོང་།
མི་འཐུང་ཆང་གིས་གང་ཡོང་།
ཆང་གིས་ཇ་ཆུ་མི་མཉན།

གླུ་ཅིག་གཏོང་དགོས་བསམས་ནའི།
ལྦ་བ་འགགས་ནས་མ་བྱུང་།
ལྦ་བ་འགགས་པ་ཡག་བྱུང་།
ལྦ་གླུ་སྙན་པོ་བཏང་ཆོག

(སོའོ)ཡུལ་ལ་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས།
ཡུལ་ལ་སྐྱིད་པོ་རྩེད་ཐང་གཞུང་ལ་ཡོག་རེད།
(སོའོ)དམན་ལ་མཛེས་པོ་གཅིག་དང་མཛེས་པོ་གཉིས།
དམན་ལ་མཛེས་པོ་ཆང་མ་དབྱངས་ཅན་ཡོག་རེད།
ང་ཚོ་གཅིག་ལ་སྒྲིལ་ཤོག
ང་ཚོ་གཉིས་ལ་སྒྲིལ་ཤོག
ང་ཚོ་ཁ་བཏགས་དཀར་པོའི།
རྒྱུ་དང་སྤུན་ལ་སྒྲིལ་ཤོག

སྐྱིད་པོ་ཨ་ཡོང་བསམས་ནས།
ཞིང་ལ་ཀྲན(སྲན)མ་བཏབ་ཡོད།
སྐྱིད་པོ་ཡོང་སྙིང་འདོད་སོང་།
ཀྲན་མས་ལག་གདང་བཏང་བྱུང་།

ས་ཐག་འགྱངས་ནས་ཕེབས་པའི།
མགྲོན་པོ་སྟག་ཤར་གཞོན་པ།
ཕྱག་སོ་ཕེབས་པ་ཡག་བྱུང་།
ཐུགས་ཅག་ལྷོད་ཙམ་གནང་དང་།

མཆོད་ཆང་བཞེས་ཚོད་བྱས་ན།
ཕན་པའི་སྨན་ལ་འགྲོ་ཡོང་།
ཚོད་མེད་ལྟོགས་འཐུང་བརྒྱབ་ན།
གནོད་པའི་དུག་ལ་འགྲོ་ཡོང་།

གཞོན་པས་བཞུགས་གྲལ་ཕྱོགས་ལ།
འཚང་ཁ་ཤིག་ཤིག་ཡོང་ཡོད།
ར་བཟི་སྐྱུར་འགོང་མི་ཤོད།
དམ་བཅའ་བཞག་ནས་ཡོང་ཡོད།

སྟག་ཤར་གཞོན་པས་གཡས་སྐྱོར།
དམན་ཆུང་བུ་མོས་གཡོན་སྐྱོར།
ར་བཟི་གླུ་གཞས་ལྷང་ལྷང་།
རང་ཡུལ་ཕྱོགས་ལ་ལོག་འགྲོ།
འགྲུལ་པ་སྐོམ་ནས་ཤི་སོང་།
མཆོད་ཆང་མགྱོགས་པོ་སྣོམས་ཤོག
དུས་སང་མཇལ་རྒྱུ་བྱུང་ན།
བཀའ་དྲིན་ཆེན་པོ་གསོལ་ཆོག

མགྲོན་པོ་ཕར་ལ་ཐད་དུས།
འགྲོས་ཆེན་རྟ་ཕོས་བསྐྱལ་ཡོད།
མགྲོན་པོ་ཚུར་ལ་ཕེབས་དུས།
ཆང་དང་ཇ་ཁྲས་བསུས་ཡོད།

ཀ་བཞི་གདུང་བརྒྱད་ནང་ལ།
ཕྱོགས་བཞིའི་གྲོགས་པོ་འཛོམས་སོང་།
ཞིམ་པོའི་ཆང་ཡང་བཞེས་སོང་།
སྙན་པོའི་གླུ་ཡང་བཏང་སོང་།

གསེར་མདངས་ལྡན་པའི་མཆོད་ཆང་།
གསུམ་སྒྲོན་མཉེས་དག་གནང་དང་།
ཕན་ཚུན་འགལ་བ་མེད་པ།
དགའ་དགའ་སྤྲོ་སྤྲོ་གནང་དང་།

ཟླ་བ་སྒྲོལ་མས་བསྐུར་བའི།
པུ་རིལ་ནང་གི་མཆོད་ཆང་།
མཆོད་ཆང་འཐུངས་ཐེངས་རེ་ལ།
ཟླ་བ་རེ་རེ་དྲན་བྱུང་།
མགྲོན་པོ་ལ་མོ་ཡར་ཡར་ཕེབས་མཆོད་ཆང་མཆོད།
མགྲོན་པོ་ལ་མོ་མར་མར་ཕེབས་བཞུགས་གདན་འཇགས།
ཞུགས་གདན་འཇགས་ལ་ཆང་དག་རེད་ཆབ་ཀྲག་རེད།
གཞོན་པ་ང་ཚོ་མཁའ་འགྲོ་རེད་གླུ་གཞས་གཏོང་སྤྲོ་སྐྱིད་གཏོང་།

ཆང་དེ་དང་པོས་མ་བཟི་སྐལ་བཟང་ལགས།
ཆང་དེ་གཉིས་པས་མ་བཟི་སྐལ་བཟང་ལགས།
ཆོས་གྲོགས་དམ་ཚིག་གཙང་བའི་སྐལ་བཟང་ལགས།
ཞལ་དཀར་གང་གིས་བཟི་སོང་སྐལ་བཟང་ལགས།

ཆང་ཅིག་བཏུངས་ཡོད་བཏུངས་ཡོད།
བརྒྱད་ཅུ་ཐམ་པ་བཏུངས་ཡོད།
ད་དུང་ཕུབ་མའི་འོག་ལ།
དགུ་བཅུ་བསྙལ་ནས་བཞག་ཡོད།

ང་ཚོ་འདི་རུ་འཛོམས་འཛོམས་ལྕང་གླིང་གྲུ་བཞི་ལགས།
གཏམ་དུ་འཛོམས་རྒྱུ་བྱང་ན་བྱིའུ་ཆུང་འཇོལ་མོ་ལགས།
བྱིའུ་ཆུང་འཇོལ་མོ་འདི་རུ་མ་བཞུགས།
ཤིང་བཟང་སྦྱག་པའི་འོག་ལ་མཆོད་ཆང་མཆོད་པར་ཕེབས་ཤིག

མཆོད་ཆང་ང་རས་བཀྱག་ཆོག་ཀ་བཞི་གདུང་བརྒྱད་ལགས།
མི་བཟང་གསེར་གྱི་ཕོ་ཉ་སྟག་ཤར་གཞོན་པ་ལགས།
སྟག་ཤར་གཞོན་པ་དེ་རུ་མ་བཞུགས།
ཁང་བཟང་གྲུ་བཞིའི་ནང་ལ་མཆོད་ཆང་མཆོད་པར་ཕེབས་ཤིག
༡༠
ཕྱག་སོར་གཡས་པས་བཀྱག་ན།
གཡས་པ་ཧོབ་འཁྱོག་ཆེ་བ།
ཕྱག་སོར་གཡོན་མས་བཀྱག་ན།
གཡོན་མ་ཕུ་ཐུང་ཐུང་བཞག
ལུས་སེམས་གཉིས་ཀྱིས་བཀྱག་པའི།
མཆོད་ཆང་གཙང་བཞེས་གནང་དང་།

འཚོ་བ་ཡར་རྒྱས་མ་གཏོགས།
མར་རྒྱས་འགྲོ་ས་མ་རེད།
ཡར་རྒྱས་འགྲོ་བའི་མཆོད་ཆང་།
མགྲོན་པོས་གཙང་བཞེས་གནང་དང་།
དཔོན་བཟང་བྲག་སྟོད་མཐོན་པོ།
ཞབས་ཕྱི་ཐང་དཀར་རྒོད་པོ།
ཐང་དཀར་རྒོད་པོའི་བློ་གཏད།
བྲག་སྟོད་མཐོན་པོར་བཅོལ་ཡོད།
༡༡
གནས་ཆུང་བཙོས་པའི་ཆང་ལས།
སྒམ་པའི་བར་ཆུ་ཞིམ་པ།
བར་ཆུ་ཞིམ་པོ་ལོས་ཡོང་།
ཆུ་སྣ་ལྔ་བརྒྱའི་ཆུ་རེད།

གྲལ་འགོ་ཡར་གིར་ཞུས་དང་།
གསེར་སྐྱོགས་ཆ་གཅིག་ཞུས་དང་།
གསེར་སྐྱོགས་གསེར་ཁ་དྭངས་པ།
ལྡེམ་ལྡེམ་ལྡེམ་ལ་འཁྱོགས་དང་།
གསེར་སྐྱོགས་གསེར་ཁ་དྭངས་པ།
སིམ་སིམ་སིམ་ལ་མཆོད་དང་།

གྲལ་དཀྱིལ་འདི་ལ་ཞུས་དང་།
གཡུ་སྐྱོགས་ཆ་གཅིག་ཞུས་དང་།
གཡུ་སྐྱོགས་གཡུ་ཁ་དྭངས་པ།
ལྡེམ་ལྡེམ་ལྡེམ་ལ་འཁྱོགས་དང་།
གཡུ་སྐྱོགས་གཡུ་ཁ་དྭངས་པ།
སིམ་སིམ་སིམ་ལ་མཆོད་དང་།

གྲལ་གཞུག་མར་གིར་ཞུས་དང་།
རག་སྐྱོགས་ཆ་གཅིག་ཞུས་དང་།
རག་སྐྱོགས་རག་ཀ་དྭངས་པ།
ལྡེམ་ལྡེམ་ལྡེམ་ལ་འཁྱོགས་དང་།
རག་སྐྱོགས་རག་ཀ་དྭངས་པ།
སིམ་སིམ་སིམ་ལ་མཆོད་དང་།
༡༢
བཞུགས་གྲལ་མི་རེ་ངོ་རེས།
གསུང་གཞས་རེ་རེ་གནང་དང་།
ཆང་ལ་བོང་བུ་ཆུ་འཐུང་།
བསྐྱོན་པ་གནང་ནས་གང་ཡོང་།

བཞུགས་གདན་སྟག་ལྤགས་སྒང་ལ།
མི་པོ་གཡང་ཆགས་བག་གྲོ།
ཞལ་ནས་གསུངས་ཀྱང་མི་གསུངས།
ཁམས་གསུམ་དབང་གིས་བསྡུས་སོང་།

དབྱར་ཁ་སྤང་གཤོངས་སྐྱིད་པ།
སྤང་གཤོངས་རྩྭ་སྣ་འཛོམས་པ།
དགུན་ཁ་ཕོ་བྲང་སྐྱིད་པ།
ཕོ་བྲང་ཇ་ཆང་འཛོམས་པ།

འགྲོ་དགོས་འགྲོ་དགོས་བསམས་ནས།
རྟ་ལ་སྟད་སྒ་བརྒྱབ་ཡོད།
དགའ་བའི་མི་ཅིག་འཛོམས་ནས།
ཞག་གཅིག་ཞག་གཉིས་ལུས་བྱུང་།

མཁར་ཆུ་གསེར་གྱི་རི་ལ།
ཀུན་དགའ་གཡུ་ཡི་ཕོ་བྲང་།
གཞོན་གཞོན་ཁྲུང་དམག་རྒྱག་ས།
སྐྱིད་པའི་ཁུངས་བཙན་ལྷ་ཁང་།

ཐག་རིང་རྒྱང་ནས་ཕེབས་པའི།
མི་བཟང་གསེར་གྱི་ཕོ་ཉ།
ཁང་བཟང་སྐྱིད་པའི་ནང་ལ།
མཆོད་ཆང་བཞེས་པར་ཕེབས་ཤིག
༡༣
ཆང་དེ་སླ་པོ་མ་ཟེར།
ང་ནི་སླ་པོས་བཟི་བྱུང་།
ཁྱེད་ལ་མཆོད་རྩལ་ཡོད་ན།
རྫ་མ་མགོ་ལ་གོན་ཞིག

ང་ཚོའི་དཔོན་པོ་ལྷ་རེད།
དཔོན་པོའི་ཆིབས་པ་འཇའ་རེད།
འཇའ་ལ་སྟད་སྒ་བརྒྱབ་ནས།
སྒོས་གཞིས་ཕྱོགས་ལ་ལོག་འགྲོ།

དཀར་མོ་ནས་ཀྱིས་བཙོས་པའི།
ཞིམ་པོའི་མཆོད་ཆང་མངར་མོ།
ཧོབ་སྟེ་བལྟས་པ་ཙམ་གྱིས།
སེམས་པའི་སྡུག་བསྔལ་བསངས་སོང་།

ང་ཚོ་གྲོགས་པོ་གྲོགས་མོ།
སྐྱིད་པོ་འདི་འདྲ་ཡོད་ན།
དགྲ་ལ་མི་རྟག་འཆི་བ།
མེད་ན་དེ་འདྲའི་དགའ་ལ།

ཁྱེད་ནི་བ་ལུའི་མེ་ཏོག
ང་ནི་སུ་ལུའི་མེ་ཏོག
བ་ལུ་སུ་ལུ་གཉིས་པོ།
དྲི་མ་ཕར་ཞིམ་ཚུར་ཞིམ།

གཞས་དང་ཞབས་བྲོའི་ཕྱོགས་ལ།
རྒྱུག་རྒྱུ་མེད་པ་མ་རེད།
ལུང་པ་ཆང་ས་ཆེ་བས།
ཞབས་བྲོའི་བང་མཛོད་འདྲ་ཡོད།

ཆང་ཅིག་མི་འཐུང་ཟེར་བ།
ཁ་ཡི་མཛེས་བཟོ་ཡིན་འགྲོ།
རྒྱ་མཚོ་ཁ་ལ་རག་ན།
འཐུང་ལ་ཤར་ཤར་ཡིན་པ།

བཞུ་མར་གྲུ་བཞིའི་ནང་གི།
སྡོང་རས་ཀ་ཅི་དཀར་པོ།
དགའ་བའི་མི་ཅིག་འཛོམས་དུས།
མུན་པ་གསལ་དུ་ཐོངས་དང་།
འབྲེལ་ཡོད་འོས་སྦྱོར།