logo

༄༅།།འཕན་ཡུལ་གྱི་དམངས་གཞས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-07-10 ཀློག་གྲངས།:
(༡)ཤར་སྒོ་ལའི་ལ་མོའི་ལ་རྩེ་ནས། །དར་ལ་དཀར་པོ་ཁ་གང་ལུང་པའི་རྒྱན།།
དེ་ཚོ་དར་དཀར་མ་རེད་ཐང་དཀར་རེད། །ཐང་དཀར་བོད་ལ་གཤོག་རྩལ་ངོམ་མཁན་རེད།།
ཤར་སྒོ་ལའི་ལ་མོའི་ལ་དཀྱིལ་ནས། །དར་ལ་སྔོན་པོ་ཁ་གང་ལུང་པའི་རྒྱན།།
དེ་ཚོ་དར་སྔོན་མ་རེད་ཁུ་བྱུག་རེད། །ཁུ་བྱུག་བོད་ལ་གསུང་སྐད་ངོམ་མཁན་རེད།།
ཤར་སྒོ་ལའི་ལ་མོའི་ལ་གཤམ་ནས། །དར་ལ་སེར་པོ་ཁ་གང་ལུང་པའི་རྒྱན།།
དེ་ཚོ་དར་སེར་མ་རེད་སེར་བྱ་རེད། །སེར་བྱ་མཚོ་ལ་གཡས་སྐོར་རྒྱག་མཁན་རེད།།
(༢)ཕྱོཌ་བཞི་སྡེ་བརྒྱད་ལྷ་ཚོཌ་རིན་པོ་ཆེ། །དབུས་ཀྱི་རྡོ་ནག་མཆོད་རྟེན་བསྟན་རོཌ་གནང་།།
རྡོ་ནག་མཆོད་རྟེན་མཇལ་ནས་ཡར་ལ་འགྲོ །དབུས་ཀྱི་མ་གདང་རིང་པོ་བསྟན་རོགས་གནང་།།
མ་གདང་རིང་པོ་མཇལ་ནས་ཡར་ལ་འགྲོ། །དབུས་ཀྱི་གྲམ་བུ་ཤེལ་དཀར་བསྟན་རོགས་གནང་།།
(༣)ཉི་མའི་ཤར་ལ་མི་ཆགས་ཉི་མའི་ཤར་ལ་ཆགས། །ཉི་མའི་ཤར་ལ་ཤ་ར་འབུམ་པ་ཆགས།།
ལྟད་མོ་བལྟས་ན་ཤ་ར་འབུམ་པ་རེད། །སྐོར་བ་བསྐོར་ན་ཤ་ར་འབུམ་པ་རེད།།
ཉི་མའི་ལྷོ་ལ་མི་ཆགས་ཉི་མའི་ལྷོ་ལ་ཆགས། །ཉི་མའི་ལྷོ་ལ་སེ་ར་འབྲས་སྤུངས་ཆགས།།
བྱིན་རླབས་ཞུས་ན་སེ་ར་འབྲས་སྤུངས་རེད། །སྐོར་བ་བསྐོར་ན་སེ་ར་འབྲས་སྤུངས་རེད།།
ཉི་མའི་ནུབ་ལ་མི་ཆགས་ཉི་མའི་ནུབ་ལ་ཆགས། །ཉི་མའི་ནུབ་ལ་མཚུར་བུ་དབྱར་འཆམ་ཆགས།།
ལྟད་མོ་བལྟས་ན་མཚུར་བུ་དབྱར་འཆམ་རེད། །སྐོར་བ་བསྐོར་ན་མཚུར་བུ་དབྱར་འཆམ་རེད།།
ཉི་མའི་བྱང་ལ་མི་ཆགས་ཉི་མའི་བྱང་ལ་ཆགས། །ཉི་མའི་བྱང་ལ་གནམ་མཚོ་ཕྱུག་མོ་ཆགས།།
ལྟད་མོ་བལྟས་ན་གནམ་མཚོ་ཕྱུག་མོ་རེད། །སྐོར་བ་བསྐོར་ན་གནམ་མཚོ་ཕྱུག་མོ་རེད།།
(༤)གནས་ལ་བཟང་པོ་གཅིག་དང་བཟང་པོ་གཉིས། །གནས་ལ་བཟང་པོ་ཤ་ར་འབུམ་པ་ཡོད།།
སྔོན་ཆད་གནས་བཟང་བསྐོར་བའི་བཀྲ་ཤིས་ཤོག   །ཕྱི་མ་བསྐོར་རྒྱུ་ཡོང་བའི་སྨོན་ལམ་ཞུ།།
ཤ་བ་རི་ལ་སྨུག་པས་གཡས་སྐོར་བརྒྱབ། །བཙུན་མ་རྣམས་ལ་ཆོས་ཀྱི་སྦྲང་ཆར་བབས།།
སྔོན་ཆད་ཆོས་གྲྭ་འགྲིམས་པའི་བཀྲ་ཤིས་ཤོག །ཕྱི་མ་མཇལ་རྒྱུ་ཡོང་བའི་སྨོན་ལམ་ཞུ།།
ཤ་ར་འབུམ་པར་བྲོ་ཡི་བྲོ་ར་ཡོད། །གཞོན་གཞོན་རྣམ་ཚོ་བྲོ་གཞས་སྐྱོན་པར་ཕེབས།།
སྔོན་ཆད་བྲོ་ར་འགྲིམས་པའི་བཀྲ་ཤིས་ཤོག །ཕྱི་མ་མཇལ་རྒྱུ་ཡོང་བའི་སྨོན་ལམ་ཞུ།།
(༥)བྱང་ཕྱོགས་ཆོས་སྡིངས་དགོན་པར། །ལྟད་མོ་ལྟ་བར་ཕྱིན་པས།།
ཨ་མའི་ནོར་འཛིན་གསལ་སྒྲོན། །དྲོད་འཇམ་ཉི་མ་ཞིག་དང་།།
དཀར་གསལ་ཟླ་བ་མཇལ་བྱུང་། །ཨ་མའི་ནོར་འཛིན་གསལ་སྒྲོན།།
དྲོད་འཇམ་ཉི་མ་དེ་ནི། །ས་ཆུ་དྲོད་པར་དགོས་ཡོད།།
ཨ་མའི་ནོར་འཛིན་གསལ་སྒྲོན། །དཀར་གསལ་ཟླ་བ་དེ་ནི།།
མུན་པ་སེལ་བར་དགོས་ཡོད། །ཨ་མའི་ནོར་འཛིན་གསལ་སྒྲོན། །
བྱང་ཕྱོགས་ཆོས་སྡིང་དགོན་པར། །ལྟད་མོ་ལྟ་བར་ཕྱིན་པས།།
ཨ་མའི་ནོར་འཛིན་གསལ་སྒྲོན། །ཁྱུང་དཀར་མཛོ་བོ་ཞིག་དང་།།
གཡག་གུ་རོག་པོ་མཇལ་བྱུང་། །ཨ་མའི་ནོར་འཛིན་གསལ་སྒྲོན།།
ཁྱུང་དཀར་མཛོ་བོ་དེ་ཚོ། །སོན་རྩ་འཛུགས་པར་དགོས་ཡོད།།
ཨ་མའི་ནོར་འཛིན་གསལ་སྒྲོན། །གཡག་གུ་རོག་པོ་དེ་ཚོ།།
བྱང་ཚྭ་ལེན་པར་དགོས་ཡོད། །ཨ་མའི་ནོར་འཛིན་གསལ་སྒྲོན།།
བྱང་ཕྱོགས་ཆོས་སྡིང་དགོན་པར། །ལྟད་མོ་ལྟ་བར་ཕྱིན་པས།།
ཨ་མའི་ནོར་འཛིན་གསལ་སྒྲོན། །བགྲོད་ཅན་རྟ་བོ་ཞིག་དང་།
མི་ཉག་ཚལ་མོ་མཇལ་བྱུང་། །ཨ་མའི་ནོར་འཛིན་གསལ་སྒྲོན།།
བགྲོད་ཆེན་རྟ་བོ་དེ་ཚོ། །ཨང་ཀི་ལེན་ཡས་དགོས་ཡོད།།
ཨ་མའི་ནོར་འཛིན་གསལ་སྒྲོན། །མི་ཉག་ཚལ་མོ་དེ་ཚོ།།
རྒྱ་ཇ་འདྲེན་ཡས་དགོས་ཡོད། །ཨ་མའི་ནོར་འཛིན་གསལ་སྒྲོན།།
(༦)རྭ་སྒྲེང་མ་ཆགས་རྭ་སྒྲེང་ཆགས། །རྭ་སྒྲེང་ཤུག་པའི་དཀྱིལ་ལ་ཆགས།།
ཤུག་པའི་དཀྱིལ་ལ་ཆགས་སོ་ཟེར་ན། །རྭ་སྒྲེང་བསྟན་པ་དེ་ནས་དར།།
ཕོད་མདོ་མ་ཆགས་ཕོད་མདོ་ཆགས། །ཕོད་མདོ་ལྕགས་ཟམ་སྒང་ལ་ཆགས།།
ལྕགས་ཟམ་སྒང་ལ་ཆགས་སོ་ཟེར་ན། །ཕོ་མདོ་བསྟན་པ་དེ་ནས་དར།།
གསེར་གླིང་མ་ཆགས་གསེར་གླིང་ཆགས། །གསེར་གླིང་བྲག་གི་ལྡེབས་ལ་ཆགས།།
བྲག་གི་ལྡེབས་ལ་ཆགས་སོ་ཟེར་ན། །གསེར་གླིང་བསྟན་པ་དེ་ནས་དར།།
(༧)རྭ་སྒྲེང་ཤུག་པ་མ་ཆགས་ཤུག་པ་ཆགས། །རྭ་སྒྲེང་ཤུག་པ་འདི་ནས་ལགས་སོ།།
བསམ་ཡས་གནས་ལ་ཆགས། །བསམ་ཡས་ཆོས་སྐྱོང་ཆེན་མོ། །རྭ་སྒྲེང་ཤུག་པར་མཉེས།།
རྭ་སྒྲེང་ཤུག་པ་མ་ཆགས་ཤུག་པ་ཆགས། །རྭ་སྒྲེང་ཤུག་པ་འདི་ནས་ལགས་སོ།།
ཙྭ་རིའི་གནས་ལ་ཆགས། །ཙྭ་རིའི་མ་དང་མཁའ་འགྲོ  །རྭ་སྒྲེང་ཤུག་པར་མཉེས།།
རྭ་སྒྲེང་ཤུག་པ་མ་ཆགས་ཤུག་པ་ཆགས། །རྭ་སྒྲེང་ཤུག་པ་འདི་ནས་ལགས་སོ།།
ཁྲ་འབྲུག་གནས་ལ་ཆགས། །ཁྲ་འབྲུག་སྒྲོན་མ་གསུང་བྱོན། །རྭ་སྒྲེང་ཤུག་པར་མཉེས།།
(༨)དགའ་པོ་དགའ་པོ་བྱས་ཏེ་ལོག་ནས་འགྲོ །སྐྱིད་པོ་སྐྱིད་པོ་བྱས་ཏེ་ལོག་ནས་འགྲོ།
སྐྱིད་པོ་རྭ་སྒྲེང་གཞུང་ལ་ལོག་ནས་འགྲོ །རྭ་སྒྲེང་ཤུག་པའི་གསེབ་ལ་ལོག་ནས་འགྲོ།
དགའ་པོ་དགའ་པོ་བྱས་ཏེ་ལོག་ནས་འགྲོ །སྐྱིད་པོ་སྐྱིད་པོ་བྱས་ཏེ་ལོག་ནས་འགྲོ།
རྭ་སྒྲེང་རྩ་བའི་བླ་མ་མཇལ་བར་འགྲོ །རྩ་བའི་བླ་མའི་གསུང་ཆོས་ཞུ་བར་འགྲོ།
དགའ་པོ་དགའ་པོ་བྱས་ཏེ་ལོག་ནས་འགྲོ །སྐྱིད་པོ་སྐྱིད་པོ་བྱས་ཏེ་ལོག་ནས་འགྲོ།
 ཡར་ལ་མཇལ་དར་འབུལ་བར་ལོག་ནས་འགྲོ །མར་ལ་ལྗཌ་འདུས་ཞུ་བར་ལོག་ནས་འགྲོ།
(༩)དགོན་པ་སྟག་ལུང་དགོན་པའི་དབུ་རྩེ་ནས། །དབུ་རྩེ་དེ་ཚོ་གསེར་ཟངས་རྒྱ་ཕིབས་འདྲ།།
གསེར་ཟངས་རྒྱ་ཕིབས་མ་འགྱུར་གཏན་དུ་བཞུགས། །
དགོན་པ་སྟག་ལུང་དགོན་པའི་དབུ་དཀྱིལ་ནས། །དབུ་དཀྱིལ་དེ་ཚོ་ཐུག་དང་དར་ལྕོག་འདྲ།། 
ཐུག་དང་དར་ལྕོག་མ་འགྱུར་གཏན་དུ་བཞུགས། །
དགོན་པ་སྟག་ལུང་དགོན་པའི་དབུ་གཤམ་ནས། །དབུ་གཤམ་དེ་ཚོ་གཡུ་ཡི་རྡོ་གཅལ་འདྲ།།
གཡུ་ཡི་རྡོ་གཅལ་མ་འགྱུར་གཏན་དུ་བཞུགས།།
(༡༠)མཚོ་མོ་བྲག་ལ་མེད་པ་གཅིག་ཀྱང་མེད། །མཚོ་མོ་བྲག་ལ་གསེར་གྱི་མཆོད་རྟེན་ཡོད།།
རྩེ་མོ་ཡར་ལ་དར་ལྕོག་འཛུགས་ས་ཡོད། །རླུང་རྟ་མཐོ་བའི་དར་ལྕོག་འཛུགས་ས་ཡོད།།
སྐེད་པ་ཡར་ལ་མར་མེ་འབུལ་ས་ཡོད། །བསོད་ནམས་ཅན་གྱིས་མར་མེ་འབུལ་ས་ཡོད།།
རྩ་བ་མར་ལ་སྐོར་བ་བསྐོར་ས་ཡོད། །དད་པ་ཅན་གྱིས་སྐོར་བ་བསྐོར་ས་ཡོད།།
(༡༡)བྲག་དེ་བྲག་བཟོ་ཡག་པ། །དར་ཡུལ་མཚོ་མོ་བྲག་རེད།།
བྲག་བཟོ་ཡག་པོ་ལོས་ཡོད། །ཨོ་རྒྱན་པད་མའི་གདན་ས།།
གཡས་ལ་མཁའ་འགྲོ་བཞུགས་ཡོད། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ།།
གཡོན་ལ་ལྷ་ལྕམ་བཞུགས་ཡོད། །ལྷ་ལྕམ་མེ་དྷ་ར་བ།།
མཁའ་འགྲོ་ལྷ་ལྕམ་བར་ལ། །ཨོ་རྒྱན་བཞུགས་ཉམས་དོད་པ།།
(༡༢)དར་ཡུལ་ཆུ་ཚན་དེ་ཡི་སྐྱིད་པ་ལ། །མ་ཎི་ཆུ་འཁོར་དེ་ཡི་མཛེས་པ་ལ།།
ང་ནི་ཆུ་ཚན་འདི་ལ་གླིང་ག་གཏོང་རྒྱུ་བྱུང་ན། །མ་ཎི་ཆུ་འཁོར་འདི་ལ་སྐོར་བ་བསྐོར་རྒྱུ་བྱུང་ན།།
(༡༣)ཤར་བ་འབུམ་པས་གཡས་བྱས། །བདེ་སྐྱིད་གླིང་ཁས་གཡོན་བྱས།།
གཞོན་གཞོན་འཁྲུག་དམག་རྒྱག་ས། །སྐྱིད་པོའི་མཁའ་འགྲོའི་བྲོ་ར།།
(༡༤)རི་དེ་རྒྱལ་པོ་བླ་རི། །མ་འཛེགས་པུས་མོ་ན་བྱུང་།།
བསངས་ཁུག་ལྷགས་པས་འཁྱེར་དུས། །མ་སྒྲུག་ཞེན་པ་ལོག་སོང་།།
(༡༥)ལྕང་རྒྱབ་ལྕང་མ་མང་བ། །ཐུང་ཐུང་ཡོག་ཤིང་དཀོན་པ།།
ཕ་མ་སྤུན་མཆེད་མང་བ། །རོགས་པ་བྱེད་མཁན་དཀོན་པ།།
(༡༦)ལྕང་རྒྱབ་རི་མགོའི་ལྡེབས་ལ། །ལུག་ལས་ལུག་རྫི་མང་བ།།
ལུག་ལ་སྤྱང་ཀི་ཤོར་དུས། །ལུག་རྫི་གཅིག་ལས་མི་འདུག།
(༡༧)མི་དེ་མི་སྣ་འཛོམས་པ། །དགའ་ཆོས་གྲོང་གི་མི་རེད།།
ཆུ་དེ་ཆུ་སྣ་འཛོམས་པ། །དགའ་ཆོས་གྲོང་གི་ཆུ་རེད།།
(༡༨)རྒྱ་ལམ་བསམ་གཏན་སྒང་ལ། །གཡམ་པའི་ཆུ་འཁོར་བཙུགས་བཞག།
རྩམ་པ་བབ་རྒྱུ་མེད་པས། །ཏང་སྒྲ་ཏིང་སྒྲས་བརྒྱངས་སོ།།
(༡༩)འཕན་པོ་དགའ་ལྡན་ཆོས་འཁོར། །འཕན་ཡུལ་ལུང་པའི་རྒྱན་རེད།།
དགའ་ལྡན་ཆོས་འཁོར་མེད་ན། །འཕན་ཡུལ་སྟོང་པ་རེད་འདུག།
(༢༠)རྒྱལ་རྩེ་ཤོད་ལ་མ་འགྲོ། །ཤོབ་རྩྭའི་ཐུག་པ་བཏང་ཡོང་།།
ཨོ་ལོའི་གཏམ་འདོད་མིན་དེ། །ཞེན་པ་གཏིང་ནས་ལོག་སོང་།།
(༢༡)རྒྱབ་རི་རིན་ཆེན་སྤུངས་པར། །སྨུག་པས་དབུ་ཞྭ་བཞེས་བཞག།
དགོན་པ་ནཱ་ལེནྡྲ་ལ། །ཆོས་ཀྱི་སྦྲང་ཆར་བབས་སོ།།
(༢༢)གླང་ཐང་གླིང་སྟོད་གླིང་སྨད། །གླིང་གི་གནས་སྒོ་གྲྭ་ཚང་།།
སྒོ་མཆོར་འོག་ལ་ཕེབས་དང་། །རྨ་བྱའི་སྒྲོ་ལས་མཚར་བ།།
(༢༣)གླང་ཐང་ལྕོག་གི་རྩེ་ནས། །སྙན་པའི་རྒྱ་གླིང་བཏང་བྱུང་།།
གཏོང་མཁན་སུ་ཡིན་མ་ཤེས། །ཉན་མཁན་སེམས་པ་སྐྱིད་བྱུང་།།
(༢༤)གླང་ཐང་ལྕོག་གི་སྒྲོམ་སྐས། །འཛེགས་ཤིང་འཛེགས་ཤིང་ཕྱིན་པས།།
ཡབ་གཞིས་ཆོས་སྐྱོང་སྲུང་མ། །གསེར་ཁྲིའི་སྟེང་ནས་མཇལ་བྱུང་།།
(༢༥)གླང་ཐང་ཕུ་རུབ་རྩེ་ནས། །སྨུག་པས་གཡས་སྐོར་རྒྱག་གིས།།
འཕན་ཡུལ་གླང་ཐང་དགོན་པར། །ཆོས་ཀྱི་སྦྲང་ཆར་བབས་བཞག།
(༢༦)ཆུ་གཅིག་སྒོ་རའི་ཆུ་མིག   །ཆུ་བདག་གླང་ཐང་བཀའ་སྲུང་།།
བཀའ་སྲུང་ཞེད་པོ་ཡོད་ན། །ཆུ་མིག་པང་ལ་ལེན་དང་།།
(༢༧)འཕན་པོ་གླང་ཐང་རི་ཟུར། །གཞོན་པའི་དགྲ་ལ་ལངས་བྱུང་།།
འཇོར་གྱིས་བཀོག་ན་དགའ་བ། །སྦྱར་མས་དབྱུག་ན་དགའ་བ།།
(༢༨)སྒོ་གྲོང་སྒོ་གྲོང་མ་ཟེར་། །ཚེ་རིང་སྐྱིད་མོ་དྲན་བྱུང་།།
སྒོ་གྲོང་ཚེ་རིང་སྐྱིད་མོའི། །སྤྱན་གྱི་གཟིགས་ཕྱོགས་དྲན་བྱུང་།།
(༢༩)  རྟ་ཕོ་སིང་སིང་ཁྲོག་ཁྲོག   །སྒོ་ལའི་ལ་མོ་བརྒྱབ་སོང་།།
ང་རང་སྒོ་ལའི་ལ་མོའི། །ལ་རྫས་ཡིན་ན་དགའ་བ།།
(༣༠)ཐ་མག་རྟ་བ་རྟགས་ཅན། །སྒོ་ལའི་རྩེ་ནས་འཐེན་པས།།
དུ་བ་འཇའ་ཆུང་སྣ་ལྔ། །འཕན་པོའི་གཞུང་ལ་འཁོར་སོང་།།
(༣༡)ཕ་ཡུལ་དར་རྒྱས་ཁང་གསར། །བསེ་སྐོར་སྦྱར་བས་སྒྲིབ་སོང་།།
བུ་མོ་འགྲོ་བའི་ལམ་ཁ། །སྦྱར་བའི་ལོ་མས་སྒྲིབ་སོང་།།
སྦྱར་བས་སྒྲིབ་པའི་མ་གཏོགས། །མི་ལ་སྨོན་དགོས་མི་འདུག།
(༣༢)ཨོ་ལོས་ལྕང་ར་ཤར་ནས། །གླུ་མ་དབྱངས་ཤིག་བཏང་བས།།
རྒྱལ་རྩེ་ཤོད་ཀྱི་ཨ་མས། །སྦུད་པ་ལངས་ནས་རྒྱག་གིས།།
(༣༣)འཕན་པོ་གནས་ཕྱུག་ཤར་པའི། །ཨ་ཏི་གྱོན་རྒྱུ་བྱུང་ན།།
ཨ་ཅག་དམར་པོ་གྲོ་གློད། །ས་གཞི་མིག་གིས་མ་རིག།
(༣༤)འཕན་པོ་སྒོ་ལའི་རྩེ་ནས། །ཕྱིར་བལྟས་རེ་རེ་སློག་དུས།།
གནས་ཆེན་ཤ་ར་འབུམ་པ། །སྔར་ལས་དར་ཞིང་རྒྱས་པ།།
(༣༥)གནས་ཆེན་ཤ་ར་འབུམ་པར། །སྐོར་བ་ལོ་གྲངས་བསགས་པས།།
ལས་ཀྱི་སྒྲིབ་པ་མ་དག  །ཤྭ་བའི་ལུས་ལ་བླངས་བྱུང་།།
(༣༦)རྭ་སྒྲེང་ཁུ་བྱུག་མཆོད་པ། །མཇལ་འདོད་བློ་ལ་འདུག་ཀྱང་།།
ཕོད་མདོ་ལྕགས་ཀྱི་ཟམ་པ། །དམྱལ་བའི་འཕྲང་ལས་དོག་པ།།
(༣༧)རྭ་སྒྲེང་ཁུ་བྱུག་མཆོད་པ། །ཨ་མས་མཇལ་བར་བཏང་ན།།
ཕོད་མདོ་ལྕགས་ཀྱི་ཟམ་པར། །འགྲོ་སྟངས་ང་རས་ཤེས་པ།།
(༣༨)ཤིང་དེ་རྒྱལ་ལྕང་སྡོང་པོ། །སྐད་གྲགས་ཆེ་རང་དྲགས་ནས།།
བུ་མོས་རྭ་སྒྲེང་གཞུང་ནས། །ཤུག་པ་བཞག་ནས་ཡོང་ཡོད།།
(༣༩)ཆུ་དེ་དར་ཡུལ་ཕུ་ཆུ། །ལྟ་བ་རང་དགྱེར་མ་གནང་།།
ཀོ་བ་འཁྱོགས་པའི་ཆུ་མོ། །འབྲི་ཁུང་མཐིལ་ལ་ཡོད་དོ།།
(༤༠)འཕན་པོ་དར་ཡུལ་ཕུ་ནས། །གསེར་གྱི་ཆུ་ཞིག་རྒྱུག་བྱུང་།།
གསེར་ཆུ་གང་འགྲོའི་ས་ལ། །ལོ་ཡག་རྩ་བ་ཚུགས་སོ།།
(༤༡)འཕན་པོ་ལྷུན་གྲུབ་རྫོང་དེ། །སྐུ་དབང་བཙན་རང་དྲགས་ནས།།
རི་བོང་རི་ལ་སྡོད་མཁན། །དར་པོ་ཆེ་ལ་བཏགས་འདུག།
(༤༢)ལྕང་ར་ཤར་ནས་བལྟས་པས། །ཤེལ་དཀར་མཆོད་རྟེན་མཇལ་བྱུང་།།
གྲམ་བུ་ཤེལ་དཀར་དེ་ཡིས། །ཡུལ་སྔ་འོད་ཀྱི་རྒྱངས་སོ།།
(༤༣)ཡུལ་ཐང་ལྷགས་པ་ཚ་བ། །ཆོས་སྡིངས་ཉི་མ་དྲོ་བ།།
བསིལ་གྲིབ་སྙོམས་པ་དགོས་ན། །ཡུལ་སྔའི་ནང་ལ་ཕེབས་ཤོག།
(༤༤)ཁ་རིལ་སྦྱར་པ་དཀར་པོ། །དཀར་སོང་བསམ་བསམ་མ་གནང་།།
སྦྱར་པའི་ཁོག་པ་རུལ་པ། །ཨོ་ལོས་ཤེས་ས་མ་རེད།།
(༤༥)འཕན་པོ་གཡུ་ཡི་གཞོང་པ། །སྐྱིད་ལུང་གཞུང་ལ་ཡོད་རེད།།
སྐྱིད་ལུང་སྐོར་ལམ་ནང་ལ། །ཕོ་གཞོན་མོ་གཞོན་འཛོམས་བཞག།
(༤༦)དགོན་པ་སྤྱང་ལུང་ཆོས་སྡིངས་། །ཆོས་ཞུགས་བརྒྱ་གྲོང་གདོང་ང་།།
བརྒྱ་གྲོང་གཞུང་གི་བུ་མོ། །ཐང་གའི་ནང་གི་ལྷ་འདྲ།།
(༤༧)མཁར་གདོང་དགོན་པའི་རི་དེ། །མཐོ་མཐོ་མཐོ་བར་ཕྱིན་སོང་།།
དྲོད་འཇམ་ཉི་མས་མ་གཏོགས། །རྩད་ཀྱི་ཆོད་ས་མ་རེད།།
(༤༨)འཕན་པོ་ལྕང་ལོ་ཅན་ལ། །ལྕང་མ་རློན་པའི་ཟམ་པ།།
ང་རང་འགྲོ་དགོས་མེད་ཀྱང་། །འགྲོ་མཁན་གཡང་ང་ཟ་བ།།
(༤༩)ལྕང་ལོ་ཅན་གྱི་ཐོག་ཁར། །འབྲུག་གི་སྒོ་ང་བཏང་བཞག།
འབྲུག་གི་སྒོ་ང་ལེན་པར། །རླུང་གི་རྟ་བོ་དགོས་ཀྱིས།།
(༥༠)དགའ་ལྡན་ཕུན་ཚོགས་གླིང་ལ། །ཆིབས་པའི་རྩྭ་གདན་གྲུ་བཞི།།
དགའ་ལྡན་ཚོ་ལ། །སྐལ་བ་བཟང་བའི་ཕུན་ཚོགས་གླིང་།།
ཆིབས་ཆེན་དབྱར་རྩྭ་བཞེས་ན། །ཕུན་ཚོགས་གླིང་ལ་ཕེབས་དང་།།
དགའ་ལྡན་ཚོ་ལ། །སྐལ་བ་བཟང་བའི་ཕུན་ཚོགས་གླིང་།།
(༥༡)འཕན་པོ་ལྕང་ལོ་ཅན་ལ། །མ་རྨོས་ལོ་ཏོག་བཏབ་བཞག།
འབྲས་བུ་སྨིན་རྒྱུ་མེད་པས། །ལོ་མས་སེམས་གཅོང་བཅུག་བཞག།
(༥༢)ལ་མག་ལ་ས་ཡག་པ། །སྐལ་བཟང་ཟམ་པའི་ལ་མག།
ང་རང་སྐལ་བཟང་ཟམ་པའི། །ཟམ་ཤིང་ཡིན་ན་དགའ་བ།།
(༥༣)ཤིང་བཟང་སྦྱར་པའི་བརྒྱུད་བྱས། །ལྕང་ལོ་དབྱུག་པ་མ་གནང་།།
རྭ་སྒྲེང་ཤུག་པའི་བརྒྱུད་བྱས། །ངང་རྒྱུད་རིང་ཙམ་གནང་དང་།།
(༥༤)བྱང་དེ་རྭ་སྒྲེང་གཞུང་གི། །ཤུག་པའི་ཤུག་ལོ་ཡག་པ།།
དེ་ལས་ཨ་ཅེ་འབྲོག་མོའི། །རྒྱབ་ཀྱི་ལྕང་ལོ་ཡག་པ། །
(༥༥)ཉི་མ་རིང་སོང་ཐུང་སོང་། །རྒྱལ་གྱི་ཕུ་ལ་བཞུད་སོང་། །
རྒྱལ་གྱི་ཀླུ་ཁ་སྟོད་ནས། །ཉི་མས་འཁོར་ལོ་འཁོར་སོང་།།
(༥༦)རྟ་དེ་ཨ་ཁུའི་རྟ་རེད། །དམར་ཤོག་ཨ་ཁུའི་རྟ་རེད།།
བརྒྱ་གྲོང་རྒྱུད་གྲོང་གསེང་ལ། །ཏང་སྒྲ་ཏིང་སྒྲས་རྒྱངས་སོ།།
(༥༧)གསོལ་ཇ་ལྗག་གང་མཆོད་དང་། །གང་ཡང་གནང་གི་མ་རེད།།
གྲབ་ལ་སེར་ཁང་ནང་པ། །མར་ཙམ་དེ་གར་ཡོག་རེད།།
(༥༨)སྐལ་བཟང་ཡུར་བུའི་ཁ་ལ། །དང་འདོད་ལག་ཆུང་དཀྲུས་པས།།
མཛུབ་མོར་རན་པའི་མཛུབ་རྒྱན། །ཡུར་བུའི་ཁ་ལ་ལུས་སོང་།།
(༥༩)ཕ་ཡུལ་བྱང་ཕྱོགས་རྭ་སྒྲེང་། །རླུང་པོ་མདའ་ལས་ཚ་བ།།
པགས་ཚགས་ལུ་གུའི་ཚ་རུ། །ཨ་མའི་པང་ལས་ལྷག་པ།།
(༦༠)ཆུ་ཁ་བྱང་གི་ཉུང་མས། །གཡས་དུང་ཉན་གྱི་ཡོད་ན།།
བལ་ཡུལ་གཏིང་གི་གཡས་དུང་། །དགོངས་པ་རང་ཞུ་ཡིན་པ།།
(༦༡) གཞས་དེ་ཕྲུ་གུའི་གཞས་རེད། །འཕན་པོའི་ཕྲུ་གུའི་གཞས་རེད།།
གདངས་ལ་སྙན་པོ་མེད་ཀྱང་། །ཚིག་ལ་ཚོ་པོ་ཡོད་དོ།།
(༦༢) ཆར་པ་སིམ་སིམ་གཏོང་དུས། །གླིང་ཁ་སིམ་སིམ་དྲན་བྱུང་།།
འཕན་པོའི་རྒྱང་གྲགས་གཏོང་དུས། །མའོ་ཀྲུའུ་ཞི་དྲན་བྱུང་།།
(༦༣)  ད་ལོའི་ལོ་གསར་སྐྱིད་པོ་བྱུང་། །བག་སྒོར་དཀར་པོ་ཟ་རྒྱུ་བྱུང་།།
རེད་རེད་རེད་ཟེར་ན། །དུས་སང་དེ་ལས་སྐྱིད་པ་ཡོང་བ་ཤོག།
(༦༤)འཕན་པོའི་ཆུ་ཡུར་བཟོ་བར། །སེམས་ཐག་བཅད་ནས་ཡོང་ཡོད།།
དཀའ་ངལ་ག་ཚོད་བྱུང་ཡང་། །ཀྲུའུ་ཞིའི་གསུང་རྩོམ་ཀློག་ཆོག།
(༦༥)འཕན་པོ་སྒོ་ལས་གཙོ་བྱས། །རི་ལའི་རི་རྒྱུད་དྲན་བྱུང་།།
དྲིན་ཅན་ཕ་མས་གཙོ་བྱས། །གཉེན་ལའི་གཉེན་འཁོར་དྲན་བྱུང་།།
(༦༦)ནམ་དུས་དཔྱིད་ཀ་ཤར་སོང་། །རྭ་སྒྲེང་ཁུ་བྱུག་འབྱོར་སོང་།།
གྲོ་ནས་སྲན་གསུམ་བཏབ་པའི། །གཏམ་གླེང་ཤོད་རྒྱུ་ཨེ་ཡོད།།
(༦༧)ལྕང་ལོ་ཅན་ནས་བལྟས་པས། །ར་གཅིག་སྐུ་འབུམ་མཇལ་བྱུང་།།
ར་གཅིག་སྐུ་འབུམ་མཇལ་དུས། །མཁར་བ་འོད་ཀྱིས་རྒྱངས་བཞག།
(༦༨)ཡོད་པས་རྟ་ཚོང་རྒྱག་གིས། །མེད་པས་བོང་ཚོང་རྒྱག་གིས།།
དེ་གོང་ཨ་ཅག་གདོང་དམར། །ཨོར་རྡོ་ཆ་གཅིག་སྒྲིག་བཞག།
(༦༩)ལྕང་ཅན་གཡུ་ཁས་ནས་བྱས། །ཕུན་ཚོགས་ཡུར་བུས་ཆུ་བྱས།།
ཞིམ་པོའི་ཆང་ཞིག་བཙོས་ན། །སུ་ཡིས་ག་རེ་ཟེར་བ།།
(༧༠)རྟ་བོ་བསམ་སྦྱོར་རག་པ། །སྒོ་ལའི་ལ་མོ་བརྒྱབ་སོང་།།
ང་རང་བསམ་སྦྱོར་རག་པའི། །རྨིག་ལྕགས་ཡིན་ན་དགའ་བ།།
(༧༡)དབྱར་ཁ་ཟླ་ར་སྐྱིད་པ། །ཟླ་རའི་སྤང་གཤོང་སྐྱིད་པ།།
དགུན་ཁ་གཟིམ་ཆུང་སྐྱིད་པ། །གཟིམ་ཆུང་ཉི་མ་དྲོ་བ།།
(༧༢)བྱང་ཕྱོགས་ཆུ་ཁ་བྱང་ནས། །འཇོལ་མོས་སྐད་གཅིག་རྒྱབ་བྱུང་།།
ཅོ་ཅོ་ངག་དབང་བྱམས་པའི། །སྐུ་ཚེ་བཀྲོང་མཁན་མིན་ནམ།།
(༧༣)བྱང་ཕྱོགས་ཆུ་ཁ་བྱང་ལ། །ཁྲོམ་པའི་ཁང་ཆུང་འབེལ་བ།།
འབྲུ་རིགས་ག་ཚོད་དགོས་ཀྱང་། །ཆུ་ཁ་བྱང་ནས་བླངས་ཆོག།
(༧༤)སྣ་མར་རྟ་རག་ཅེས་པ། །གསེར་གྱི་ཏིང་ཏིང་འདོགས་མཁན།།
ཨར་པོག་གསེར་གླིང་གཞུང་ལ། །རྩམ་པ་ཆད་ནས་བསྡད་བཞག།
(༧༥)མཁའ་འགྲོའི་བྲོ་རའི་ནང་ལ། །འུག་པ་དར་གྱིས་བཏུམས་བཞག།
ད་ལྟ་མགྱོགས་པོ་ཤོག་དང་། །འུག་པ་ལོག་གྲབས་བྱེད་ཀྱིས།།
(༧༦)སྐམ་ལའི་ཕུ་ལ་བཞུགས་པའི། །འབྲོག་པའི་སྤོ་བོ་མཁྱེན་རབ།།
དཀར་ཆུ་འོ་མ་མེད་པའི། །ཞབས་བྲོ་རྡིག་སྒྲ་ཚ་བོ།།
དཀར་ཆུ་འོ་མ་མེད་པ། །རྒྱལ་ཁམས་ཀུན་གྱིས་ཤེས་སོ།།
ཞབས་བྲོ་རྡིག་སྒྲ་ཚ་བོ། །ང་རའི་རྐང་པས་ལྕོགས་སོང་།།
(༧༧)རྒྱལ་སྟོད་རྣམ་ཚོ་གསེར་གྱི་གཞོང་པ་འདྲ། །རྒྱལ་སྨད་རྣམ་ཚོ་དངུལ་གྱི་གཞོང་པ་འདྲ།།
མཇལ་ན་བསམ་པའི་བླ་མ་གཅིག་ཀྱང་མེད། །ཕུལ་ན་བསམ་པའི་ཁ་བཏགས་གཅིག་ཀྱང་མེད།།
(༧༨)མཁར་རྩེ་སྦ་ཁ་ཟེར་བའི་སྐད་ཆེན་པ། །བཙས་མི་བླངས་ནས་ཤར་ལ་མ་ཡོང་ཨང་།།
བུ་མོ་མནའ་མ་གཉིས་ཀྱི་སྤྱན་མིག་དེ། །གཡས་ཞར་ཡིན་དང་གཡོན་ཞར་ཡིན།། 
སང་ཞོགས་ནམ་མཁའ་ལངས་ནས་བལྟ་རྒྱུ་བྱེད།།
(༧༩)མཁར་རྩེ་སྦ་ཁ་མེད་ན་ལྟོགས་གྲིར་ཤི། །ཕྱུག་པོ་ཡོད་རིང་ཡོད་ཚད་ཨ་པྰ་རི།།
(༨༠)ཤར་རྒྱ་ལར་སྨུག་པས་གཡས་སྐོར་བརྒྱབ། །ཇོ་ལགས་མི་འགྱུར་གཞས་ཀྱི་སྦྲང་ཆར་བབས།།
(༨༡)འཕན་པོའི་མི་དེ་ར་ལྤགས་འདྲ། །མཉེད་བཞིན་མཉེད་བཞིན་ཁོབ་ཏུ་འགྲོ།
(༨༢)ཀ་ལ་གནམ་བལྟས་ཐན་པ་མེ་ལས་ཚ། །སྲན་ཆུ་དབྱར་མ་འབྲུ་ཡི་དུར་ཁྲོད་འདྲ།།
(༨༣)ང་ཚོའི་ཅོ་ཅོག་རྒན་པ། །སྣང་བ་འཕྲུལ་རང་དྲགས་ནས། །རི་ལ་སྐེད་རགས་འཆིང་གིས། །
 ས་ལ་རི་མོ་འབྲི་གིས། །ད་ལོ་རྒན་སེམས་རྙེད་ནས། །མཁར་རྩེ་ཆུ་རྫིང་རྒྱག་གིས།།
(༨༤) གྲབ་ལ་སེར་ཁང་ནང་པ། །ཆོ་ལོའི་མཆོད་སྐོར་གཏོང་གིས།།
ནས་ཞིང་འཁྲུ་རྡ་འདྲ་བར།།འོང་སྐོར་ག་རེ་གཏོང་བ།།
(༨༥)འཕན་པོ་ལྕང་ར་ཤར་པ། །འཕན་ཡུལ་ལུང་པའི་རྒྱན་རེད།།
ལྕང་ར་ཤར་པ་མེད་ན། །འཕན་ཡུལ་སྟོང་པ་རེད་འདུག།
(༨༦)ས་དེ་སྒོ་ལ་སྐྱིད་པ། །སྒོ་ལའི་སྤང་ཤོང་སྐྱིད་པ།།
སྤང་ཤོང་དེ་ལ་འཁོར་བའི། །ལྷ་བྱ་ཡིན་ན་སྐྱིད་པ།།
འབྲེལ་ཡོད་འོས་སྦྱོར།