༄༅།།ལྷོ་ཁ་ས་ཁུལ་གྱི་དམངས་ཁྲོད་གཏམ་རྒྱུད《བློ་གྲོས་བཟང་པོ》།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-04-29
ཀློག་གྲངས།:
བློ་གྲོས་བཟང་པོ།
(མཚོ་སྨད་རྫོང)
དང་པོ་ཙ་ན་ཡུལ་ཤར་སྐྱིད་གཤོངས་ཟེར་བ་དབུལ་ཞིང་འཕོངས་པ་ཞིག་ན་མི་རྒན་བཟའ་མི་གཉིས་གནས་ཡོད། ཡུལ་དེར་རྒྱལ་པོ་ཉི་ཟླའི་དཀྱིལ་འཁོར་ཟེར་བ་ཞིག་ཡོད་པ་ནི་ཞེ་སྡང་མེ་ལས་ཚ་བ་དང་། སེམས་སོལ་བ་ལས་ནག་པ་ཞིག་ཡོད་པས་མི་སེར་རྣམས་འགྲོ་གྲོགས་གྲིབ་མ་དང་། ཤུལ་དུ་ལུས་རྒྱུ་རྐང་རྗེས་ལས་མེད་པའི་ཉམ་ཐག་གི་འཚོ་བ་སྐྱེལ་དགོས་ཀྱི་ཡོད་པས་མི་རྒན་བཟའ་མི་གཉིས་ལས་རྒད་པོ་ཚེ་ལས་འདས།(མཚོ་སྨད་རྫོང)
དེ་རྗེས་རྒད་མོ་དེ་གཅིག་པུར་ལུས་རྗེས་མོའི་ཁང་པའི་སྟེང་སྔར་བབས་མ་མྱོང་བའི་བྱ་ཞིག་བབས་པ་དང་། སྔར་ཟུག་མ་མྱོང་བའི་འཇའ་ཞིག་ཟུག་པ་ནས་མི་རིང་བར་རྒད་མོ་དེ་ལ་བུ་ཞིག་བཙས། བུ་དེ་ནི་བཙས་མ་ཐག་ནས་མཛེས་ཤིང་ཡིད་དུ་འོང་བ་ལྷ་ཡི་སྲས་དང་འདྲ་བ་ཞིག་ཡོད་པས་རྒད་མོ་ལྷག་པར་དགའ་སྟེ་མིང་ལའང་བློ་གྲོས་བཟང་པོ་ཞེས་བཏགས། ཡུལ་དེའི་རྒྱལ་པོས་རྒད་མོ་ལ་བུ་ཞིག་སྐྱེས་ཡོད་པ་ཤེས་ཏེ་ཕ་ཤུལ་བུ་འཛིན་ཡིན་ཞེས་ཕའི་ཚབ་ཏུ་རང་གི་བྲན་དུ་བཀོལ། བློ་གྲོས་བཟང་པོ་ནར་གསོན་རྗེས་གཞན་ལ་གུས་བཀུར་ཆེ་ཞིང་། ལས་ལ་བརྩོན་པ། གཡོ་དང་སྒྱུ་མེད་པའི་ཕྲུ་གུ་ཡག་པོ་ཞིག་ཡིན་པས་ཡུལ་དེའི་མི་ཚང་མས། རྗེས་སུ་བུ་འདི་བྱ་བ་ལམ་དུ་འགྲོ་བར་ཤོག་ཅེས་སྨོན་ལམ་འདེབས་ཀྱི་ཡོད། བློ་གྲོས་བཟང་པོས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་རྒྱལ་པོའི་ཞབས་ཕྱི་ཞུས་ཀྱང་རྒྱལ་པོས་ད་དུང་མནར་གཅོད་ཚད་མེད་བྱས་རྐྱེན་མཐར་འུ་ཐུག་སྟེ་ཕ་མ་དང་གྲོས་མོལ་བྱས་ཐོག་ལོ་གསུམ་རིང་བྲོས་བྱོལ་དུ་འགྲོ་རྒྱུའི་ཐག་བཅད། ཉིན་ཞིག་བློ་གྲོས་བཟང་པོས་རྩམ་པ་ཐང་ཁུག་གང་འཁྱེར་ནས་རང་གི་སྙིང་ནས་བརྩེ་བའི་ཨ་མ་རྒད་མོ་དང་བྲལ་ཏེ་འགྲོ་དུས་ཕྱི་བལྟས་ཡང་ཡང་བལྟ་བཞིན་ལོ་གསུམ་སོང་རྗེས་ཨ་མ་དང་ཕ་ཡུལ་ཐུགས་རྒྱུའི་དམ་བཅས་ཏེ་བློ་ཐག་བཅད་དེ་སོང་།
བློ་གྲོས་བཟང་པོ་ཕ་ཡུལ་དང་བྲལ་ཏེ་ཉིན་ཤས་སོང་བ་ན་ལ་ཆེན་པོ་ཞིག་དང་ཐུག ལ་དེའི་རྩེ་མོར་འཛེགས་པས་གཞོན་པ་གསུམ་བྲག་རིའི་ལྡེབས་ཀྱི་རྒོད་ཚང་ལ་རྡོ་བཞུ་བཞིན་ཡོད་པ་མཐོང་ནས་བློ་གྲོས་བཟང་པོས། ཡཱ། ཁྱེད་ཚོ་དོན་མེད་རྒོད་ཚང་ལ་རྡོ་ཞུ་བ་དེ་འདྲའི་སྣང་བ་སྐྱིད་པ་ལ་ཞེས་སྨྲས་པས་གཞོན་ནུ་ཚོས་ཁྱེད་ག་པར་འགྲོ་མཁན་ཡིན་ནམ་ཟེར། བློ་གྲོས་བཟང་པོས་རང་གི་སྡུག་བསྔལ་རྣམས་གསལ་པོར་བཤད་པས་གཞོན་ནུ་གསུམ་པོ་སྙིང་རྗེས་སྐྱེས་ནས། ཁྱེད་ལོ་གསུམ་རིང་ཡུལ་གཞན་དུ་འགྲོ་བ་ལས་རྒོད་ཚང་འདིར་རྡོ་བཞུས་ནས་བསྡད་ན་གལ་སྲིད་རྒོད་ཚང་ནང་རྡོ་འཛུལ་ན་ནོར་བུ་འགྲན་ཟླ་བྲལ་བ་ཞིག་གནང་གི་ཡོད་ལུགས་བཤད་པས། དེར་ཁོ་ཚོས་ཉི་མ་མ་བཞུད་པར་རྡོ་འཕངས་ཀྱང་གཅིག་ཀྱང་མ་འཛུལ་བས་མཐར་ཡིད་ཐང་ཆད་དེ་ཁོ་ཚོ་ཚང་མས་རྡོ་རེ་རེ་འཕངས་རྗེས་ལོག་རྒྱུར་ཐག་བཅད། ཕྲུ་གུ་གསུམ་པོ་རྡོ་འཕངས་ཟིན་པ་དང་། བློ་གྲོས་བཟང་པོས་རྡོ་གཅིག་འཕངས་པས་རྒོད་ཚང་ནང་འཛུལ། དེ་མ་ཐག་གསེར་རྒོད་རལ་པ་སིག་སིག་གཅིག་ཕྱིར་འདོན་ནས། ཡཱ། མི་བཟང་གསེར་གྱི་རྡོ་རྗེ་ལག་འཛིན་ཁྱེད་ས་ཡི་མཐའ་དང་གནམ་གྱི་མཐའ་ལ་འགྲོ་བའི་ལས་དེ་ཁྱེད་ལ་ཡོད་པ་འདྲ། ངས་ཁྱེད་ལ་ནོར་བུ་མང་པོ་འབུལ་རྒྱུ་མེད་ཀྱང་འདི་ཁྱེད་ལ་དགོས་པའི་ནོར་བུའི་མཆོག་ཡིན་ཟེར་ནས། བྱ་ཆུ་སྲིན་མཆུ་ཏོ་རིང་པོ་ཞིག་བློ་གྲོས་བཟང་པོར་སྤྲད། དེ་ནས་ཕྲུ་གུ་གསུམ་པོས་བློ་གྲོས་བཟང་པོར་མཉམ་དུ་ཁྲིད་རོགས་གནང་ཞེས་ཞུ་བ་ཕུལ། བློ་གྲོས་བཟང་པོས་ང་ནི་འུ་ཐུག་ཐབས་རྫོགས་ནས་འཁྱམས་པོར་གྱུར་ཡོད། ཁྱེད་ཚོ་ནི་རང་སོ་སོའི་བཀའ་དྲིན་ཅན་གྱི་ཕ་མའི་སར་སོང་། ང་དོ་དགོང་རྒོད་ཚང་འདིའི་འོག་ཏུ་ཉལ་རྒྱུ་ཡིན་ཞེས་སྨྲས་ཀྱང་ཕྲུ་གུ་གསུམ་པོས་ང་ཚོ་ཁྱེད་གང་དུ་ཕེབས་ཀྱང་མཉམ་དུ་ཁྲིད་རོགས་ཞེས་ཨུ་ཚུགས་བྱས་པས་བློ་གྲོས་བཟང་པོས་གཞི་ནས་ཁས་བླངས་ཏེ་ཁོ་ཚོ་མཉམ་དུ་ས་ཡི་མཐའ་དང་གནམ་གྱི་མཐའ་བསྐོར་བར་འགྲོ་རྒྱུའི་ཐག་བཅད།
ཕྱི་ཉིན་ཞོགས་པ་སྔ་པོ་ནས་ཐོན་ཏེ་ལ་ཀླུང་མང་པོ་བརྒྱབ་ནས་ལུང་པ་ཞིག་ལ་སླེབས་དུས་རྒྱལ་པོ་ཞིག་གི་བུ་མོ་མེ་ཏོག་པདྨ་ལས་ཀྱང་མཚར་བ་ཞིག་ལ་བློ་ལ་བབས་པའི་མག་པ་ཞིག་མ་རྙེད་པར་བསྡད་ཡོད་པས་བུ་ཆེ་བ་དེ་བུ་མོ་དེའི་འདོད་པ་བཞིན་དེ་གར་མག་པར་བཞག དེ་ནས་ཕྲུ་གུ་གཉིས་པོ་དང་བློ་གྲོས་བཟང་པོ་ལམ་དུ་སོང་སོང་བ་ན་ལུང་ཤུར་ཆེན་པོ་ཞིག་ལ་སླེབས་དུས་རྒྱལ་པོ་སྟོབས་དང་ལྡན་པ་ཞིག་ལ་བློན་པོ་བློ་ལ་བབས་པ་ཞིག་མེད་པར་བསྡད་ཡོད་པས་བུ་འབྲིང་བ་རྒྱལ་པོ་དེའི་བློན་པོར་བཞག དེ་ནས་བུ་ཆུང་བ་དང་བློ་གྲོས་བཟང་པོ་མུ་མཐུད་ལམ་དུ་ཞུགས་ནས་ལུང་པ་ཞིག་ལ་སླེབས་དུས་རྒྱལ་པོ་ཞིག་ལ་སོ་ནམས་བྱེད་མཁན་ལེགས་པ་ཞིག་མེད་པར་བརྟེན་ལོ་ལྟར་ལོ་ཏོག་ཡག་པོ་ཡོང་གི་མེད་པས་བུ་བཞོན་པ་རྒྱལ་པོ་དེའི་སོ་ནམས་པར་བཞག
དེ་ནས་བློ་གྲོས་བཟང་པོ་རང་གཅིག་པུར་ཉིན་ཤས་སོང་བ་ན་ལམ་གསུམ་མདོ་ཁ་ཞིག་ན་ཕྲུ་གུ་གཉིས་ཞྭ་མོ་ཕྱིང་ཞྭ་གཅིག་འཕྲོག་རེས་བྱེད་བཞིན་ཡོད་པ་མཐོང་། བློ་གྲོས་བཟང་པོས། ཡཱ། ཁྱེད་གཉིས་ཞྭ་མོ་རྩབ་ཧྲལ་དེ་འདྲ་ཞིག་འཕྲོག་རེས་བྱེད་དོན་ཅི་ཡོད། གཅིག་གིས་སྤྲད། གཅིག་ལ་བྱེད་ཅིག་ཅེས་བཤད། ཕྲུ་གུ་གཉིས་པོས་མི་ལྐུགས་པ་ཁྱེད་ཀྱིས་ཅི་ཤེས། ཞྭ་མོ་འདི་ནི་རྩབ་ཧྲལ་ཡིན་ཡང་སྒྲིབ་ཞྭ་ཡིན་པས་ཞྭ་མོ་འདི་སུས་གོན་ཡང་གཞན་གྱིས་གཏན་ནས་མི་མཐོང་ཟེར། བློ་གྲོས་བཟང་པོས་བསམ་བཞིན་དུ། ད་འོ་ན་ཁྱེད་གཉིས་ཐག་རིང་ནས་འདིར་རྒྱུགས་ཤོག ངས་ཞྭ་མོ་ཉར་ནས་སུ་སྔོན་ལ་སླེབས་ཀྱང་དེར་སྤྲད་ཆོག་ཅེས་བཤད་པས་ཕྲུ་གུ་གཉིས་པོས་ཀྱང་དེ་ལྟར་བྱེད་རྒྱུའི་ཁས་བླངས། ཕྲུ་གུ་དེ་གཉིས་ཐག་རིང་ནས་རྒྱུགས་ཡོང་དུས་བློ་གྲོས་བཟང་པོས་ཞྭ་མོ་དེ་གོན་བསྡད་པས་སུས་ཀྱང་མ་མཐོང་བར་སྒྲིབ་ཞྭ་དེ་བློ་གྲོས་བཟང་པོར་རག དེ་ནས་ཡང་ལམ་དུ་སོང་བ་ན་ལམ་གསུམ་མདོ་ཁ་ཞིག་ཏུ་ཕྲུ་གུ་གཉིས་རྟ་ལྕག་གཅིག་འཕྲོག་རེས་བྱེད་བཞིན་ཡོད་པ་མཐོང་། བློ་གྲོས་བཟང་པོས། ཡཱ། ཕྲུ་གུ་ཁྱེད་གཉིས་རྟ་ལྕག་ཐབས་ཆག་འདི་འདྲ་ཞིག་འཕྲོག་རེས་བྱེད་དོན་ཅི་ཡོད། གཅིག་གིས་སྤྲད། གཅིག་ལ་བྱེད་ཅིག་ཅེས་བཤད། ཕྲུ་གུ་གཉིས་པོས། མི་ལྐུགས་པ་ཁྱེད་ཀྱིས་ཅི་ཤེས། རྟ་ལྕག་འདི་ནི་བསམ་པའི་དོན་གྲུབ་ཅེས་བྱ་བ་དེ་ཡིན་པས་དགྲ་འདྲེ་གང་ཞིག་ཐུག་ཀྱང་ཞེད་མི་དགོས་པ་དང་། ལམ་ཐག་རིང་པོ་ཇི་ཙམ་བསྐྱོད་དགོས་ཀྱང་ངལ་བ་མེད་ཅེས་ཟེར། བློ་གྲོས་བཟང་པོས་དེ་འདྲ་ཡིན་ན་ཁྱེད་གཉིས་ཐག་རིང་ནས་རྒྱུགས་ཤོག རྟ་ལྕག་ངས་ཉར་ནས་སུ་སྔོན་དུ་སླེབས་ནའང་དེར་རྟ་ལྕག་སྤྲད་ཆོག་ཅེས་བཤད་པས་ཕྲུ་གུ་གཉིས་པོས་ཀྱང་དེ་ལྟར་བྱ་རྒྱུའི་མོས་མཐུན་བྱས། ཕྲུ་གུ་དེ་གཉིས་ཐག་རིང་ནས་རྒྱུགས་ཡོང་དུས་བློ་གྲོས་བཟང་པོས་ཞྭ་མོ་སྒྲིབ་ཞྭ་དེ་གོན་པས་ཕྲུ་གུས་མིག་མ་མཐོང་བར་རྟ་ལྕག་བསམ་པའི་དོན་གྲུབ་དེ་བློ་གྲོས་བཟང་པོར་བྱུང་ངོ་། དེ་ནས་ཡང་བློ་གྲོས་བཟང་པོ་སྔར་བཞིན་ལམ་དུ་སོང་སོང་བ་ན་ལམ་བར་དུ་ཕྲུ་གུ་གཉིས་ཇ་ཁུག་གཅིག་གི་དོན་དུ་འཁྲུག་རྩོད་བྱེད་པ་མཐོང་། བློ་གྲོས་བཟང་པོས། ཡཱ། ཕྲུ་གུ་ཁྱེད་གཉིས་ཇ་ཁུག་དེ་འདྲ་ཞིག་གི་དོན་དུ་འཁྲུག་རྩོད་བྱེད་དོན་ཅི་ཡོད། གཅིག་གིས་སྤྲད། གཅིག་གིས་བྱེད་ཅིག་ཅེས་བཤད། ཕྲུ་གུ་གཉིས་པོས། མི་ལྐུགས་པ་ཁྱེད་ཀྱིས་ཅི་ཤེས། ཇ་ཁུག་དེ་ནི་ཇ་ཤོག་མར་ཤོག་ཅེས་བྱ་བ་དེ་ཡིན་པས་འདི་ལ་ཇ་ཤོག་ཅེས་བརྗོད་ན་ཇ་ཇི་དགོས་ཡོང་བ་དང་། འདི་ལ་མར་ཤོག་ཅེས་བརྗོད་ན་མར་ཇི་དགོས་ཡོང་གི་ཡོད་ཟེར། བློ་གྲོས་བཟང་པོས་འོ་ན་ཁྱེད་གཉིས་ཐག་རིང་ནས་རྒྱུགས་ཤོག ངས་ཇ་ཁུག་ཉར་ནས་སུ་སྔོན་ལ་སླེབས་ནའང་དེར་ཇ་ཁུག་སྤྲད་ཆོག་ཅེས་བརྗོད་པས་ཕྲུ་གུ་གཉིས་པོས་ཀྱང་དེ་ལྟར་བྱ་རྒྱུའི་མོས་མཐུན་བྱས། ཕྲུ་གུ་གཉིས་པོ་ཐག་རིང་ནས་རྒྱུགས་ཡོང་དུས་བློ་གྲོས་བཟང་པོས་སྒྲིབ་ཞྭ་གོན་པས་མ་མཐོང་བར་ཇ་ཁུག་ཇ་ཤོག་མར་ཤོག་དེའང་བློ་གྲོས་བཟང་པོར་བྱུང་ངོ་།
དེ་ནས་ཡང་བློ་གྲོས་བཟང་པོས་ལ་ཀླུང་མང་པོ་བརྒྱབ་ནས་སོང་བ་ན་ལམ་འགྲམ་དུ་ཕྲུ་གུ་གཉིས་རྒྱུག་པ་ཞིག་འཕྲོག་རེས་བྱེད་པ་མཐོང་། བློ་གྲོས་བཟང་པོས་སྔར་བཞིན། ཡཱ། ཕྲུ་གུ་གཉིས་ཁྱེད་གཉིས་རྒྱུག་པ་འདི་འདྲ་ཞིག་འཕྲོག་རེས་བྱེད་དོན་ཅི། གཅིག་གིས་སྤྲད། གཅིག་ལ་བྱེད་ཅིག་ཅེས་བཤད། ཕྲུ་གུ་གཉིས་པོས་མི་ལྐུགས་པ་ཁྱེད་ཀྱིས་ཅི་ཤེས། རྒྱུག་པ་འདིས་གང་ཞིག་ཀྱང་བཅོམ་ཐུབ་ཟེར་བར་བློ་གྲོས་བཟང་པོས། ཨོའོ། ང་ལ་མིག་གཅིག་བསྟན་དང་ཞེས་བཤད། མིག་བསྟན་མ་ཐག་སྒྲིབ་ཞྭ་གོན་པས་མ་མཐོང་བར་རྒྱུག་པ་དེའང་བློ་གྲོས་བཟང་པོར་རག
དེ་ནས་ཡང་བློ་གྲོས་བཟང་པོས་ལམ་དུ་མུ་མཐུད་བསྐྱོད་པ་ན་ལམ་ཆུང་ཞིག་གི་འགྲམ་དུ་ཕྲུ་གུ་གཉིས་ཐིག་གུ་ཁྲ་ཁྲ་ཞིག་འཕྲོག་རེས་བྱེད་པ་མཐོང་། བློ་གྲོས་བཟང་པོས། ཡཱ། ཕྲུ་གུ་གཉིས། ཁྱེད་གཉིས་ཐི་གུ་དེ་འདྲ་ཞིག་གི་དོན་དུ་འཕྲོག་རེས་བྱེད་དོན་ཅི་ཡོད། གཅིག་གིས་སྤྲད། གཅིག་ལ་བྱེད་ཅིག་ཅེས་བཤད། ཕྲུ་གུ་གཉིས་པོས། མི་ལྐུགས་པ་ཁྱེད་ཀྱིས་ཅི་ཤེས། ཐི་གུ་འདི་ནི་འགྲན་ཟླ་བྲལ་བའི་ནོར་བུ་ཞིག་ཡིན་ཟེར། འོ་ན་ང་ལ་མིག་གཅིག་བསྟན་དང་ཟེར་ནས་བློ་གྲོས་བཟང་པོས་ཐི་གུ་ལག་ཏུ་བླངས་རྗེས་སྒྲིབ་ཞྭ་གོན་པས་མ་མཐོང་བར། ཐི་གུ་དེའང་བློ་གྲོས་བཟང་པོར་རག དེ་ནས་བློ་གྲོས་བཟང་པོས་ལ་ཧ་ཅང་མཐོ་བ་ཞིག་འདུག་པ་དེ་བརྒྱབ་ནས་སོང་བ་ན་ཡུལ་རྒྱ་ཤིན་ཏུ་ཆེ་བ་ཞིག་ཏུ་སླེབས།
བློ་གྲོས་བཟང་པོས་ཡུལ་དེའི་རྒྱལ་པོའི་སར་སོང་ནས། རྒྱལ་པོ་རིན་པོ་ཆེ། དོ་ནུབ་ང་ལ་གནས་ཚང་ཞིག་གཡར་རོགས་གནང་ཞེས་ཞུས། རྒྱལ་པོས་ཁྱེད་གང་དུ་འགྲོ་མཁན་ཡིན་ནམ་ཞེས་གསུངས། བློ་གྲོས་བཟང་པོས་ང་ནི་ས་ཡི་མཐའ་དང་གནམ་གྱི་མཐའ་ལ་འགྲོ་མཁན་ཡིན་ཞེས་ཞུས། རྒྱལ་པོས། ཧ་ཧ། ས་ཡི་མཐའ་དང་གནམ་གྱི་མཐའ་ལ་འགྲོ་བར་ལས་སླ་པོ་ཡོད་པ་མ་རེད། དེ་སྔོན་རྒྱལ་སྲས་མང་པོ་ཞིག་གིས་ལམ་འདི་བརྒྱུད་ནས་ས་ཡི་མཐའ་དང་གནམ་གྱི་མཐའ་ལ་བསྐྱོད་ཀྱང་ཚུར་ལོག་རྒྱུ་བྱུང་མ་སོང་། ཁྱེད་ལ་དོ་ནུབ་ངས་གནས་ཚང་གཡར་ཆོག གལ་སྲིད་ཁྱེད་ཀྱིས་ས་ཡི་མཐའ་དང་གནམ་གྱི་མཐའ་ལ་བསྐྱོད་ཐུབ་ན་སྟེང་བྱ་མན་ཆད་དང་། འོག་འབུ་སྲིན་ཡན་ཆད་ཀྱིས་ཁྱེད་ལ་བསྟོད་པ་བྱེད་ངེས་ཡིན་པ་མ་ཟད་ང་ལའང་སྲས་མོ་གསུམ་ཡོད་པས་དེ་ནས་ཁྱེད་ཀྱི་ཐུགས་ལ་ཡོད་པ་ཞིག་མནའ་མར་སྟེར་ཆོག་ཟེར།
ཕྱི་ཉིན་ཞོགས་པ་སྔ་པོ་ནས་ལངས་ཏེ་བློ་གྲོས་བཟང་པོས་ཡང་བསྐྱར་ཐང་ཆེན་པོ་ཞིག་བརྒལ་རྗེས་སྔར་བས་རྒྱ་ཆེ་བའི་རྒྱལ་ཁམས་ཞིག་ཏུ་སླེབས། བློ་གྲོས་བཟང་པོས་ཡང་བསྐྱར་ཡུལ་དེའི་རྒྱལ་པོར་གནས་ཚང་གཡར་བས་གོང་གི་རྒྱལ་པོ་དང་འདྲ་བར་སྐད་ཆ་དེ་དག་བཤད། དེ་ནས་ཕྱི་ཉིན་བློ་གྲོས་བཟང་པོ་ལམ་དུ་བཞུགས་ནས་རིང་ཞིག་འདས་པ་ན་ལུང་པ་རྒྱ་ཆེ་ཞིང་ཤིན་ཏུ་སྐྱོ་བ་ཞིག་ཏུ་སླེབས། ཡང་བློ་གྲོས་བཟང་པོས་ལུང་པ་དེའི་རྒྱལ་པོར་གནས་ཚང་གཡར་བས། རྒྱལ་པོས་ཁྱེད་རང་གང་དུ་འགྲོ་མཁན་ཡིན་ནམ་ཟེར། བློ་གྲོས་བཟང་པོས་ང་ནི་བློ་ཐག་བཅད་དེ་ས་ཡི་མཐའ་དང་གནམ་གྱི་མཐའ་ལ་འགྲོ་མཁན་ཡིན་ཞེས་ཞུས་པས་རྒྱལ་པོས། བྱ་བ་འདི་གཏན་ནས་ལས་སླ་པོ་ཞིག་མིན། དེ་སྔ་རྒྱལ་སྲས་མང་པོས་གསེར་དངུལ་སོགས་མང་པོ་འཁྱེར་ཏེ་ཕྱིན་ཡང་ལོག་རྒྱུ་བྱུང་མེད། ང་ལའང་ཕྲུ་གུ་གསུམ་ཡོད་པ་ཚང་མ་བུ་མོ་ཡིན། གལ་སྲིད་བུ་གཅིག་ཡོད་ན་སྔོན་ནས་བཏང་ཚར་གྱི་རེད། གལ་སྲིད་ཁྱེད་ཀྱིས་ས་ཡི་མཐའ་དང་གནམ་གྱི་མཐའ་ལ་འགྲོ་ནུས་ན་ངའི་བུ་མོ་གསུམ་གྱི་ནང་ནས་ཁྱེད་ཀྱི་ཐུགས་ལ་ཡོད་པ་ཞིག་སྟེར་ཆོག་ཅེས་ཟེར།
ཕྱི་ཉིན་སྔ་པོ་ནས་བློ་གྲོས་བཟང་པོ་ལམ་དུ་བཞུགས་ནས་སོང་སོང་བ་ན་མི་མེད་ལུང་སྟོང་རྒྱ་ཆེན་པོ་ཞིག་ན་རྒོད་པོ་ཞིག་གི་རྐན་ལ་རུས་པ་ཟུག་སྟེ་ཤི་ཉེར་ཡོད་པ་མཐོང་། དེ་ལ་བློ་གྲོས་བཟང་པོ་སྙིང་རྗེ་དྲག་པོ་སྐྱེས་ནས་སྨོན་ལམ་འདེབས་བཞིན་དུ་རུས་པ་འདོན་དུས། ང་ལས་དག་པ་ཡིན་ན་རུས་པ་འདོན་ཐུབ་པ་ཤོག ལས་མ་དག་པ་ཡིན་ན་རྒོད་པོ་ཤི་བར་ཤོག་ཅེས་ཟེར། ཅུང་ཙམ་སོང་རྗེས་རུས་པ་འདོན་ཐུབ་པ་དང་རྒོད་པོ་ལམ་སེང་དྲག་བྱུང་། རྒོད་པོ་དེས་མི་ཕོ་བཟང་པོ། ཁྱེད་ཐུགས་རྗེ་ཆེ། ངས་ཁྱེད་ལ་དྲིན་ལན་འཇལ། ཁྱེད་མཐའ་ཡི་རྒྱ་མཚོ་བར་དུ་འགྲོ་བ་ལ་ད་དུང་ལོ་བཅུ་གཉིས་འགོར་གྱི་རེད། ངས་ཉིན་དྲུག་གི་ནང་དུ་ཁྱེད་སླེབས་པ་བྱེད་ཟེར་ནས་འཕུར་བ་དང་། ཉིན་དྲུག་སོང་རྗེས་ངོ་མ་མཐའ་ཡི་རྒྱ་མཚོ་ཆེན་པོའི་འགྲམ་དུ་སླེབས་འདུག དེ་ནས་རྒོད་པོས་ང་འདི་ནས་འགྲོ་མི་ཐུབ། རྒྱ་མཚོའི་ཕར་ཕྱོགས་སུ་བདུད་ཕྲུག་གཅིག་ཐུག་གི་རེད། དེར་རྡོ་ཕ་བོང་ནག་པོ་ཞིག་དང་དཀར་པོ་ཞིག་ཡོད་པས་ཕ་བོང་ནག་པོ་དེ་བདུད་ལ་འཕངས་ནས་དྲན་པ་ཐོར་རྗེས་ཁྱེད་བྲོས་དགོས། ཁྱེ་ལམ་འགྲོ་ཡོང་བ་ཤོག་ཅེས་སྨྲས་ནས་རྒོད་པོ་དང་བློ་གྲོས་བཟང་པོ་ཁ་གྱེས། དེའི་ཚེ་བློ་གྲོས་བཟང་པོས་རྒོད་དེ་ནི་སྔར་གྱི་གསེར་རྒོད་རལ་པ་སིག་སིག་དེ་ཡིན་པ་གཞི་ནས་ཤེས། དེ་ནས་བློ་གྲོས་བཟང་པོས་རྟ་ལྕག་བསམ་པའི་དོན་གྲུབ་ལ། ད་ང་གཉིས་ས་ཡི་མཐའ་དང་གནམ་གྱི་མཐའ་ལ་སླེབས་སོང་བས་རྒྱ་མཚོའི་ཕ་རོལ་དུ་བདུད་གཅིག་ཡོད་པ་དེའི་སར་འགྲོ་ཞེས་སྨྲས་མ་ཐག་རྟ་ལྕག་དེས་མཁའ་དབྱིངས་སུ་འཕུར་ནས་ཡུད་ཙམ་ཞིག་ལ་རྒྱ་མཚོའི་ཕ་རོལ་དུ་སླེབས། སྐབས་དེ་དུས་བློ་གྲོས་བཟང་པོ་ཕ་ཡུལ་དང་བྲལ་ནས་ལོ་གཅིག་ཏག་ཏག་སོང་ཟིན།
རྒྱ་མཚོའི་ཕ་རོལ་དུ་སླེབས་པ་དང་བདུད་འཇིགས་སྐྲག་ཅན་ཞིག་རྒྱུགས་ཡོང་ནས། དེ་རིང་ཟས་ཞིམ་པོ་ཞིག་སྒོ་ཁར་སླེབས་བྱུང་ཟེར་བ་དང་མཆོངས་ཡོང་དུས་བློ་གྲོས་བཟང་པོས་ཕ་བོང་ནག་པོ་དེ་འཕངས་པས་བདུད་དྲན་པ་ཐོར། སྐབས་དེ་དང་བསྟུན་ནས་བློ་གྲོས་བཟང་པོས་བདུད་དེ་གསོད་རྩིས་བྱས་པ་ན་བདུད་དེས། སྐུ་མཁྱེན། ང་ཚེ་ཐར་གཏོང་རོགས། ངས་ཁྱེད་ལ་རོགས་པ་ཞུས་ཆོག་ཟེར། བློ་གྲོས་བཟང་པོས། ད་འོ་ན་ས་ཡི་མཐའ་དང་གནམ་གྱི་མཐའ་ལ་འགྲོ་བའི་ལམ་ངོ་མ་དེ་གང་དུ་ཡོད་དམ་ཞེས་དྲིས། བདུད་དེས། ལམ་དེ་གསལ་པོ་ཤེས་དགོས་ན་ད་ལྟ་ང་ཚོའི་རྒྱལ་པོ་ལོ་དགུའི་རིང་གཉིད་ཡུར་ནས་བསྡད་ཡོད་པས་རྒྱལ་པོའི་བང་མཛོད་ནང་ཤིག་གི་པགས་པ་འབོ་གང་དང་། སྲོ་མ་འབོ་གང་ཡོད་པ་དེ་ནི་ལས་སླ་པོར་ལེན་མི་ཐུབ། ཁ་སྔོན་མི་ཁ་ཤས་ཀྱིས་ལེན་པར་ཕྱིན་ཡང་ཚུར་ལོག་རྒྱུ་བྱུང་མེད་ཟེར། དེ་ནས་བློ་གྲོས་བཟང་པོས་རྟ་ལྕག་བསམ་པའི་དོན་གྲུབ་ལ། ང་གཉིས་རྒྱལ་པོའི་བང་མཛོད་ཀྱི་ནང་དུ་འགྲོ་ཞེས་བརྗོད་མ་ཐག་རྒྱལ་པོའི་ཕོ་བྲང་གི་སྒོ་ཁར་འབྱོར། བྱ་ཆུ་སྲིན་གྱི་མཆུ་ཏོ་དེས་སྒོ་ཕྱེ་ནས་ཡར་འཛུལ། བདུད་རྒྱལ་དེ་ནི་གཉིད་ལ་ཡུར་ཡོད་པ་དང་འཁྲིས་སུ་སྡེར་མ་བདུན་ནང་ཤ་སྣེ་ཁ་བདུན་བླུགས་ནས་བཞག་ཡོད། བློ་གྲོས་བཟང་པོ་དེ་གར་སླེབས་རྗེས་ཤ་སྡེར་མ་བདུན་པོ་རྣམས་མི་བདུན་ལ་གྱུར་ཅིང་རྒྱལ་པོའང་གཉིད་སད་ནས་བློ་གྲོས་བཟང་པོ་ཟ་བར་ཡོང་། རྟ་ལྕག་བསམ་པའི་དོན་གྲུབ་ཀྱིས་བློ་གྲོས་བཟང་པོ་འཁུར་ནས་མཐོ་བ་ཉི་མའི་འགྲམ་དུ་སོང་ཡང་བདུད་ཀྱིས་དེད། དམའ་བ་རྒྱ་མཚོའི་གཏིང་དུ་འཛུལ་ཡང་བདུད་ཀྱིས་འདེད། དེ་ནས་བློ་གྲོས་བཟང་པོས་ཐི་གུ་ཁྲ་ཁྲར། བདུད་རྒྱལ་ཁོ་གྲུ་གུ་འདྲ་བར་སྡོམས་ཤིག་ཅེས་སྨྲས་ཀྱང་བདུད་ཀྱིས་ཐག་པ་དུམ་བུར་བཏང་། རྒྱུག་པ་དེར་བདུད་རྒྱལ་བརྡུངས་ཤིག་ཅེས་སྨྲས་མ་ཐག་བདུད་རྒྱལ་གྱི་མགོ་བོ་བརྡུངས་པས་ཁོ་དེ་མུར་སྲོག་དང་བྲལ། ས་དོང་རིམ་པ་དགུ་ཡི་འོག་ཏུ་སྦས་ཏེ་དེའི་སྟེང་མཆོད་རྟེན་ནག་པོ་ཞིག་བཞེངས། བང་མཛོད་དུ་སོང་ནས་ཤིག་གི་པགས་པ་འབོ་གང་དང་། སྲོ་མ་འབོ་གང་དེ་བླངས། དེ་ནས་བློ་གྲོས་བཟང་པོ་བདུད་ཡུལ་མུན་ནག་གླིང་ནས་ཁ་བྲལ་སྐབས་ལོ་གཉིས་ཏག་ཏག་སོང་ཡོད།
ཕྱིར་ལོག་ཡོང་བའི་ལམ་དུ་ཐེངས་དང་པོར་ཡུལ་རྒྱ་ཆེ་ཞིང་སྐྱོ་བའི་རྒྱལ་པོ་དེའི་སར་སླེབས། རྒྱལ་པོས་བློ་གྲོས་བཟང་པོར་བསྟོད་པ་ཚད་མེད་བྱས།
བློ་གྲོས་བཟང་པོས་རྒྱལ་པོར་ཕོ་བྲང་བརྗིད་ཅིང་ཉམས་དགའ་བ་ཞིག་མཚན་མོ་གཅིག་ལ་བཞེངས། རྒྱལ་པོ་ཧ་ལས་ཏེ་བློ་གྲོས་བཟང་པོ་རང་གི་བུ་མོའི་མག་པར་སྡོད་རོགས་ཟེར་མཐར་སྐྱེལ་བཏང་བས་མཐར་ཞྭ་མོ་སྒྲིབ་ཞྭ་གོན་ནས་ཡོང་དགོས་བྱུང་།
དེ་ནས་སླར་ལམ་དུ་ཡོང་བ་ན་སྔར་རང་གི་གྲོགས་པོ་ཆུང་ཤོས་ཡོད་ས་དེར་སླེབས། གྲོགས་པོ་ཆུང་བ་རྨོད་ལོག་རྒྱག་གིན་ཡོད་པ་དང་གཅིག་ལབ་བརྒྱབ་ནས། ད་ཨ་ཇོ་བློ་གྲོས་བཟང་པོ་ད་དུང་ཡོང་མཁན་མི་འདུག ལམ་བར་དུ་རྐྱེན་ངན་མི་ཡོང་བ་ཤོག་ཅེས་བརྗོད་པ་ཐོས། བློ་གྲོས་བཟང་པོས་སྒྲིབ་ཞྭ་དེ་གོན་ནས་གྲོགས་པོ་ཆུང་བའི་འགྲམ་དུ་བསྐྱོད་ནས། གྲོགས་པོ་ཆུང་བ་ལགས། སྐུ་ཁམས་བཟང་། ཞེས་སྨྲས་པས་གྲོགས་པོ་ཆུང་བས་བལྟ་དུས་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་གཤིས། མིག་ཆུ་གཏོང་བཞིན་དུ། ཡཱ། ད་ངའི་གྲོགས་པོའི་རྣམ་ཤེས་ཡིན་པ་འདྲ། ཞེས་སྨྲས་ནས་སྨོན་ལམ་འདེབས་བཞིན་ཡོད་དུས་བློ་གྲོས་བཟང་པོས་སྒྲིབ་ཞྭ་ཕུད་པས་ཕན་ཚུན་མཐོང་སྟེ་ལུས་ལ་འཐམས། བློ་གྲོས་བཟང་པོས་ཁྱེད་ལ་དཀའ་ངལ་ག་རེ་ཡོད་དམ། ངས་རོགས་པ་བྱས་ཆོག་ཅེས་སྨྲས། གྲོགས་པོ་ཆུང་བས། ང་ལ་དཀའ་ངལ་གང་ཡང་མེད། ངའི་ཕ་མ་གཉིས་ལ་ང་འདི་གར་སོ་ནམས་པ་ཞིག་བྱས་ནས་སྐྱིད་པོ་འདུག་ཅེས་ལན་སྤྲོད་རོགས་གནང་ཟེར།
དེ་ནས་བློ་གྲོས་བཟང་པོས་གྲོགས་པོ་འབྲིང་བ་དང་ཆེ་བའི་སར་བསྐྱོད། ཁོང་གཉིས་པོས་ཀྱང་གྲོགས་པོ་ཆུང་བ་དང་འདྲ་བར། དཀའ་ངལ་གང་ཡང་མེད། ཕ་མ་གཉིས་ལ་ལན་སྤྲོད་རོགས་ཞེས་ཟེར། དེ་ནས་བློ་གྲོས་བཟང་པོ་རང་གི་ཕ་ཡུལ་དང་ཕ་མའི་སར་ལོ་གསུམ་ཉིན་གཅིག་ཀྱང་མི་འགོར་བར་སླེབས། གྲོགས་པོ་ཚོའི་ཕ་མར་གྲོགས་པོ་ཚང་མ་བདེ་པོ་དང་སྐྱིད་པོ་ཡོད་ལུགས་བཤད་པས་ཐམས་ཅད་དགའ་བར་གྱུར། ཁོ་པའི་ཨ་མ་ནི་རང་གི་བུ་དང་ཐུག་པས་ཤིན་ཏུ་དགའ་ནའང་ད་དུང་སེམས་ཁྲལ་ཆེན་པོ་ཞིག་ཡོད་དེ། ད་ནི་རྒྱལ་པོ་ཉི་ཟླའི་དཀྱིལ་འཁོར་གྱིས་ངའི་བུ་ལ་སྡུག་པོ་གཏོང་རྒྱུ་ཐག་ཆོད་སོང་སྙམས། ཕྱི་ཉིན་རྒྱལ་པོ་བློ་གྲོས་བཟང་པོའི་ཁྱིམ་དུ་ཡོང་ནས། ཝ་ཡེ། སྤྲང་པོ་འཁྱམས་པ་ཁྱོད་ཀྱིས་ལོ་གསུམ་རིང་ས་ཡི་མཐའ་དང་གནམ་གྱི་མཐའ་ལ་ཕྱིན་པ་རེད་ཟེར་གྱི་འདུག དེ་དངོས་གནས་ཡིན་ན་གྲུབ་རྟགས་སྟོན་རྒྱུ་མེད་ན་ལོ་གསུམ་གྱི་ཁྲལ་ཚབ་ཕྲལ་དུ་འཇལ་དགོས་ཟེར། བློ་གྲོས་བཟང་པོས། རྒྱལ་པོ་རིན་པོ་ཆེ། ང་ལ། ང་ལ་གྲུབ་རྟགས་གཞན་གང་ཡང་སྟོན་རྒྱུ་མེད། ང་གཉིས་མ་བུ་གཉིས་ལ་ཁང་པ་གོག་ཧྲུལ་ཞིག་ལས་མེད་པས་ཁང་པ་གསར་པ་ཞིག་བརྒྱབ་ཆོག་པ་ཞུ་ཞེས་གསོལ་བས། རྒྱལ་པོའི་སེམས་ལ། ཁོ་ལ་ཤིང་མཛུབ་མོ་ཙམ་དང་། རྡོ་བག་ལེབ་ཙམ་ཡང་མེད་པས་ཁང་པ་རྒྱགས་ག་ལ་ཐུབ་སྙམས་ནས། ཁྱེད་ཀྱི་འདོད་པ་ལྟར་གྱིས་ཤིག་ཅེས་སྨྲས། དེའི་དགོང་མོ་བློ་གྲོས་བཟང་པོས་བྱ་ཆུ་སྲིན་གྱི་མཆུ་ཏོ་ལ་ལེགས་པར་གདམས་པས་ཁང་པ་རྒྱལ་པོའི་ཕོ་བྲང་ལས་མཛེས་པ་ཞིག་བྱུང་། ཕྱི་ཉིན་ནམ་ལངས་པ་དང་རྒྱལ་པོ་ཉི་ཟླའི་དཀྱིལ་འཁོར་ཧང་སངས་ནས་བློ་གྲོས་བཟང་པོའི་འགྲམ་དུ་སོང་སྟེ། གྲུབ་རྟགས་དེ་ཨབ་ཙམ་འདུག ད་དུང་གཞན་ག་རེ་ཤེས་སམ་ཞེས་དྲིས། བློ་གྲོས་བཟང་པོས་རྟ་ལྕག་བསམ་པའི་དོན་གྲུབ་ཅེས་པ་དེ་འཁྱེར་ཡོད་ཟེར། རྒྱལ་པོས། ཁྱོད་ལ་རྟ་བོང་གི་སུག་ལག་གཅིག་ཀྱང་མེད་པས་རྟ་ལྕག་གིས་ག་རེ་བྱེད་ཀྱི་ཡིན་ནམ་ཟེར། བློ་གྲོས་བཟང་པོས། རྟ་ལྕག་ཁྱེད་ཀྱིས་རྒྱལ་པོ་མཐོ་བ་ཉི་མའི་སར་ཁྲིད་ནས་མ་ཤི་ཙམ་དང་། དམའ་བ་རྒྱ་མཚོའི་གཏིང་དུ་མ་ཤི་ཙམ་ཁྲིད་ཅིག་ཅེས་ཟེར་མ་ཐག་རྟ་ལྕག་གིས་རྒྱལ་པོ་རླུང་གིས་འཁྱེར་བ་ལྟར་རང་དབང་མེད་པར་ཁྲིད་པས་སྐད་ངན་དབང་མེད་དུ་ཤོར། དེ་ནས་རྒྱལ་པོས་བློ་གྲོས་བཟང་པོར། ཁྱེད་ལ་མཐུ་རྩལ་དེ་འདྲ་ཡོད་ན་སྐད་གྲགས་ཡོད་པའི་རྟ་ཕོ་གསེར་ལིང་ཁྲོལ་ཁྲོལ་ཁྲིད་ཡོང་དགོས་ཟེར། བློ་གྲོས་བཟང་པོས་ལམ་སེང་རྟ་ལྕག་ལ་ང་གཉིས་ཐག་རིང་རྒྱ་མཚོའི་གླིང་གི་སྐྱེ་མེད་འཆི་མེད་ཐེམ་པ་བདུན་ཡོད་པ་དེའི་སར་ད་འགྲོ་དགོས་ཞེས་བཤད་མ་ཐག་རྟ་ལྕག་གིས་དེ་མ་ཉིད་དུ་ཁོ་ཚོའི་སར་བསྐྱལ། ཁོ་ཚོས་བློ་གྲོས་བཟང་པོ་མཐོང་མ་ཐག ང་ཚོ་འདི་གར་བསྡད་ནས་མི་ལོ་སྟོང་ཕྲག་བདུན་སོང་ཡང་འཇིག་རྟེན་ཁམས་ཀྱི་མི་གཅིག་ཀྱང་སླེབས་པ་མ་མཐོང་ཟེར་ནས་ཧ་ལས། བློ་གྲོས་བཟང་པོས། སྐད་གྲགས་ཡོད་པའི་རྟ་ཕོ་གསེར་ལིང་ཁྲོལ་ཁྲོལ་གང་དུ་ཡོད་དམ་ཞེས་དྲིས་པས། དེ་རྣམས་ན་རེ། ས་ཡི་མཐའ་དང་གནམ་གྱི་མཐའ་ལ་རྟ་རྭ་ཆེན་པོ་ཞིག་ཡོད་པ་ནི་རྟ་དེའི་རྟ་རྭ་ཡིན་པ་དང་ཉིན་མོ་རྟ་དེ་རི་གཡས་རི་གཡོན་རི་རྩ་ཤིན་ཏུ་བཟང་བ་ཞིག་ཡོད་པ་དེར་གནས་པ་དང་། ལོག་ཡོང་དུས་གནམ་ལ་འཕུར་ནས་འབྲུག་གི་སྒྲ་ལྟར་གྲགས་ནས་ཤིང་སྡོང་ཆེན་པོ་ཞིག་གི་འོག་ཏུ་ཆུ་མིག་གཅིག་ཡོད་པ་དེའི་འགྲམ་དུ་བབས་ཀྱི་ཡོད་ཅེས་བཤད། བློ་གྲོས་བཟང་པོས་དེ་མུར་རྟ་ལྕག་ལ་བཤད་ནས་གནས་དེར་སོང་། དེར་རི་གཡས་རི་གཡོན་རི་དང་ཤིང་སྡོང་འོག་གི་ཆུ་མིག་སོགས་དངོས་འབྲེལ་ཡོད་ཀྱང་རྟ་ཕོའི་རྐང་རྗེས་ཙམ་ཡང་མཐོང་རྒྱུ་མེད་པས་ཤིང་སྡོང་དེའི་འོག་ཏུ་གཉིད་དུ་ཅུང་ཤད་ཡུར། ཅུང་ཞིག་སོང་བ་ན། འུར་འུར་ཞེས་པའི་སྒྲ་ཞིག་གྲགས་པས་གཉིད་ལས་སད་དེ་བལྟ་དུས་རྟ་ཕོ་ཡོང་བཞིན་འདུག ཁོས་ལམ་སེང་ཤིང་སྡོང་དེའི་རྩེ་མོར་འཛེགས། རྟ་ཕོ་དེའི་སྒལ་པ་ནི་བྱ་དེའི་སྒོ་ང་ལྟར་ཟླུམ་པོ་ཞིག་ཡིན་པས་བཞོན་པར་དཀའ། བློ་གྲོས་བཟང་པོས་མིག་བཙུམས་ནས་རྟ་དེའི་སྒལ་པའི་སྟེང་དུ་མཆོངས་རྟ་ཕོས་གང་བྱུང་དུ་འཕུར་ནས་ཡུད་ཙམ་ཞིག་ལ་ས་ཐག་རིང་པོ་ཞིག་ཏུ་བསྐྱལ། དེ་ནས་བློ་གྲོས་བཟང་པོས་རྟ་ལྕག་བསམ་པའི་དོན་གྲུབ་དེ་གསུམ་བཞུས་པས་རྟ་དེས་རྟ་ལྕག་དེ་ངོས་ཤེས་ནས་ག་ལེར་ག་ལེར་ཕྱིན། དེ་ནས་བློ་གྲོས་བཟང་པོས། རྟ་ཕོ་གསེར་ལིང་ཁྲོལ་ཁྲོལ་ལགས། ཁྱེད་ཀྱིས་འཇིག་རྟེན་གྱི་རྒྱལ་པོ་ཉི་ཟླའི་དཀྱིལ་འཁོར་གྱི་རྟ་རྭའི་ནང་བབས་རོགས་ཞེས་བཤད་མ་ཐག རྟ་དང་རྟ་ལྕག་བློ་གྲོས་བཟང་པོ་དང་བཅས་པ་རྒྱལ་པོ་ཉི་ཟླའི་དཀྱིལ་འཁོར་གྱི་འགྲམ་དུ་བབས་ནས། བློ་གྲོས་བཟང་པོས། རྒྱལ་པོ་རིན་པོ་ཆེ་རྟ་ཕོ་འདི་ན་ཡོད་ཟེར། རྒྱལ་པོ་ཕྲག་དོག་མེ་ལྟར་འབར་ནས་སྐད། ང་རྒྱལ་པོ་ཉི་ཟླའི་དཀྱིལ་འཁོར་ནི་ཡུལ་འདིའི་སྟེང་བྱ་དང་འོག་འབུ་སྲིན་སོགས་ཀུན་གྱི་དཔོན་པོ་ཡིན་པས། ཁྱེད་ཀྱི་རྟ་ཕོ་གསེར་ལིང་ཁྲོལ་ཁྲོལ་དང་རྟ་ལྕག་སོགས་ང་ལ་བདག་པ་རེད། དེ་སྤྲོད་དང་མི་སྤྲོད་སྤྲང་པོ་ཁྱོད་ལ་རྒྱུ་དགོས་སམ། སྲོག་དགོས་མིན་བསམ་བློ་བཏང་ན་ལེགས་ཟེར། བློ་གྲོས་བཟང་པོས། རྒྱལ་པོ་རིན་པོ་ཆེ། ང་ལ་རྒྱུ་དགོས་པ་ལས་སྲོག་མི་དགོས་ཟེར། རྒྱལ་པོ་རབ་ཏུ་ཁྲོས་ནས་ཕྱི་ཉིན་རྒྱལ་པོས་དམག་མི་བརྒྱ་དང་གཡོག་པོ་བརྒྱ་ཁྲིད་ནས་བློ་གྲོས་བཟང་པོ་གསོད་པར་ཡོང་། དེ་དུས་བློ་གྲོས་བཟང་པོས་སྐད་ཤུགས་ཆེན་པོས་ངས་འཇིག་རྟེན་གྱི་ཁམས་འདིར་ད་བར་སྡིག་པ་ཅི་ཡང་བསག་མ་མྱོང་། དེ་རིང་སེམས་སོལ་བ་ལས་ནག་པ་དང་། ཧམ་པ་རི་ལས་ཆེ་བའི་རྒྱལ་ངན་ཁྱོད་གསོད་ཐག་ཆོད་ཡིན་ཟེར་ནས་རྟ་ལྕག་བསམ་པའི་དོན་གྲུབ་བཏང་བས་དེས་དམག་མིའི་གོ་མཚོན་མཐའ་དག་འཕྲོགས། དེ་ནས་ཐི་གུ་ཁྲ་ཁྲས་རྒྱལ་པོ་གྲུ་གུ་བཞིན་དུ་བསྡམས། དེ་ནས་རྒྱུག་པ་དེ་བཏང་བས་དེས་རྒྱལ་པོའི་འབུར་འབུར་ཡོད་ཚད་བརྡུངས་པས་རྒྱལ་པོ་ན་ཟུག་མ་བཟོད་པར་སྐད་ངན་ཤོར་བ་དང་། དེ་རྗེས་དབུགས་ཀྱི་རྒྱུ་བ་ཆད་དེ་འཇིག་རྟེན་ཕྱི་མའི་ཡུལ་དུ་སོང་།
དེ་ནས་བློ་གྲོས་བཟང་པོ་ཡུལ་གྲུ་དེའི་རྒྱལ་པོ་བྱེད་རྒྱུར་མི་སེར་ཡོངས་མ་གྲོས་གཅིག་མཐུན་བྱུང་བ་དང་བློ་གྲོས་བཟང་པོ་རྒྱལ་སར་འཁོད་རྗེས་ཡུལ་དེར་ལོ་ལེགས་པ་དང་ནད་མེད་པ། ཐམས་ཅད་བདེ་ཞིང་སྐྱིད་པའི་འཚོ་བར་རོལ།
འབྲེལ་ཡོད་འོས་སྦྱོར།