logo

གླིང་སྒྲུང་གཏམ་དཔེ་གཅེས་བཏུས། ཁག་གསུམ་པ།

རྩོམ་པ་པོ།: ཡོང་ཁུངས།:ཁྲི་འདུ་རྩོམ་རིག་འཕྲིན་སྟེགས། དུས་ཚོད།:2022-06-24 ཀློག་གྲངས།:
སྐྱེས་ཕོ་རབ་ཇུས་ཆེན་བསྐོར་ལེ་དེ། །
རི་མགོར་དར་ཆེན་བསླངས་འདྲ་ཡོད། །
དར་རྩེ་རླུང་གིས་བརྡབ་ན་ཡང་། །
དར་ཤིང་ལྷུན་པོའི་རི་བཞིན་བརྟན། །
སྐྱེས་ཕོ་འབྲིང་ཇུས་ཆེན་བསྐོར་ལེ་དེ། །
མདའ་གྲི་མདུང་གསུམ་མཚོན་འཁོར་བསྐོར། །
བསྐོར་ལེས་མི་ཚད་རྩེད་མོར་རོལ། །
སྐྱེས་ཕོ་ཐས་ཇུས་ཆེན་བསྐོར་ལེ་དེ། །
རྒྱུ་འབྲས་གཉིས་དེ་རྒྱབ་ཏུ་སྐྱུར། །
སྡིག་པའི་ལས་དེ་པང་དུ་བླངས། །
སྨན་མོ་རབ་མོ་འབྲིང་མོ་ཐ་གསུམ། །
མོ་རབ་རྒྱ་མཚོ་འགྱིང་འདྲ་ཡོང་། །
མོ་འབྲིང་རྒྱ་ལྕོག་བཙུགས་འདྲ་ཡོང་། །
མོ་ཐ་མ་ལ་ཁའི་རླུང་དར་འདྲ། །
རླུང་ཤར་ནས་འཚུབ་ཚེ་ནུབ་ལ་འཕྱོ།།
རླུང་ནུབ་ནས་བསྐོར་ཚེ་ཤར་ལ་གཡོ། །
བན་བླ་རབ་བླ་འབྲིང་བླ་ཐ་གསུམ། །
བླ་རབ་འགྲོ་དྲུག་ཆོས་ལ་བསྒྱུར། །
བླ་འབྲིང་རང་རྒྱུད་ཆོས་ལ་བསྒྱུར། །
བླ་ཐས་འདས་པོའི་བསྐོར་ཟས་ཟ། །

སྐྱེས་པ་ཕོ་ཡི་དགྲ་ལན་དེ། །
ལོ་དགུ་རེད་ན་སྔ་ལེ་ཟེར། །
བཟའ་མ་མོ་ཡི་ཟ་ལན་དེ། །
ཞག་གསུམ་རེད་ན་ཕྱི་ལེ་ཟེར། །

སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །
སྐྱེས་ཕོ་རབ་འདྲ་གཉིས་ཐུག་པའི་དུས། །
མཐོ་རི་མགོ་སྤྲིན་ལ་ཐུག་ལེ་བཞིན། །
མགོ་དབུ་འཕངས་ནམ་མཁའི་སྤྲིན་བཞིན་མཐོ།
སྐྱེས་ཕོ་འབྲིང་འདྲ་གཉིས་ཐུག་པའི་དུས། །
གཅིག་ངོ་གཅིག་གིས་ཤེས་ལེ་བཞིན། །
གཅིག་རྒྱུད་གཅིག་ལ་ཡོད་ལེ་འདྲ། །
གཏམ་ཚིག་གསུམ་བསྐོར་ནས་རང་མགོ་ཐོན། །
སྐྱེས་ཕོ་ཐ་འདྲ་གཉིས་ཐུག་པའི་དུས། །
གཏམ་ཚིག་གསུམ་མ་བསྐོར་གྲི་ཡུ་འཕུར། །
གྲི་ཕར་གཡུགས་ཚུར་གཡུགས་འཐབ་མོ་བྱས། །
དོན་ཐ་མ་རང་གཞན་གཉིས་ཀ་ཕུང་། །

སྐྱེས་ཕོ་རབ་ཕོ་འབྲིང་ཕ་ཐ་གསུམ།
ཕོ་རབ་བུ་ཡི་ཤ་ལན་དེ། །
ལོ་དགུ་སོང་ཡང་མ་ཕྱི་བསམ། །
ཕོ་འབྲིང་བུ་ཡི་ཤ་ལན་དེ། །
ལོ་དྲུག་སོང་ཡང་མ་འགྱངས་བསམ། །
ཕོ་ཐ་མ་ཅན་གྱི་ཤ་ལན་དེ། །
ལོ་གསུམ་མ་སོང་གཏིང་བརྗེད་བྱས། །

སྐྱེས་ཕོ་རབ་ཟངས་ཁོག་གོང་མ་ལ། །
རྒོད་ཐང་དཀར་ལྡིང་བསྐོར་ཏ་ལ་ལ། །
སྐྱེས་ཕོ་འབྲིང་ཟངས་ཁོག་བར་མ་ལ། །
མཚོན་མདའ་གྲི་འཁོར་གསུམ་འཁྱིལ་ལེ་ལེ། །
ཕོ་ཐ་མའི་ཟངས་ཁོག་ཞབས་མ་ལ། །
གཏམ་ཚིག་གསུམ་འགོ་ནས་གྲི་མགོ་འཕུར། །
སྐྱེས་ཕོ་རབ་ཟངས་ཁོག་གོང་མ་ལ། །
རྒོད་ཐང་དཀར་ལྡིང་སྐོར་ཏ་ལ་ལ། །
མཐོ་ལེ་ཡང་ལེ་གཉིས་ཀ་ཤེས། །
སྐྱེས་ཕོ་འབྲིང་ཟངས་ཁོག་བར་མ་ལ། །
མདའ་གྲི་མདུང་གསུམ་འཁོར་ལོ་བསྐོར། །

སྐྱེས་ཕོ་རབ་ནམ་མཁའི་རྒྱན་གསུམ་སྟེ། །
ཉི་མ་ཟླ་བ་སྐར་མ་འདྲ། །
འཇིག་རྟེན་མུན་པ་གསལ་སྒྲོན་ཡིན། །
སྐྱེས་ཕོ་ཐ་ཐེམ་ཐོག་རིལ་མ་སྟེ། །
དུས་སྔ་དྲོ་ཡོད་ཀྱང་ཕྱི་དྲོ་མེད། །
རྣོ་ལེ་ངར་ལེ་གཉིས་ཀ་ཤེས། །
ཕོ་ཐ་མའི་ཟངས་ཁོག་འོག་མ་ལ། །
ཏེ་པེ་ལེ་ཡི་གྲ་སྤུ་ཐུག་མེད་ཟེར། །

སྐྱེས་པ་ཕོ་ལ་ཆ་ཞིག་དགོས། །
ཆ་མེད་ན་རང་དམའ་རང་གིས་ཕབ། །
མཛངས་མ་སྨན་ལ་མཛངས་ཞིག་དགོས། །
མཛངས་མེད་ན་སྔོ་ལོ་རང་གིས་འཕྱར། །

སྐྱེས་ཕོས་དགྲ་རྩོད་མ་བྱེད་ཟེར། །
རྩོད་ནས་དགྲ་མགོ་མ་ལོན་ན། །
ཕོ་ཤི་ལེ་བ་དང་གཅིག་པ་ཟེར།།
སྨན་ནག་མོས་མུག་རྩོད་མ་བྱེད་ཟེར། །
རྩོད་ནས་ཁ་ལྕེ་མ་རྒྱལ་ན། །
ལྐུགས་མ་ཞིག་ལས་སྡུག་རབས་ཟེར། །

སྐད་གཅིག་གིས་འཛམ་གླིང་མི་ཁྱབ་ཀྱང་། །
སྐད་གཅིག་འཛམ་གླིང་ཁྱབ་ལེ་དེ། །
མཁའ་ཡི་གཡུ་འབྲུག་ངར་ཆེན་རེད། །
དྲོད་གཅིག་གིས་འཛམ་གླིང་མི་དྲོད་ཀྱང་། །
དྲོད་གཅིག་གིས་འཛམ་གླིང་དྲོད་ལེ་དེ། །
ཨ་སྔོན་ཁྲི་གདུགས་ཉི་མ་རེད། །
རྒྱལ་གཅིག་གིས་དགྲ་མང་མི་ཐུབ་ཀྱང་། །
རྒྱལ་གཅིག་གིས་དགྲ་མང་ཐུབ་ལེ་དེ། །
འཛམ་གླིང་གེ་སར་རྒྱལ་པོ་རེད། །

སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །
སྐྱེས་ཕོ་རབ་འདྲ་གཉིས་ཐུག་ཟེར་ན། །
རི་མགོར་དར་ཆེན་བསླངས་པ་འདྲ། །
དར་ལྕེ་རླུང་གིས་གཡོ་ན་ཡང་། །
དར་ཤིང་གཡོ་མེད་ཚུགས་གནས་རེད། །
སྐྱེས་ཕོ་འབྲིང་འདྲ་གཉིས་ཐུག་ཟེར་ན། །
གཅིག་གཏམ་གཅིག་གིས་ཉན་པ་ལ། །
ཤ་ཆང་གཉིས་དེ་མཉམ་སྤྱོད་བྱེད། །
སྐྱེ་ཕོ་ཐ་འདྲ་གཉིས་ཐུག་ཟེར་ན། །
གཏམ་ཚིག་གསུམ་གོང་ནས་རྫུན་མགོ་ཚུགས། །
གོམ་ལན་གསུམ་གོང་ནས་གྲི་མགོ་འཕུར། །

རྐྱེན་དང་ཆག་སྒོ་བུ་ལོན་གསུམ། །
འདོད་པ་མིན་ཡང་སྔོན་གྱིས་བསྐོས། །

སྐྱ་རེངས་འཆར་ཁར་མུན་པ་ནག །
དཔྱིད་ཁ་སླེབས་ཁར་གྲང་ངར་ཆེ།

དཀར་ཡག་སེང་གེའི་གཡུ་རལ་དེ།།
ཞེའི་ཁྱི་ལ་ཡོད་རབས་མེད། །
དམར་ཡག་སྟག་གི་འཛུམ་རིས་དེ། །
གཡོ་ཅན་ཝ་མོར་ཡོད་རབས་མེད། །
བྱ་ཆེན་གླག་པོའི་ལྕགས་སྡེར་དེ། །
ཕོ་རོག་ནག་པོར་ཡོད་རབས་མེད། །

སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། །
སྐྱེས་ཕོ་རབ་ཤི་ས་དགྲ་ངོ་ཡིན། །
ཕོ་འབྲིང་ཤི་ས་ཐང་ཆེན་ཡིན། །
ཕོ་ཐ་ཤི་ས་ཐབ་ཁ་ཡིན། །

སྐྱབས་བླ་མ་སེར་ཞྭ་ཉིལ་སེ་བྱོན། །
ཁོ་སྡིག་ཆེན་དཔོན་ངན་འོག་ཏུ་བསྣན། །
དུང་རྒྱ་གླིང་གཉིས་ཀྱི་སྐད་སྙན་བསྒྲགས།།
སིལ་རོལ་མོ་གཉིས་ཀྱིས་སྒྲ་དབྱངས་ལེན། །
ཆོས་དམ་པ་བླ་མས་བསྐོར་བའི་དུས། །
ལན་པའི་བདུད་བློན་སྡིག་ཆེན་དེ། །
འཆི་དམྱལ་བའི་ལམ་ལ་འདྲེན་ལེ་རེད།

དཔོན་ཆེན་པོ་ཁམས་གསུམ་དབང་འདུས་དེས། །
ལྷོ་འཛམ་བུ་གླིང་གི་བསྟན་པ་བཟུང་། །
དགུང་ཉི་ཟླ་གཉིས་ཀྱི་གཞུང་ཅིག་གཤགས། །
བཙན་བཀའ་ཁྲིམས་གཡོ་རྫུན་མེད་ལེ་བྱེད། །
ལས་རྒྱུ་འབྲས་བརྡར་ཤ་ཆེ་ལེ་དེས། །
སྟུག་ཉོན་རྨོངས་སེམས་ཅན་བདེ་ལ་འཁོད། །

རྐུ་མའི་ཚང་དེ་རྫུན་མས་བསླུས། །
ཇག་པའི་ཚང་དེ་ཁྲམ་པས་བཅོམ། །

དཀར་ས་དཀར་ལ་བལྟས་པའི་དུས། །
གངས་ལ་ཉི་མ་ཤར་འདྲ་རེད། །
དམར་ས་དམར་ལ་བལྟས་པའི་དུས། །
མཚོ་ལ་མེ་མདངས་ཕོག་འདྲ་རེད། །
དཀར་དམར་གཉིས་ལ་བལྟས་པའི་དུས། །
གངས་ལ་སེང་ཁྲ་འཐོར་འདྲ་རེད། །

སྐྱེས་ཕོ་རབ་གཏམ་དེ་ཉི་མ་འདྲ། །
བཤད་མི་དགོས་འཛམ་གླིང་ཀུན་དྲོ་རེད། །
ཕོ་འབྲིང་གཏམ་དེ་རླུང་དང་འདྲ། །
རི་མཐོ་དམན་མེད་པ་འུར་རུ་རུ། །
འབྲེལ་ཡོད་འོས་སྦྱོར།