logo

༄༅།།གཅུང་དོན་ཡོད་དོན་གྲུབ་ཀྱི་རྣམ་ཐར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-16 ཀློག་གྲངས།:
དགེ་རྒན། རྣམ་ཐར། ཤིང་དེ་རྒྱབ་རི་ལ་འཁོར་བའི། ཨ་ཁུ་ལྷ་ཤིང་གི་ཤུག་པ། དྲི་མཆོག་ཞིམ་པ་ལ་བལྟས་ན། སྟེང་ཕྱོགས་ལྷ་ཡུལ་དུ་ཁྱབ་སོང༌། 
རྔོན་པ། རྣམ་ཐར། རྔོན་པ་ཆས་ཡོད་སྟེང་ཕྱོགས་ལྷ་ཡུལ་ནས་ཆས་ཡོད། ལྷ་ཆེན་ཚངས་པ་བརྒྱ་སྦྱིན་ངོམས་ནས་ཆས་ཡོད། 
དགེ་རྒན། རྣམ་ཐར། བཀྲ་ལ་ཤིས་པའི་ཆོས་མཚམས། སྤང་ལེབ་འཛིན་མའི་གླུ་གར། དམ་པའི་ཆོས་ལ་འབུལ་ལོ།   
དགེ་རྒན། གཞུང༌། རྔོན་པའི་ས་བཅག་དང་ས་འདུལ། ཞབས་དྲུང་ལཊ་ཕུལ་ཟིན་པ་ཡིན་ནོ། 
རྔོན་པ། གཞུང༌། རྔོན་པའི་ས་བཅག་དང་ས་འདུལ་དེ་ཚོ་ད་ནང་ཕོ་བྲང་རྒྱལ་མཚན་དབུ་ཏོག་ཉི་ཤར་ལ་ཕུལ་ཟིན་པ་ཡིན་ནོ། 
རྒྱ་ལུ། གཞུང༌། ལྷ་མོའི་ཕྱག་རྒྱ་དང་མདོ་ཆོས། པད་སྐོར་དེ་ཚོར་ཡག་པོ་བྱས་ནས་གཟིགས་དགོས། 
རྔོན་པ། གཞུང༌། རྒྱ་ལུས་གནང་དག་མེད་པ། 
རྒྱ་ལུ། གཞུང༌། སྒྲོལ་མ་ཉེར་གཅིག་མ་ཐོན་བར་དུ་འདི་ལྟར་བྱས་ནས་སྡོད་ཀྱི་ཡིན།  
རྔོན་པ། གཞུང༌། པགས་གོང་མགོ་མཇུག་མ་ཤེས་པར་སྒྲོལ་མ་ཤེས་ཀྱི་ཨ་ཡོད། 
རྒྱ་ལུ། དེ་འདྲ་རང་ཨེ་ཡིན།
དགེ་རྒན། གཡས་རུ་ཁྲ་མོ་གཡས་ལ་ཤིག  གཡོན་རུ་ཁྲ་མོ་གཡོན་ལ་ཤིག གཡས་ཤིག་དང་གཡོན་ཤིག་བྱེད་པ་ནི་རྒྱ་ལུ་ལྷ་མོ་རྣམས་ཀྱི་གོམས་སྲོལ་ཡིན། 
རྒྱ་ལུ། རྣམ་ཐར། ཨ་མ་ལེ་ཧོ། དུས་བཟང་ཞིག་ལ་ཆང་དང་ཇ་ཁྲའི་ཕྱོགས་སུ་རོང་སེ་རོང༌། 
རྒྱ་ལུ། རྣམ་ཐར། གངས་རི་ར་བས་སྐོར་བའི་ཞིང་འདི་ནི། ཕན་དང་བདེ་བ་འབྱུང་བའི་གནས་ཤིག་ཡིན། 
རྒྱ་ལུ། རྣམ་ཐར། ཡིད་འཕྲོག་རྣམ་པར་ཐར་པའི་ཁྲོད་ནས་ལྷ་མོའི་སྐུ་ལ་བསྟོད་དོ། །
ལྷ་མོ། རྣམ་ཐར། ཀླུ་རྒྱལ་འཇོག་པོ་མི་སྡོད། མཚོ་ནང་མ་ཀིར་ཆས་འགྲོ། 
དགེ་རྒན། གཞུང༌། ན་མོ་གུ་རུ་རྡ་མ་ས་ར་ཡ། བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད། སྲས་ཀྱི་མཐུ་བོ་འཕགས་མཆོག་སྤྱན་རས་གཟིགས། དྲིན་ཅན་རྩ་བའི་བླ་མ་སྐུར་བཞེངས་པའི། རྒྱལ་མཆོག་ཡབ་སྲས་གཉིས་ལ་ཕྱག་འཚལ་ལོ། 
གཞུང༌། ལྡབ་སྐྱོར། 
གཞུང༌། དེ་འང་སྔོན་རྒྱ་གར་འཕགས་པའི་ཡུལ་ཞེས་བྱ་བ་ན། ཆོས་ཀྱི་རྒྱལ་པོ་སྟོབས་ཀྱི་ལྷ་ཞེས་རྒྱལ་སྲིད་དར་ཞིང་ལོངས་སྤྱོད་ཆེ་བ། མངའ་ཐང་རྒྱས་ཤིང་སྟོབས་འབྱོར་ཆེ་བ། རྒྱལ་ཁྲིམས་གཙང་ཞིང་འཁོར་འབངས་བདེ་བ། ཆོས་ལ་དཀར་ཞིང་གཏོང་ཕོད་ཆེ་བ་ཞིག་ཡོད།  
གཞུང༌། ལྡབ་སྐྱོར། 
གཞུང༌། རྒྱལ་པོ་དེ་ལ་ཡུམ་ཀུན་བཟང་མ་ཞེས་དཀོན་མཆོག་མཆོད་ཅིང་དད་གུས་ཆེ་བ། གཡོ་སྒྱུ་མེད་ཅིང་ཀུན་ལ་བྱམས་པ། སྙིང་རྗེ་ཆེ་ཞིང་ཆོས་ལ་བཙུན་པ་ཞིག་ཡོད་པས། རྒྱལ་པོ་ཡབ་ཡུམ་གཉིས་ཕྱག་ཕེབས་ཤིག 
རྒྱལ་པོ། རྣམ་ཐར། ད་ཡང་མི་སྡོད་ད་ཡང་བཏང་ནས་འགྲོ། ད་ཡང་ཕོ་བྲང་ཕྱོགས་ལ་བཏང་ནས་འགྲོ། 
ཆོས་བློན། རྣམ་ཐར། མི་དབང་ས་བདག་རྒྱལ་པོ་རིན་པོ་ཆེ། སྙན་གྱི་དབང་པོ་བློན་པོའི་ཕྱོགས་ལ་གསོན། 
རྒྱལ་པོ། རྣམ་ཐར། ལེགས་པར་ཡོང་ངོ་ཆོས་བློན་མཁས་པའི་ཚོགས། ཁྱེད་རྣམས་གྲོས་བྱས་མཐུན་པའི་གཏམ་དེ་རྣམས། 
དགེ་རྒན། གཞུང༌། ཁོ་བོའི་བློ་ལ་བབས་ཤིང་སེམས་དང་མཐུན། དེ་ཕྱིར་ཡར་ལ་དཀོན་མཆོག་མཆོད་པ་དང༌། རིམ་འགྲོ་ཆོ་ག་རྒྱ་ཆེར་བགྱིས་དགོས་ན། བླང་དོར་མ་འཛོལ་གསལ་པར་སྟོན་པ་ཡི། མེས་པོ འི་ཚོགས་རྣམས་གནས་འདིར་འབོད་ནས་ནི། ཐབས་དང་རིམ་འགྲོ་ཇི་ལྟར་བྱ་དགོས་དྲིས། མོ་པ་ཀ་ཎི་ཊ་ཕྱག་ཕེབས་ཤིག  
མོ་པ། རྣམ་ཐར། ས་བདག་རྒྱལ་པོའི་བཀའ་དེ་གསར་ལས་ལྕི། དང་དུ་མི་ལེན་མི་སྒྲུབ་རང་ལ་གནོད། 
གཞུང༌། དེས་ན་མོ་རྩིས་ཚུལ་བཞིན་བྱེད་དགོས་ན། རྗེས་སུ་ཐུགས་ལ་དགོངས་ཤིག་ས་བདག་རྗེ།(མོ་འདེབས་བར་ཕེབས་པ།)
གཞུང༌། དང་པོའི་སངས་རྒྱས་འཇམ་དབྱངས་ལྷག་པའི་ལྷ། གུས་པས་འདུད་དོ་ཤེས་རབ་གནང་བར་སྩོལ། འདི་ནས་དཔག་ཚད་བརྒྱ་ཕྲག་འགྲོ་བའི་སར། རྒྱལ་མཚོའི་གླིང་ལས་ཐོན་པའི་ཕ་རོལ་ན། ལྷ་གནས་ཀོ་ཤ་ཞེས་བྱའི་གླིང་དེ་རུ། དཀོན་མཆོག་མཆོད་ཅིང་གསོལ་བ་འདེབས་པར་བྱ། 
དགེ་རྒན། གཞུང༌། ཀོ་ཤའི་གླིང་དུ་འགྲོ་མཁན་གྱི་གྲུ་པ་རྣམས་ཕྱག་ཕེབས་ཤིག  
གྲུ་པ། ཡ་གི་གངས་སྟོད་ཡི་ལ་སྤྱན་གཟིགས་དང༌། ཤྭ་བ་རྣམས་ཚོ་རྭ་རྩེད་ངོམས་བཞིན་འདུག 
དགེ་རྒན། གཞུང༌། ས་གཙང་ཀོ་ཤའི་གནས་སུ་ཞག་བདུན་གྱི་བར་དཀོན་མཆོག་ལ་གསོལ་བ་བཏབ། དེ་བ་ཙ་མུ་ཎྜི་སོགས་ལ་གཏོར་གསོས་ཕུལ། སྡེ་བརྒྱད་ལ་མཆོད་གཏོར་བཤམས།
རྒྱལ་པོ། རྣམ་ཐར། ཀི་ཀི་སྭ་སྭ་བླ་མ་ཡི་དམ་དཀོན་མཆོག་གསུམ། མཁའ་འགྲོ་ཆོས་སྐྱོང་གཞིས་བདག་རྣམས་ཀྱིས་དགོངས་སུ་གསོལ།  
དགེ་རྒན། གཞུང༌། ཆོས་གཏོར་གཙང་མ་ལྷ་ལ་ཕུལ་ནས་ནི། རྒྱལ་བློན་འཁོར་བཅས་ཕོ་བྲང་ནང་དུ་ཕེབས། བཙུན་མོར་རྨི་ལམ་བཟང་པོ་འདི་འདྲ་རྨིས། 
བཙུན་མོ། རྣམ་ཐར། མདང་གསུམ་ཁོ་མོ་ཉལ་བའི་རྨི་ལམ་དུ། ཡ་མཚན་ཆེ་བའི་རྨི་ལྟད་འདི་ལྟར་བྱུང༌།    
དགེ་རྒན། གཞུང༌། དེ་ནས་ཟླ་དགུ་ངོ་བཅུ་ལོན་པའི་རྗེས། སྲས་ཁྱད་པར་ཅན་ཞིག་འཁྲུངས་པ་ཕྱག་ཕེབས་ཤིག  
དོན་གྲུབ། རྣམ་ཐར། ཀྱེ་མ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། བདག་སོགས་ཉམ་ཐག་འགྲོ་ལ་ཐུགས་རྗེས་གཟིགས།  
ལྡབ་སྐྱོར་རྣམ་ཐར། 
དགེ་རྒན། གཞུང༌། འཇིག་རྟེན་བྱ་པའི་ལས་ལ་གཡེངས་གཡེངས་ནས། དལ་འབྱོར་སྟོང་ལོག་བྱེད་པ་སྙིང་རེ་རྗེ། 
དོན་གྲུབ། གཞུང༌། སྔོན་བསགས་བསོད་ནམས་བྱེ་བས་སྐྲུན་པ་ཡི། ལན་གཅིག་ཐོབ་པའི་དལ་འབྱོར་མི་ལུས་འདིར། 
དགེ་རྒན། གཞུང༌། མཚན་མཁན་བྲམ་ཟེ་བྷ་དྲ་ཕྱག་ཕེབས་ཤིག 
བྲམ་ཟེ། རྣམ་ཐར། ངོ་མཚར་ཅན་གྱི་སྲས་མཆོག  རྒྱལ་ཀུན་སྙིང་རྗེའི་གཟུགས། མཚན་དང་དཔེ་བྱད་འབར་བ། ལོ་ཀེ་ཤྭ་རིའི་རྣམ་སྤྲུལ།  
གཞུང༌། ཐུགས་དཀར་འོད་ཟེར་འཕྲོ་བའི་ཧྲི་ཡིག་མཇལ་རྒྱུ་ཡོད་པས། ཁྱེད་བློན་པོ་རྣམས་ཡག་པོ་བྱས་ནས་མཇོལ་ཅིག  
དགེ་རྒན། གཞུང༌། རྒྱལ་པོ་དོན་གྲུབ་དགུང་ལོ་ལྔ་ལ་ཕེབས་སྐབས་ཡུམ་ཀུན་སྐྱིད་དེ་ཉིད་སྙུན་གཞི་དྲག་པོས་གྲོངས། 
ཞབས་དྲུང༌། ལྡབ་སྐྱོར། 
དགེ་རྒན། གཞུང༌། འོན་ཀྱང་ཡབ་རྒྱལ་པོ་སྐུ་ན་གཞོན་པས་ཇོ་མོ་ཞིག་བཞེས་དགོས་བློན་འབངས་རྣམས་ཀྱིས་གྲོས་བྱས་ཀྱང་ཚད་ལྡན་གྱི་བུ་མོ་ཞིག་མ་རྙེད་པའི་བར་འཆམ་གཟིགས་ལ་ཕེབས་སྐབས་ཕལ་པའི་བུ་མོ་མཛེས་པ་ཞིག་རྒྱལ་པོས་གཟིགས། 
གཞུང༌། འཆམ་འཛིན་དེ་ཡང་ཕྱག་ཕེབས་ཤིག (ཆོས་སྐྱོང་རིན་པོ་ཆེ་ལ་མགུལ་དར་ཕུལ་ནས་སྨོན་ལམ་བཏབ།)
ཡབ་རྒྱལ་པོ། རྣམ་ཐར། མཛེས་ལྡན་བུ་མོ་སྟོང་གི་དབུས་དེ་ནས། ཡིད་འོང་བུ་མོ་པད་མ་ཅན་དེ་ཉིད།  
བློན་པོ། གཞུང༌། ཡབ་རྒྱལ་པོ། ཕལ་པའི་བུ་མོ་དེ་འདྲ་ཇོ་མོར་བཞེས་ན། གཞན་གྱིས་འཕྱ་སྨོད་བྱེད་ཀྱི་མ་རེད་དམ། 
ཡབ་རྒྱལ་པོ། གཞུང༌། བྱེད་ཀྱི་མ་རེད། (བློན་པོས་བུ་མོ་འཚོལ་དུ་ཕྱིན་ནས་རྙེད།)
བློན་པོ། རྣམ་ཐར། མཛེས་སྡུག་ལང་ཚོ་ལྡན་པའི་པད་མ་ཅན། ཁྱོད་ཀྱི་རིགས་རུས་ཆོ་འབྲངས་ཅི་འདྲ་ཡིན། 
ཕལ་པའི་བུ་མོ། རྣམ་ཐར། ཚུར་ལ་གསན་དང་ནང་བློན་རིག་པ་ཅན། བུ་མོ་བདག་ནི་ཕལ་བའི་བུ་མོ་ཡིན། 
དགེ་རྒན། གཞུང༌། རྒྱལ་པོ་སྐྱེད་མོས་ཚལ་གྱི་ཁྲུས་ཀྱི་རྫིང་བུའི་ཁར་བྱོན་པ་དང༌། བློན་པོས་བུ་མོ་རྒྱབ་ཏུ་འཁུར་ནས་རྒྱལ་པོའི་དྲུང་དུ་ཕྱིན། 
གཞུང༌། བཙུན་མོར་མངའ་གསོལ་བ་སོགས་མེད་པར་ཁབ་ཏུ་བཞེས། བཙུན་མོའི་རྨི་ལམ་རྒྱལ་པོར་ཞུས། 
བཙུན་མོ། རྣམ་ཐར། མདང་གསུམ་ཁོ་མོ་ཉལ་བའི་རྨི་ལམ་ལ། ལྭ་བ་སེར་པོ་གྱོན་པའི་སྲས་ཤིག་རྨིས། 
དགེ་རྒན། གཞུང༌། དེ་ནས་ཟླ་ཞག་ཐིམ་པ་དང༌། བཙུན་མོ་པད་མ་ཅན་ལའང་སྲས་ཁྱད་པར་ཅན་ཕྱག་ཞབས་ལ་འཁོར་ལོའི་རང་བྱོན་འོད་ཟེར་འཕྲོ་བ་ཞིག་འཁྲུངས།  
སྲས་དོན་ཡོད། རྣམ་ཐར། ད་ནི་འདི་རུ་མི་སྡོད་བཏང་ནས་འགྲོ། ཡབ་ཡུམ་བཞུགས་པའི་ཕྱོགས་སུ་བཏང་ནས་འགྲོ།  
དགེ་རྒན། གཞུང༌། བྲམ་ཟེ་མཚན་མཁན་ཕྱག་ཕེབས་ཤིག  
བྲམ་ཟེ། རྣམ་ཐར། ལྷག་བསམ་རྣམ་པར་དག་ཅིང༌། དཀོན་མཆོག་ཐུགས་རྗེའི་སྟོབས་ཀྱིས། རྒྱལ་སྲིད་ཆོས་བཞིན་སྐྱོང་བའི། སླར་ཡང་སྲས་ཤིག་འཁྲུངས་འདུག  
སྐད་ཆ། ཕྱག་ཞབས་འཁོར་ལོའི་རང་བྱོན་འབུར་དོད་ལ་འོད་ཟེར་འཕྲོ་བའི་རང་བྱོན་ཡོད་པས་ཁྱེད་ཅག་བློན་པོ་རྣམས་ཀྱིས་ཡག་པོ་མཇལ་ཅིག  
དགེ་རྒན། གཞུང༌། གཅུང་པོ་སྐུ་མཆེད་གཉིས་ནི་ཐུགས་སེམས་ཉིན་ཏུ་བརྩེ། གཉིས་ཀ་ཐོག་སྐོར་ལ་ཕེབས་ནས་གཟིགས་མོ་གཟིགས། རྒྱལ་པོ་དོན་གྲུབ་ཐུགས་ལ་མི་རྟག་པ་དང་སྡུག་བསྔལ་སྣ་ཚོགས་འཁྲུངས། 
དོན་གྲུབ། རྣམ་ཐར། རང་ཅག་གཞོན་པའི་ལང་ཚོ་དར་བ་འདི། ལོ་དང་ཟླ་བ་ནས་ཞག་གིས་རིམ་བཞིན་ཟད། 
དགེ་རྒན། གཞུང༌། བཙུན་མོ་ཕལ་བའི་བུ་མོའང་ཐོག་སྐོར་ལ་ཕེབས་ནས་གཟིགས་སྐབས་བྱིས་པ་འགས་རྒྱལ་གཞིས་ཐད་རྩོད་གླེང་སྣ་ཚོགས་བྱེད་པ་གཟིགས། བྱིས་པ་རྣམས་ཕྱག་ཕེབས་ཤིག  
བྱིས་པ། རྣམ་ཐར། རྒྱལ་བུ་དོན་གྲུབ་ཀྱིས་ནི་རྒྱལ་གཞིས་འཛིན། ཟངས་གླིང་ཡུལ་ན་སྐྱིད་པའི་ཉི་མ་ཤར། 
དགེ་རྒན། གཞུང༌། ཟངས་གླིང་ཡུལ་མིས་གཏམ་གླེང་བྱེད་ཚུལ་ལ་བལྟས་ན། རྒྱལ་སྲིད་ཨ་ཇོ་དོན་གྲུབ་ཀྱིས་བྱེད་པ་ལས། ང་ཡི་བུ་ལ་རྒྱལ་སྲིད་མི་ཐོབ་འདྲ་བསམ་ནས་བསམ་ངན་འཁོར། འགྲམ་པ་གཡས་སུ་བཙག་བྱུག་གཡོན་དུ་རམ་བྱུག་ནས། རྒྱལ་བུ་ཡབ་སྲས་ཞབས་སྐོར་གནང་སར་འགྱེལ་ཁུལ་བྱས། 
རྒྱལ་པོ། རྣམ་ཐར། ང་ཡི་བཙུན་མོ་དམ་པའི་སྙུན་གཞི་འདི། རླུང་མཁྲིས་བད་ཀན་གང་གི་སྙུན་གཞི་ཡིན། 
དགེ་རྒན། གཞུང༌། ཀྱི་ཧུད་བདག་གི་ནད་ལ་ཕན་པའི་ཐབས། ཡོད་ཀྱང་དེ་འདྲ་ཞུས་པ་ག་ལ་ཡོང༌། 
བཙུན་མོ། རྣམ་ཐར། གོང་མཚུངས། 
དགེ་རྒན། གཞུང༌། ཅིས་ཀྱང་ཕན་པའི་ཐབས་ཤིག་མཛད་དགོངས་ན། 
ལྡབ་སྐྱོར། རྟེན་གྱི་དྲུང་དུ་དབུ་གནའ་བཞེས་པར་ཞུ། རང་རེའི་རྒྱལ་བུ་དོན་གྲུབ་ཟེར་བ་དེ། མི་མིན་བདུད་ཀྱི་སྤྲུལ་པ་ཡིན་པར་འདུག  དེ་ནི་དང་པོ་ཀོ་ཤ་ལྷ་ཡིས་གནས། ད་ནི་ཀོ་ཤའི་ཡུལ་དུ་བརྫངས་བར་ཞུ།  
དོན་གྲུབ། རྣམ་ཐར། ཁྱོད་རང་ཨ་ཇོ་བདག་ལ་མ་བལྟས་པར། ཡབ་ཡུམ་སྤྱི་བོར་བཀུར་ལ་རྒྱལ་སྲིད་བཟུང༌། 
དགེ་རྒན། གཞུང༌། ཨ་ཇོ་མི་མེད་མཐའ་ཁོབ་ལྷ་འདྲེའི་ཡུལ། གང་དུ་ཕེབས་ཀྱང་བདག་ཅག་ཁྲིད་པར་ཞུ།  
དོན་ཡོད། རྣམ་ཐར། གོང་གསལ་གཞུང་ཚིག་དང་མཚུངས། 
དགེ་རྒན། གཞུང༌། གཅེན་གཅུང་གཉིས་ཞལ་བྲལ་མི་ནུས་པར་བཞུགས། སྐྱེལ་མ་ཞུ་མཁན་རྣམས་ཕེབས་ཤིག  
གཞུང༌། དེ་ནས་ཆོས་བློན་རབ་བརྟན་དང་ཛ་ཡ་རྡ་ར་གཉིས་ཀྱིས་ཟླ་ཕྱེད་བར་སྐྱེལ་མ་ཞུས་ཤིང༌། དེ་ནས་སྨོན་ལམ་འདི་སྐད་བཏབ། 
བློན་པོ། རྣམ་ཐར། ཐེག་གསུམ་ལམ་ལ་བཞུགས་པའི་དྲང་སྲོང་མཆོག བདེན་ཚིག་འགྲུབ་པའི་ཚིག་རྣམས་ཚུལ་འདིར་དགོངས།  
དགེ་རྒན། གཞུང༌། ཁྱེད་རྣམས་འདི་ནས་ཕར་ལ་ལོག་ནས་ཕེབས། སླར་ཡང་བློན་འབངས་རྣམས་དང་མཇལ་བར་སྨོན། 
སྲས་གཉིས། རྣམ་ཐར། (ཚིག་གོང་མཚུངས།)  
དགེ་རྒན། གཞུང༌། རྟ་དང་གླང་པོ་ཉོ་མཁན་གྱི་ཚོང་པ་རྣམས་ཕྱག་ཕེབས་ཤིག  
ཚོང་པ། རྟ་འདུར། གཞས། དབུས་ཕོ་བྲང་རབ་གསལ་གོང་མ་ནས། སེར་ཤར་རེ་ཉི་མ་ཤར་འདྲ་ཡོད། དེ་ཉི་མ་མ་རེད་བླ་མ་རེད། བླ་མ་དུས་གསུམ་སངས་རྒྱས་རེད། དབུས་ཕོ་བྲང་རབ་གསལ་བར་མ་ནས། སྐྱ་ཤར་རེ་ཟླ་བ་ཤར་འདྲ་ཡོད། དེ་ཟླ་བ་མ་རེད་དཔོན་པོ་རེད། དཔོན་པོ་ཁམས་གསུམ་དབང་འདུས་རེད།(སྲས་དོན་གྲུབ་དང་དོན་ཡོད་གཉིས་ཀྱི་རྟ་དང་གླང་པོ། ན་བཟའ་དང་བཅས་ཚོང་པར་བཙོངས།)
དགེ་རྒན། གཞུང༌། དེ་ནས་དཔག་ཚད་ལྔ་བཅུ་འདས་པའི་སར་ཕེབས་པ་དང༌། དོན་ཡོད་ཀྱི་འདི་ལྟར་གསུངས། 
དོན་ཡོད། རྣམ་ཐར། བྱང་ཐང་མི་མེད་ལུང་སྟོང་འདི་འདྲ་རུ། ངོ་ནི་ཤེས་པ་ས་དང་གནམ་ལས་མེད། 
དགེ་རྒན། གཞུང༌། དེ་ནས་མུ་མཐུད་རྒྱལ་སྲས་གཉིས་ཕྱག་ཕེབས་ཤིག  
དོན་ཡོད། རྣམ་ཐར། ཨ་ཇོས་བདག་ལ་ཆུ་ཞིག་གནང་རོགས་མཛོད། མ་བྱུང་བུ་ང་སྐོམ་བྲིད་ཤི་བ་འདུག  
དགེ་རྒན། གཞུང༌། རེ་ཞིག་ནུ་བོ་དོན་ཡོད་གནས་འདིར་སྡོད། ཨ་ཇོ་མི་སྡོད་ཆུ་ཞིག་འཚོལ་དུ་འགྲོ། 
དོན་གྲུབ། རྣམ་ཐར། (ཚིག་གོང་མཚུངས།)
དགེ་རྒན། གཞུང༌། ཨ་ཇོ་ཆུ་འཚོལ་དུ་ཐག་རིང་ཙམ་ཕེབས་སྐབས། གཅུང་པོས་ཨ་ཇོ་ཨ་ཇོ་ཞེས་འབོད། ཨ་ཇོ་དེ་མར་གཅུང་པོའི་སར་ཕེབས་སྐབས་སྤྱན་གྱི་གཟིགས་པ་ལས་བཀའ་མོལ་གནང་མི་ཐུབ། ཨ་ཇོ་གཅུང་པོ་སྐུ་པང་ནང་དུ་བཞེས་ནས་ཞལ་ནང་མཆིལ་མ་ཕུལ་བས་འདི་སྐད་གསུངས། 
དོན་ཡོད། རྣམ་ཐར། བདག་དང་ཨ་ཇོ་སྡུག་བསྔལ་འདི་འདྲ་བ། སེམས་ཅན་ཀུན་གྱི་མྱོང་བར་མ་རྒྱུར་ཅིག 
དགེ་རྒན། གཞུང༌། སྐབས་དེར་བྱ་རིགས་མི་འདྲ་བ་བཞི་ཕྱག་ཕེབས་ཤིག
བྱ་བཞི། རྣམ་ཐར། བདག་ཅག་མ་འོངས་ཚེ་རབས་ཐམས་ཅད་དུ། སྐུ་མཆེད་གཉིས་ཀྱི་དྲུང་དུ་སྐྱེ་བར་ཤོག  
དགེ་རྒན། གཞུང༌། དེ་ནས་མི་རིང་གཅུང་པོའི་ལྗགས་དབུགས་ཆད། གཅེན་པོས་ཞལ་སྦྱར་སྤྱན་ཆབ་མང་དུ་བསིལ། ཨ་མ་ཨ་མ་ཟེར་ཞིང་ལན་གསུམ་འབོད།
དོན་གྲུབ། རྣམ་ཐར། འགྲོ་བའི་སྡུག་བསྔལ་སེལ་ཆེད་སྐྱབས་འགྲོ་འདོན། སྐྱབས་འགྲོ་འདོན་ནས་སྡུག་བསྔལ་སེལ་བར་ཤོག 
དགེ་རྒན། གཞུང༌། རྒྱལ་པོ་དོན་གྲུབ་ཀྱིས་གཅུང་པོ་རྒྱབ་ཏུ་འཁུར་ནས་ཕྱག་ཕེབས་ཤིག  
གཞུང༌། དེ་ནས་ཙན་དན་གོ་ཤའི་བསིལ་གྲིབ་ཅིག་གི་འོག་ཏུ་གཡམ་སྒྲོམ་ལེགས་པར་བཅོས་ཏེ་གཅུང་པོའི་སྐུ་གདུང་དེར་བཞག  ཙན་དན་གྱི་གྲིབ་བསིལ་དང་ཆར་པའི་ཆུ་ཐིགས་ཡོང་བར་བྱས་ནས་ཕེབས། དེ་ནས་ལྷ་ཚངས་པ་དང་བརྒྱ་སྦྱིན་གྱིས་བྲམ་ཟེ་གཉིས་ལ་སྤྲུལ་ཏེ་ཕྱག་ཕེབས་ཤིག 
དྲང་སྲོང༌། རྣམ་ཐར། འཆི་གསོས་བདུད་རྩིའི་ཆུ་རྒྱུན་སྨན་མཆོག་འདི། རྒྱལ་སྲས་གཞོན་ནུའི་ཞལ་དུ་འབུལ་བར་བྱ། 
དགེ་རྒན། གཞུང༌། གསོལ་སྨན་ཐེངས་གསུམ་ཕུལ་བས་སྔར་བཞིན་གསོས། དེ་ནས་རས་གོས་འབུལ་ཚུལ་འདི་ལྟར་གསུངས།  
དྲང་སྲོང༌། རྣམ་ཐར། སྲབ་འཇམ་ཡངས་པ་ཀ་ཤིའི་རས་གོས་འདི། རྒྱལ་སྲས་སྐུ་ལ་བདག་གིས་དབུལ་བར་བྱ། 
དགེ་རྒན། གཞུང༌། གཅུང་པོ་དོན་ཡོད་ཀྱི་ཞལ་ནས་འདི་སྐད་གསུངས། 
དོན་ཡོད། རྣམ་ཐར། ཁྱེད་ཅག་ལྷ་ཡི་ཡུལ་ནས་མི་ཡུལ་དུ། འོང་བའི་མཐུ་དང་ནུས་པ་མངའ་བ་ལ། 
དགེ་རྒན། གཞུང༌། ཁྱེད་གཅེན་གཅུང་མཇལ་བའི་གྲོགས་དན་བྱེད་གསུངས་ནས་ཕེབས། 
གཞུང༌། སྤྲེའུའི་ཚོགས་ཀྱིས་ཤིང་ཐོག་སྣ་ཚོགས་ཕུལ། 
དོན་ཡོད། རྣམ་ཐར། རོ་བཅུད་ཕུན་སུམ་ཚོགས་པའི་ཤིང་ཐོག་ཕུད། བཀའ་དྲིན་ཅན་གྱི་ཨ་ཇོས་བཞེས་པར་མཛོད། (ཤིང་ཏོག་གི་ཕུད་གང་སར་གཏོར།)
དགེ་རྒན། གཞུང༌། དེ་ནས་རྒྱལ་བུ་དོན་གྲུབ་དེ་ཡང་ཕེབས་ཕེབས་པས་རི་ཁྲོད་ཅིག་ན་དགེ་སློང་ཞིག་དང་མཇལ། དགེ་སློང་ཕྱག་ཕེབས་ཤིག 
གཞུང༌། རྒྱལ་བུ་དོན་གྲུབ་ཀྱང་དགེ་སློང་གི་དྲུང་དུ་ཕྱག་ཕེབས་ཤིག 
དོན་གྲུབ། རྣམ་ཐར། སྔོ་ལྗང་ལོ་འདབ་རྒྱས་པའི་ནགས་ཚལ་གྱི། དྲ་བ་སྟུག་པོས་ཁེབས་པའི་དབེན་གནས་ལྗོངས། 
དགེ་རྒན། གཞུང༌། དགེ་སློང་གིས་མཁྱེན་ཀྱང་མ་མཁྱེན་ཚུལ་གྱིས་འདི་ལྟར་གསུངས། 
དགེ་སློང༌། རྣམ་ཐར། སྐྲ་ཟིང་གོས་ཧྲུལ་མདོག་ངན་ཉམ་ཐག་བྱིས་པའི་རྣམ་པ། མི་དང་ཡི་དྭགས་གང་ཡིན་མ་གསང་དྲང་པོར་ཤོད་ཅིག  
དགེ་རྒན། གཞུང༌། རྒྱལ་བུ་དོན་གྲུབ་དང་བླ་མ་གཅུང་པོའི་སྐུ་གདུང་ཡོད་སར་ཕྱག་ཕེབས་ཤིག  
གཞུང༌། ཡུལ་དེའི་གཞིས་བདག་འཇིགས་སུ་རུང་བ་ཕྱག་ཕེབས་ཤིག  
ཡུལ་ལྷ། བཀའ་ལུང༌། སྤང་རྟོགས་མཐར་གསོན་བླ་མ་རིན་པོ་ཆེ། དོན་ཡོད་ལྡན་པའི་དྲི་མེད་སྐུ་གསུང་ལ། 
དགེ་སློང༌། རྣམ་ཐར། གནོད་སྦྱིན་དྲེགས་པའི་རིགས་ལ་ཞལ་གསུམ་ཕྱག་དྲུག་རྣམ་པ། མི་དང་འདྲེ་སོགས་ཅི་ཡིན་མ་གསང་དྲང་པོར་ཤོད་ཅིག  
ཡུལ་ལྷ། བཀའ་ལུང༌། རྡོ་རྗེ་འཆང་དབང་མཁའ་འགྲོ་་ཀུན་གྱི་གཙོ། ང་ཡི་མིང་ལ་གནོད་སྦྱིན་བེག་ཙེ་ཟེར། 
དགེ་རྒན། གཞུང༌། བླ་མའི་རི་ཁྲོད་ནས་དཔག་ཚད་ལྔ་ཙམ་འདས་པའི་ས་ནས་རྒྱལ་པོ་གོ་ཆ་ཕྱག་ཕེབས་ཤིག  
གོ་ཆ། རྣམ་ཐར། ཚུར་ལ་ཉོན་དང་འདིར་ཚོགས་བློན་པོའི་ཚོགས། རང་རེའི་མཚོ་ལ་མཚོ་རྫས་བཏང་རན་འདུག 
རྣམ་ཐར། ཚུར་རུ་ཉོན་དང་འདིར་ཚོགས་བློན་པོའི་ཚོགས། རྣ་བ་མ་གཡེངས་ང་ཡི་ཕྱོགས་ལ་ཉོན། 
དགེ་རྒན། གཞུང༌། བློན་པོ་ཏྲི་ཤུ་ཕྱག་ཕེབས་ཤིག 
གཞུང༌། རྒྱལ་པོ་གོ་ཆས་བློན་པོ་ཏྲི་ཤུར་འདི་ལྟར་གསུངས་སོ། 
གོ་ཆ། རྣམ་ཐར། ཕྱག་ལ་ཕེབས་སམ་བློན་པོ་ལགས། ད་དུང་བྱོན་ནམ་བློན་པོ་ཏྲི་ཤུ་ལགས།       
དགེ་རྒན། གཞུང༌། བློན་པོས་འདི་ལྟར་ཞུས། 
ཏྲི་ཤུ། རྣམ་ཐར། ཚུར་ལ་གསོན་དང་རྒྱལ་པོ་རིན་པོ་ཆེ། ལན་གཅིག་བློན་པོ་ཏྲི་ཤུའི་ཕྱོགས་ལ་གསོན།  
རྣམ་ཐར། ཆས་གཅིག་ཆས་གཉིས་ཆས་ནས་འགྲོ། སྤང་རི་མཐོན་པོའི་རྩེ་ལ་ཆས་ནས་འགྲོ། 
རྣམ་ཐར། དགེ་སློང་ཁྱེད་ལ་བུ་ཞིག་ཡོད་པས། དེ་ནི་ད་ལྟ་གང་ཡོད་ཁྲིད་ལ་ཤོག 
དགེ་རྒན། གཞུང༌། བླ་མས་བློན་པོ་ཏྲི་ཤུར་འདི་ལྟར་གསུངས་སོ། 
དགེ་སློང༌། རྣམ་ཐར། དགེ་སློང་གཅིག་པུར་སྒོམ་སྒྲུབ་བྱེད་པ་ལ། བུ་ཚ་ཞིག་ནི་གང་ནས་ཡོང་སྲིད་དམ། 
གཞུང༌། བློན་པོ་ཁྱེད་ཀྱིས་དེ་ལྟར་མ་གསུངས་ཤིག  ཕ་མ་མེད་པར་བུ་བརྒྱུད་གང་ནས་ཡོང༌། གསད་ན་གསོད་ཅིག་བརྡུང་ན་བརྡུང་རོགས་གནང༌། བླ་མས་དེ་ལྟར་མ་གཏོགས་ཞུ་རྒྱུ་མེད།(བློན་པོས་བླ་མ་གསོད་རྩིས་བྱས།)
དོན་གྲུབ། རྣམ་ཐར། བློན་པོ་ཆེན་པོ་དེ་ལྟར་མ་མཛད་པར། བཀའ་དྲིན་ཅན་གྱི་བླ་མ་གཏོང་བར་ཞུ། (བློན་པོ་ཏྲི་ཤུས་སྲས་དོན་གྲུབ་བླ་མའི་ས་ནས་འཕྲོག་ནས་ཁྲིད་དེ་རྒྱལ་པོ་ཕུལ།)
དགེ་རྒན། གཞུང༌། རྒྱལ་པོས་བློན་པོ་ཏྲི་ཤུར་འདི་ལྟར་གསུངས། 
གོ་ཆས། རྣམ་ཐར། ཕྱག་ལ་ཕེབས་སམ་ཁྱེའུ་ངོ་མཚར་ཅན། ད་དུང་བྱོན་ཏམ་བློན་པ་ཏྲི་ཤུ་མཆོག  
དགེ་རྒན། གཞུང༌། སྲས་མོ་ལྷ་ཅིག་དེ་ཡིས་འདི་ལྟར་གསུངས་སོ། 
ལྷ་ཅིག  རྣམ་ཐར། ལྷ་དང་བླ་མ་དཀོན་མཆོག་ཐུགས་རྗེ་ཡིས། བུ་མོའི་བསམ་པ་ཆོས་བཞིན་འགྲུབ་པར་ཤོག 
དགེ་རྒན། གཞུང༌། སླར་ཡང་རྒྱལ་བུ་དོན་གྲུབ་ཀྱིས་འདི་ལྟར་གསུངས་སོ།  
དོན་གྲུབ། རྣམ་ཐར། ཡིད་འོང་མཛེས་མ་ལང་ཚོའི་དཔལ་ལྡན་པ། ལྷ་ཅིག་འོད་ལྡན་ང་ཡི་ཕྱོགས་ལ་གསོན། 
དགེ་རྒན། གཞུང༌། གྲུ་པ་རྣམས་ཕྱག་ཕེབས་ཤིག 
གྲུ་པ། རྣམ་ཐར། ཡ་ཀིའི་སྤང་སྟོད་ཡི་ལ། སྨུག་པས་གཡས་སྐོར་རྒྱག་གིས། (མཚོ་རྫས་འདེབས་པའི་དུས་ལ་བབ་ཀྱང་ལྷ་ཅིག་སྲས་དོན་གྲུབ་ལ་རབ་ཏུ་ཆགས་པས་གྲུ་ནང་དུ་མཉམ་དུ་ཕེབས་ནས་སྲས་དོན་གྲུབ་ཉིན་མཚན་མེད་པར་བཟུང༌། གལ་སྲིད་དོན་གྲུབ་མཚོ་རྫས་སུ་མ་ཕེབས་ན་སླར་ཡང་ཚབ་གཅིག་འགྲོ་དགོས་པས། དེས་ན་ང་རང་ཕྱིན་ན་དགའ་དགོངས་ནས་ལྷ་ཅིག་གཉིད་ཕྲན་བུ་ཡུར་བའི་སྐབས་དང་བསྟུན་ནས་མཚོ་ནང་དུ་མཆོངས། ལྷ་ཅིག་ནི་བློན་པོ་རྣམས་ཀྱིས་དམ་པོར་བཟུང་ནས་ཕོ་བྲང་དུ་ལོག )
ཀླུ་རྒྱལ། རྣམ་ཐར། ཚུར་ལ་གསོན་དང་སྤྲུལ་པའི་རྒྱལ་བུ་ལགས། སྙན་དབང་མ་གཡེང་ཀླུ་རྒྱལ་ཕྱོགས་ལ་གསོན། 
དགེ་རྒན། གཞུང༌། རྒྱལ་བུ་དོན་གྲུབ་ཀྱིས་ཀླུ་རྒྱལ་ལ་སླར་ཡང་མི་ཡུལ་དུ་གཏོང་བར་ཞུ་ཞེས་གསུངས། 
དོན་གྲུབ། རྣམ་ཐར། བདག་གི་གཞན་ཕན་ལྷག་བསམ་དག་པའི་མཐུས། ཕ་ཅིག་བླ་མའི་དྲུང་དུ་གཏོང་བར་ཞུ། 
དགེ་རྒན། གཞུང༌། ཆོས་ཀྱི་རྒྱལ་པོ་བླ་མའི་དྲུང་དུ་ཕྱག་ཕེབས་ཤིག  
དོན་གྲུབ། རྣམ་ཐར། བཀའ་དྲིན་ཆེ་བའི་བླ་མ་རིན་པོ་ཆེ། དོན་གྲུབ་རྒྱ་མཚོའི་གཏིང་ནས་འདིར་སླེབས་ཡོད། 
དགེ་རྒན། གཞུང༌། དོན་དེ་རྒྱལ་པོ་གོ་ཆས་མཁྱེན་ཏེ་བླ་མའི་བཀའ་དྲིན་གསབ་ཕྱིར་ཆོས་བློན་དཔལ་འབར་སོགས་བླ་མའི་དྲུང་དུ་ཕྱག་ཕེབས་ཤིག  
བླ་མ་དགེ་སློང༌། རྣམ་ཐར། ཕྱག་ལ་ཕེབས་སམ་ཆོས་བློན་དཔལ་འབར་དང༌། ད་དུང་ཕེབས་སམ་འབངས་འཁོར་རྣམ་པ་ཚོ། (བློན་པོས་བླ་མ་དང་སྲས་དོན་གྲུབ་རྒྱལ་པོའི་དྲུང་དུ་གདན་དྲངས།)
གོ་ཆ། རྣམ་ཐར། ཕྱག་ལ་ཕེབས་སམ་བླ་མ་རིན་པོ་ཆེ། ད་དུང་བྱོན་ནམ་སྲས་མཆོག་དོན་ཀུན་འགྲུབ། 
ལྷ་ཅིག  རྣམ་ཐར། བདག་གི་མགོན་སྐྱབས་ཟླ་མེད་ཆོས་ཀྱི་རྒྱལ། ལེགས་པའི་བློ་གྲོས་ལྷ་ཅིག་ཕྱོགས་ལ་གསོན། 
དགེ་རྒན། གཞུང༌། རྒྱལ་བུ་དོན་གྲུབ་རྒྱལ་སྲིད་ལ་དབང་སྐུར་དགོས་དགོངས་ནས་འདི་ལྟར་གསུངས། 
གོ་ཆ། རྣམ་ཐར། ཕ་ཡི་བུ་མོ་ལྷ་ཅིག་བཞིན་བཟང་མར། རྒྱལ་བུ་དོན་གྲུབ་ད་ནས་དབང་དུ་བསྐུར། 
དགེ་རྒན། གཞུང༌། རྒྱལ་བུ་དོན་གྲུབ་དང་ལྷ་ཅིག་གཅུང་པོའི་སྐུ་གདུང་བཞུགས་གནས་དུ་ཕྱག་ཕེབས་ཤིག  
གཞུང༌། ཐག་རིང་ནས་ཨ་ཇོ་ཞེས་པའི་མཚན་ཐོས་པ་སྐུ་མཆེད་གཉིས་ཞལ་འཛོམས།  
དོན་ཡོད། རྣམ་ཐར། སྙིང་ལྟར་གཅེས་པའི་ཨ་ཇོ་ཁྱེད་མཇལ་བས། བདག་ལ་དེ་རིང་སྐྱིད་པའི་ཉི་མ་ཤར། 
དགེ་རྒན། གཞུང༌། བཀའ་ཤོག་རིམ་པ་གསུམ་རིམ་བཞིན་བཏང་ནས་རྒྱལ་པོ་གོ་ཆའི་ཕོ་བྲང་དུ་ཕེབས། 
གཞུང༌། རྒྱལ་པོས་དོན་ཡོད་དམག་དཔོན་དུ་བསྐོས་ནས་མཇལ་དར་གནང༌། 
གཞུང༌། བློན་པོ་ཏྲི་ཤུ་དང་དམག་མི་རྣམས་ཕྱག་ཕེབས་ཤིག  
དོན་ཡོད། རྣམ་ཐར། ཀི་ཀི་སྭ་སྭ་ལྷ་རྒྱལ་ལོ། དགྲ་ལྷ་གཉན་པོ་དབུ་འཕངས་མཐོ། དགྲ་བོ་གཉའ་ནས་གནོན་པར་ཤོག  
དགེ་རྒན། གཞུང༌། བློན་པོ་ཏྲི་ཤུས་འདི་ལྟར་གསུངས་སོ།  
བློན་པོ་ཏྲི་ཤུ། རྣམ་ཐར། ལྷ་མཆོད་ཅིག་བདུད་མགོན་ར་ཀྵ་མཁྱེན། བདུད་ནག་པོའི་བསྟན་པ་དར་བར་ཤོག 
དོན་ཡོད། རྣམ་ཐར། ངའི་ལག་ན་བཟུང་བའི་ཞགས་དཀར་འདི། རྒྱུ་ངེས་བྱུང་སྙིང་རྗེའི་འཕྲུལ་ལས་བྱུང༌། (དེ་ལྟར་ཞགས་པ་གཡུགས་པས་བློན་པོ་ཏྲི་ཤུ་བཟུང༌། དཔུང་དམག་རྣམས་རང་བཞིན་དུ་ཕམ་པས་མགོ་བཏགས་ཞུས།)
དགེ་རྒན། བཀྲ་ཤིས་རྣམ་ཐར། མི་འགྱུརལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག  
བཀྲ་ཤིས་རྣམ་ཐར། སྐུ་ཚེ་རི་བོ་བཞིན་དུ་བརྟན་པར་ཤོག སྙན་གྲགས་ནམ་མཁའ་བཞིན་དུ་ཁྱབ་པར་ཤོག 
བཀྲ་ཤིས་རྣམ་ཐར། སྒོ་མོ་ཤར་དང་གཅིག་བྱས་ལྷོ་དང་ནུབ། བྱང་ཕྱོགས་སྒོ་མོ་བཞི་ཡི་བཀྲ་ཤིས་ཤོག
འབྲེལ་ཡོད་འོས་སྦྱོར།