logo

གླིང་སྒྲུང་གཏམ་དཔེ་གཅེས་བཏུས། ཁག་བཞི་པ།

རྩོམ་པ་པོ།: ཡོང་ཁུངས།:ཁྲི་འདུ་རྩོམ་རིག་འཕྲིན་སྟེགས། དུས་ཚོད།:2022-08-01 ཀློག་གྲངས།:
ཕོ་ཐ་མའི་གཏམ་དེ་ལྐུགས་པ་འདྲ།།
ཚིག་རེ་རེ་བཤད་ནས་མཆི་མ་མིད།།
དབྱར་ཉི་མར་སོང་ན་བཞུ་ལ་ཁད།།
དགུན་ལྷགས་པ་སོང་ན་འཁྱགས་ལ་ཁད།།

སྐྱེས་ཕོ་རབ་ཁོག་པ་མདའ་མོ་འདྲ།།
མདའ་ཁོག་པ་དྲང་ཞིང་རྒྱང་འགྲོ་ཆེ།།
སྐྱེས་ཕོ་རབ་ཤེས་པ་མདའ་སྒྲོ་འདྲ།།
རླུང་སྒྲོ་གཤོག་རེ་རེ་བཅད་ནས་ཡོང་།།
སྐྱེས་ཕོ་རབ་བློ་རྩེ་མདེའུ་དང་འདྲ།།
རྣོ་ངར་མཚོན་གྱིས་ཅི་འཛིན་བལྟ།།

སྐར་ཚོགས་ཁྲ་མོའི་གཡས་ཟུར་ནས།།
སྡེ་བརྒྱད་ཟོ་གཏོར་འཕངས་མི་དེ།།
སོ་ཁ་རང་གིས་མ་བསྒྱུར་ན།།
སྔགས་ནག་མཐུ་ཡིས་འཇོམས་རབས་ཡོད།།
སྤང་དཀར་ལེབ་ཆེན་གོང་རོལ་ནས།།
ཧོར་སྡུག་བཤན་རྒོད་ངར་མ་དེ།།
རང་ཚོད་རང་གིས་མ་བཟུང་ན།།
སྲོག་དམར་ཐང་ལ་འབེབས་རབས་ཡོད།།
སྐྱེས་པའི་མཐའ་མ་འཆི་རྒྱུ་རེད།།
བསགས་པའི་མཐའ་མ་རྫོགས་རྒྱུ་རེད།།
བསགས་པའི་རྒྱུ་ནོར་མ་རྫོགས་ན།།
སྐུ་ཟས་མ་ཆད་སློང་རྒྱུ་ཡོད།།
མཛུབ་མོ་མ་ཆད་ལྡག་རྒྱུ་ཡོད།།
ལྕེ་གནས་མ་ཆད་མིད་རྒྱུ་ཡོད།།

བསྐལ་པའི་དུས་ཀྱི་མཐའ་མ་ལ།།
དབུས་རི་རྒྱལ་ཡིན་ཡང་འཇིག་ངེས་རེད།།
དམའ་རྒྱ་མཚོ་ཡིན་ཡང་སྐམ་ངེས་རེད།།

སྐྱེས་ཕོ་རབ་གཏམ་ཞིག་བཤད་ལེ་དེ། །
རི་མགོར་དར་ཆེན་བསླངས་འདྲ་ཡོད། །
དར་ལྕེ་རླུང་གིས་བརྡབ་ན་ཡང་། །
དར་ཤིང་རང་གིས་བཟུང་འདྲ་ཡོད། །
ཕོ་འབྲིང་གཏམ་ཞིག་བཤད་ལེ་དེ། །
ལྷ་ཁང་སྒོ་མོ་ཕྱེ་འདྲ་ཡོད། །
མཆོད་མཇལ་མི་ལ་བཏང་འདྲ་ཡོང་། །
ལྡེ་མིག་རང་གིས་བཟུང་འདྲ་ཡོད། །
ཕོ་ཐ་མས་གཏམ་ཞིག་བཤད་ལེ་དེ། །
གཏམ་ཕུགས་དོན་རྩ་བ་མི་ཤེས་དུས།།
རང་དོན་མི་ལ་ཤོར་རབས་ཡོད།།

སྐྱེས་པོ་རབ་གཏམ་ཞིག་བཤད་ལེ་དེ།།
མཐོ་རི་མགོར་སྤྲིན་མགོ་ཐུག་ལེ་བཞིན།།
མཐོ་ལེ་ཡང་ལེ་གཉིས་ཀ་ཤེས།།
ཕོ་འབྲིང་གཏམ་ཞིག་བཤད་ལེ་དེ།།
གཏམ་བཤད་ཚད་བར་སྣང་རླུང་དང་མཉམ།
རླུང་གསེར་བུ་ཁ་བརྒྱབ་གཏམ་དོན་འགྲུབ།
ཕོ་མཐའ་མས་གཏམ་ཞིག་བཤད་ལེ་དེ། །
གཏམ་ཚིག་རེ་བཤད་ནས་མིད་པ་འགག །
རང་མེད་མི་མེད་མཉམ་དུ་བཟོ། །
སྐྱེས་ཕོ་རབ་གཏམ་དེ་ཆང་གིས་ཕྱེ། །
ཕོ་འབྲིང་གཏམ་དེ་ཇ་ཡིས་ཕྱེ། །
ཕོ་མཐའ་མའི་གཏམ་དེ་རྩམ་པས་ཕྱེ། །
ཟས་སློང་ན་ཡ་རབས་སྨན་ལ་སློང་། །
ཡ་རབས་སྨན་དེ་ཟས་རྩིས་ཆུང་། །
རྟ་ཉོ་ན་མ་རབས་བུ་ལག་ཉོ། །
མ་རབས་བུ་དེ་རྟ་རྩིས་ཆུང་། །
ཕོ་ཡ་རབས་མ་རབས་སྤྱོད་པས་ཤེས། །
ལུང་པ་གང་ཡིན་སྐད་ཀྱི་ཤེས། །
སྐྱེས་མ་གཅིག་ལ་སྐྱེ་ལས་གཉིས། །
མི་ཚེ་གཅིག་ལ་བསྐོས་ཐང་གཉིས། །
རྒྱལ་པོ་ནོར་བུ་ཁ་སྤྲོད་ཡིན། །
ཕྱུག་པོ་མཁལ་ཚིལ་ཁ་སྤྲོད་ཡིན། །
སྐྱེས་བུ་གའུ་ཁ་སྤྲོད་ཡིན། །
རྒྱལ་པོ་སྟག་འཐུལ་ཁ་སྤྲོད་ཡིན། །

རྐྱེན་ཆག་སྒོ་གཉིས་དེས་རྒྱབ་ནས་འབྲངས། །
ནད་མུ་གེ་གཉིས་དེས་མདུན་ནས་བསུས། །

རྐང་ཆུང་ན་ཚ་མ་བྱུང་ན། །
མཐོན་པོའི་ལ་ཆེན་གར་བརྒྱབ་རེད། །
ཁ་མིག་ཞར་ལོང་མ་བྱུང་ན། །
རྒྱལ་ཁམས་ལྟད་མོ་གར་བལྟས་རེད། །

རྐྱེན་ཆག་སྒོ་རྣམ་རྟོག་སྒོ་མོ་རེད།།
རྣམ་རྟོག་ནམ་ཡོང་ཤེས་ལེ་ཡིན།།
རྐྱེན་ཆག་སྒོ་ཁ་ཡིས་བཟོས་ལེ་རེད།།
ཁ་དང་ལག་པ་སྤྱོད་པ་གསུམ།།
སྐྱོན་ཆེན་གསུམ་གྱི་རྩ་བ་རེད།།
མི་འདོད་ངང་གིས་ཐོན་ནས་ཡོང་།།

ནམ་ཕུགས་གནམ་གྱི་མཐོ་ལུགས་དེ། །
ཆུ་སྤྲིན་འཁྲིགས་ལུགས་རིམ་བཞིན་བལྟ། །
གཡུ་འབྲུག་སྔོན་མོའི་གསུང་སྐད་དེ། །
ནམ་ཟླ་ག་དུས་གྲགས་ལུགས་བལྟ། །
ལྷོ་མོན་མོན་གྱི་རྒྱལ་ས་ནས། །
བྱ་ཆེན་ཁུ་བྱུག་སྔོན་མོ་དེ། །
གསུང་སྐད་འགྱུར་ལུགས་རིམ་བཞིན་བལྟ། །
རྒྱ་ཞིང་ཐང་ཆེན་ཀུན་སྨོན་ལ། །
ལྗང་པ་འཁྲུངས་ལུགས་རིམ་བཞིན་བལྟ། །
ཕོ་ཁྱོད་དང་ང་རང་གཉིས་པོ་དེ། །
ཕོ་རྒྱུད་འཇའ་དང་འགྲིག་ལེ་གཅིག །
མོ་རྒྱུད་སྤྲིན་དང་འགྲིག་ལེ་གཉིས། །
སུ་ཡིན་ད་ལྟ་མི་ཤེས་འདུག །
ལུས་གཤོག་དྲུག་རྒྱས་པའི་བྱ་ཆེན་དེ། །
བྱ་ཆེན་རི་རབ་རྩེ་ལ་བཞུགས། །
ལྟས་ངན་ཁྭ་ཏ་ནག་ལུ་དེ། །
ལྷོ་རོང་ནག་པོའི་དཀྱིལ་ལ་བསྡད། །
འཛུམ་དྲུག་རྒྱས་པའི་རྒྱ་སྟག་དེས། །
འཛུམ་དྲུག་ངོམ་བཞིན་ནགས་རི་བསྐོར། །
ས་གཞིར་རྒྱུགས་པའི་རི་བོང་དེས། །
ཚེར་གསེབ་བར་ལ་བསྐོར་ནས་བསྡད།།

རང་ལུས་རྒྱལ་བའི་དཀྱིལ་འཁོར་འདིར། །
སྟེང་ནས་བྱ་ཆེན་ཁྱུང་ཆེན་ལྡིང་། །
འོག་ནས་གཙང་ཆབ་སྔོན་མོ་འཁྱིལ། །
བག་ཆགས་འཁོར་བའི་བུ་མོ་མིན། །

སྐྱེས་པ་ཕོ་ཡི་ཁ་ཆད། །
རྟ་བསད་ནས་རྟ་ཤ་ཟ། །
ཟ་མ་མོ་ཡི་ཁ་ཆད། །
མགོ་གཡུ་བཅག་ནས་གཡུ་ཕྱེ་འགམ། །

ཀོ་ཤུབས་མཚོན་ལ་སྙད་རྒྱུ་མེད། །
ཕོ་ངར་མའི་སྲོག་རྩ་ཧ་ལ་འཕེན། །
སྤྲང་པོའི་བུ་ལ་སྙད་རྒྱུ་མེད། །
དཔོན་ཡར་ཞུ་ཟེར་བ་ལ་ཐང་མེད། །
ཤིང་སྡོང་སྐྱེས་གཟུགས་ཡག་པོ་རེད། །
སྲོག་གཅོད་སྟ་གྲི་བར་མ་རེད། །
ཁ་མངར་མོ་བུ་རམ་སྡེར་ཁ་དེ། །
ཟ་ཆེ་ན་མཁྲིས་པའི་གཡའ་ལ་ཕོག །

སྐྱེན་པའི་མཐེབ་ལ་སྦྱངས་སྦྱངས་ནས། །
དགྲ་ཤ་པ་ཐུག་ན་འཕང་སྙིང་འདོད། །
མགྱོགས་པ་རྒྱུགས་ལ་སྦྱངས་སྦྱངས་ནས།།
སྤང་དཀར་ཡག་མཐོང་ན་རྒྱུག་སྙིང་འདོད།

དཀར་མགོ་སེང་གེའི་གཡུ་རལ་དེ། །
ཞེ་སྡུག་ཁྱི་ལ་བསིག་རབས་མེད། །
དམར་ཡག་སྟག་གི་འཛུམ་རིས་དེ། །
ཝ་སྡུག་རྩལ་ལ་འཛུམ་རབས་མེད།
འཛུམ་ཆེན་གླག་གི་ལྕགས་སྡེར་དེ། །
བྱེའུ་ཆུང་འཕུར་ལ་སྡིགས་རབས་མེད།

སྐྱིད་ན་རྟ་ཁ་མཉམ་སྒྲིག་བྱེད། །
སྡུག་ན་ཁུར་རུ་མཉམ་ཁུར་བྱེད། །
ཤི་ན་སྲོག་དམར་མཉམ་ཆད་བྱེད། །
གཅིག་སེམས་གཅིག་ལ་ཕན་ལེ་བྱེད། །
གངས་དང་སེང་གེ་མཉམ་འགྲོགས་བྱེད། །
ནགས་དང་སྟག་མོ་མཉམ་སྡེབ་བྱེད། །
རྐྱང་དང་ན་དམར་མཛེས་སྡེབ་བྱེད། །
རྒོད་དང་བྲག་དཀར་མཐོ་སྡེབ་བྱེད། །
བུ་དང་བུ་མོ་མཐུན་སྡེབ་བྱེད། །

སྐྱེས་ཕོ་རབ་བློ་དེ་སྔོན་ལ་དྲན། །
བསམ་པ་བཞིན་དུ་དོན་ཆེན་གྲུབ། །
ཕོ་འབྲིང་བློ་དེ་ད་ཀོ་དྲན། །
ཤར་ལྷོ་ནུབ་བྱང་གར་འགྲོ་དང་། །
དྲན་གཏམ་གཡོ་གཏམ་ཅི་དགོས་ཤེས། །
ཕོ་མཐའ་མའི་བློ་དེ་རྗེས་ལ་འགྱོད། །
བློ་རྗེས་ལ་འགྱོད་ན་འགྱོད་སྡུག་རེད། །
ལས་བྱ་བ་ཐམས་ཅད་ཚར་ནས་ཐལ། །

ཀུན་གསལ་ཉི་ཟླ་གནམ་ནས་ཤར། །
འཛམ་གླིང་ཉི་མས་དྲོད་ས་ལ། །
གཟའ་བདུད་ནག་པོས་རྗེས་འབྲངས་བརྒྱབ། །
མཐའ་མ་གླིང་བཞི་མུན་ལ་སྒྱུར། །
བར་སྣང་གོང་མའི་འགྲིམ་ལམ་ལ། །
བྱ་ཁྱུང་ཆེན་མ་གཏོགས་ཐར་ལེ་མིན། །
བར་སྣང་བར་མའི་འགྲིམ་ལམ་ལ། །
རྒོད་ངང་དཀར་མ་གཏོགས་ཐར་ལེ་མིན། །
ལྕགས་མདེལ་རིལ་ཆུང་ཡང་སྐུ་ལྗིད་ཆེ། །
ཉ་སྟོང་སྐུང་ཕྲ་ཡང་རིན་ཐང་ཆེ། །
རྟ་གཟུགས་པོ་ཆུང་ཡང་ཤེད་ཤུགས་ཆེ། །
མཚོན་སྣེ་མགོ་ཐུང་ཡང་རྒྱང་འཕེན་ཆེ། །
མདའ་ལྕགས་གཞུ་ཐུང་ཡང་གསེར་འཕྲུ་གཏོར། །

ཁ་རླུང་ཆུ་ཡི་ཝུ་བ་དེ། །
ཆུ་ལ་འཁྱིལ་ཞིང་ཆུ་ལ་འཁོར། །
ཁུ་བྱུག་སྐད་ངན་གྲགས་པའི་དུས། །
མཁའ་ལྡིང་གླག་གིས་ཕབ་ལེ་འདྲ། །
ཁྱི་དོམ་བུས་རང་ཚང་བཟུང་བའི་དུས། །
སྦྲང་ཟས་མེད་དབྱུག་པ་དྲངས་ནས་བྱུང་། །
རྐང་ཞྭ་རིལ་ཁྱི་ཡིས་འདོན་པའི་དུས། །
སྤྲང་རྒས་ལེ་ཨེ་བསམ་ཁྲོ་ཐུང་དཔོན། །

ཁྭ་ཏ་ནག་ལུའི་སྡིག་སྒྲིབ་ཀྱིས། །
ངང་པ་སེར་པོ་འདམ་ལ་ཚུད། །

ཁྱིམ་སྡོད་ལྟོ་དཀར་བྱིའུ་ཆུང་དེ། །
འདུག་མ་ཚུགས་ཁྲ་ཚང་སྒོ་ལ་འོང་། །
ཚེ་ཡོངས་ཟད་ཁྲ་ཚང་ནང་དུ་འཛུལ། །

ཁྱི་རྡ་ལིས་རྨུག་ཚོད་མ་ཟིན་ན། །
བེར་སྣ་ལ་ཕོག་དུས་སྐད་ངན་ཤོར། །
ཁྱུང་ཆེན་རི་རབ་འཛིན་པ་ལ། །
ཁ་ཏྭས་འཛིན་འདོད་བྱེད་པ་དེ། །
སྤུ་སྒྲོ་རི་རྩར་གཏོར་འདོད་རེད། །

ཁྲིམས་མེད་བློན་པོས་རྗེ་དཔོན་ཕུང་། །
ཆོས་མེད་བན་དེས་བསྟན་པ་བརླག །
མོ་ངན་བུ་མོས་རང་ཁྱིམ་གཏོར། །

ཁྱི་རྒན་རྩིབས་རྡོ་ཉོ་ཁ་དེར། །
རྔ་མ་གནམ་ལ་སློང་རབས་ཡོད། །
རྒྱ་སྟག་འཛུམ་རིས་ཤོར་ཁ་དེར། །
ངོ་གདོང་ནགས་ལ་འཁོར་རབས་ཡོད། །

ཁྱི་རྡ་ལིས་བསྐོར་ཐག་འཐེན་འཐེན་དེ། །
ངར་མདུང་རྩེར་རྔ་མ་བསྐོན་རབས་ཡོད། །

ཁྱོད་བདུད་ཀྱིས་སྔར་མ་བསད་བསད་དེ། །
ང་རྡོ་རྗེ་སྐུ་ལ་འགྲོ་ལེ་མིན། །

ཁྱིམ་སྡོད་བྱིའུ་ཆུང་དཔུང་གཤོག་བསྒྲིགས། །
མཁའ་ལྡིང་རྒོད་ཚང་བཅོམ་བསམ་ཀྱང་།
རྒྱ་ཁྲས་མཐའ་མ་བྱིའུ་ཚང་གཏོར། །

མཁར་བཙན་ཕོ་རྒོད་འཛོམས་ས་ལ། །
འཁོས་ཆུང་ལས་ཉེས་མི་ཕོད་ཟེར། །

མཁའ་འོད་འབུམ་ཁྲི་གདུགས་ཉི་མ་ལ།
འབུ་མེ་ཁྱེར་སྲིན་འབུས་འགྲན་ས་མེད།།

མཁར་དང་སྒོ་མོ་ལྕགས་རི་གསུམ། །
ཨེ་བཙན་བསམ་ནས་བཟོས་ལེ་ཡིན། །
དུང་དང་རྒྱ་གླིང་འཁར་རྔ་གསུམ། །
ཨེ་སྙན་བསམ་ནས་བརྡུང་ལེ་ཡིན། །
ཐུགས་དང་བ་དན་རྒྱལ་མཚན་གསུམ། །
ཨེ་མཐོ་བསམ་ནས་བཙུགས་ལེ་ཡིན། །
གཉེན་དང་ཉེ་བ་ཤག་པོ་གསུམ། །
ཨེ་མཐུན་བསམ་ནས་བསྒྲིགས་ལེ་ཡིན། །

ཁྱི་རྒན་རྫི་མགོ་རྡིབ་པའི་དུས། །
ཤྭ་ཕོ་ཆེན་རྗེས་འདེད་འོང་ལེ་མིན། །
ཁྱི་རྒན་རྔ་མ་སྦོམ་ན་ཡང་། །
རང་སྣ་དྲོ་བའི་རྔ་ནག་རེད། །

ཁྱོད་ཁྲ་ཡག་གཟིག་འདྲ་ཁྱི་ཡི་བུ། །
སྒོ་ལ་བཏགས་དུས་ནོར་ལ་འཇབ།
ཀླད་མེད་ཐ་ཞན་སྤྲང་པོའི་བུ། །
མགྲོན་ལ་སྐྱེལ་དུས་རྐུན་མ་དྲན། །

ཁྱོད་ནང་བློན་སྐུ་ལྷ་ཐོག་རྒྱལ་དེ། །
ལོང་བའི་ནང་གི་སྤྱན་བཟང་རེད། །
ཞ་བོའི་ནང་གི་རྐང་བདེ་རེད། །
ལྐུགས་པའི་ནང་གི་ཁ་བདེ་རེད། །

ཁ་ནས་འགྲོ་དོན་སྐྱབས་འགྲོ་སྐྱོར། །
ལག་ཏུ་མི་གསོད་བཤན་གྲི་འཛིན། །

ཁ་ཆུང་པད་མའི་འཛུམ་མདངས་ནས། །
གཏམ་མཁས་པ་ཆུ་བོ་རྒྱུག་རྒྱུག་ཡིན། །

ཁྱུང་ཆེན་ནམ་འཕང་གཅོད་པའི་དུས། །
གླིང་བཞི་གཤོག་པའི་འོག་ཏུ་བཙུད། །

མཁའ་ལྡིང་ཁྱུང་གི་གཤོག་ལམ་ན། །
འདྲེ་བྱས་གཤོག་སྒྲོ་ངོམས་ས་མེད། །

ཁ་ཁ་སོང་རང་ཡུལ་ཡོང་བའི་དུས། །
དྲིན་ཕ་མ་ཡོད་ན་དྲིན་ལན་ལུས། །
བཟའ་ཚེ་རོགས་ཡོད་ན་སྙིང་གཏམ་ལུས། །
ལས་བུ་རྒྱུད་ཡོད་ན་བསླབ་བྱ་ལུས། །

ཁུ་བྱུག་རང་ས་བཟུང་བ་ལ། །
ཁྲ་དར་མས་གཤོག་ལམ་འགྲན་དོན་མེད། །
འགྲན་ན་ལམ་གྲལ་གཏོང་ལེ་མིན། །

ཁྱི་བདག་ཁྱི་སྒོ་རྩར་ཉལ་བའི་དུས། །
དགྲ་རྐུན་མ་ཐོག་རྒྱག་བྱུང་ན་ཡང་། །
ཁྱི་ངར་མ་མི་ཟུག་ཀ་མེད་རེད། །
ཁྱི་རྒན་བསྐོར་ཐག་བརྒྱབ་ལེ་དེ། །
དགྲ་རྐུན་གཉིས་ལ་མ་ཕན་ན། །
ཁྱི་རྒན་ཚགས་དང་མ་ཚགས་མེད། །

ཁ་རྒྱགས་པས་ཕ་ནོར་བཅོ་བརྒྱད་ཕུང་། །
ལག་མཉེན་པོས་ལྟ་བའི་མིག་དེ་ལོང་། །

མཁར་ཁང་ཆེན་ཞིག་གི་ནང་རྒྱུད་ལ། །
མཐོན་པོའི་ཁང་བཟང་བཞེངས་པའི་དུས། །
སྒོར་མོ་རྡོ་ཡིས་རྩིག་པ་བརྩིགས། །
མ་ཆག་གསེར་གྱི་གདུང་མ་བརྐྱངས། །

ཁྱི་བདག་པོས་བཀག་རྒྱུ་མགྲོན་པོས་བཀག །
གཏམ་ཨ་ཕས་བཤད་རྒྱུ་ཨ་མས་བཤད། །
ཟས་ཨ་མས་སྟེར་རྒྱུ་གཡོག་མོས་སྟེར། །

ཁྱོད་ལུ་གུའི་འཁྲབ་རྩེད་སྡུག་ལེ་རེད། །
ང་ཕོ་ཐོང་སྤྱང་གི་ཁ་རྩ་ལ། །
ཁྱོད་གཡང་དཀར་ལུ་གུ་རྩེབས་པའི་དུས། །
ཤ་རེ་རེ་མི་ཟ་ཀ་མེད་བྱུང་། །

ཁུ་བྱུག་སྔོན་མོ་མོན་གྱི་བྱ། །
ཐག་རིང་མོན་ནས་ཕེབས་ལེ་དེས། །
སྦྲང་ཆར་སིལ་མའི་བསུ་མ་བྱུང་། །
ལྷ་ཤིང་ཤུག་པའི་བཞུགས་ཁྲི་ཕུབ། །
སྐད་དྲུག་འགྱུར་མི་རྒྱག་ཀ་མེད་རེད། །
ཟོག་སེམས་ཅན་སྣང་བ་སྤྲོ་ལེ་རེད། །
འགྲོ་དྲུག་ཆར་ཆུ་བཟང་ལེ་རེད། །

ཁ་མཁས་པ་མར་དཀར་སྤུ་ལུ་འདྲ། །
གཏིང་རྩུབ་པོ་ཚེར་མ་སྐྱ་དམར་རེད། །
བློ་གྲུ་བཞི་རྒྱ་ཁབ་བཙུགས་འདྲ་བྱེད། །
ལས་བཟང་བའི་ཇུས་ཤིག་གང་ནས་ཡོང་། །

ཁྱི་གསར་ངར་ཚོད་མ་ཟིན་ན།།
ངར་ཆེན་ཁྱི་གསར་རྒོད་ན་ཡང་། །
མཐའ་མ་སྒོར་མོ་རྡོ་ཡིས་བརྡུང་། །
ཁ་མཆེ་བ་ཡོད་ལེ་ནང་དུ་བཏབ། །
ཁྱི་གསར་ངར་འབྲས་དེ་ཚོ་རེད། །

ཁ་དཀར་རྐྱང་གི་ཁ་གནོན་ལ། །
རི་སྤྱང་སྔོན་མོ་མེད་ཟེར་ན། །
རྐྱང་ཆུང་ཐུབ་མི་ཁག་པོ་གདའ། །

ཁྱི་རྒན་རྒྱ་འུ་སྐྱག་རལ་ཅན། །
སྐྱག་རལ་རལ་པ་ཉིལ་སེ་ཉིལ། །
དུང་སེང་དཀར་མོར་འགྲན་བསམ་དེ། །
ཁྱི་རྒན་སྣང་བ་མཐོ་ལེ་རེད། །

ཁྲི་གདུགས་ཉི་མས་གླིང་བཞི་བསྐོར། །
འཛམ་གླིང་ས་ཕྱོགས་ཀུན་ལ་དྲོ། །
ཉི་ཟེར་ཀུན་ལ་དྲིན་ཆེན་རེད། །

ཁྱི་གསར་ངར་ཚོད་མ་ཟིན་ན། །
གོར་མོ་རྡོ་ལ་འགྲིམ་ལེ་མིན། །
རྟགསར་རྒྱུག་ཚོད་མ་ཟིན་ན། །
མཐོན་པོའི་ལ་ལ་འགྲིམ་ལེ་མིན། །
མི་གསར་ངར་ཚོད་མ་ཟིན་ན། །
རྒྱལ་ཆེན་ཁྲིམས་ལ་ཐར་ལེ་མིན། །

ཁྲ་ཚང་འོག་ལ་བྱིའུ་ཚང་བསགས། །
བྱིའུ་ཆུང་གཤོག་རྩལ་ག་ནས་རྒྱས། །
ཆུ་ཆེན་འོག་ལ་ཆུ་ཆུང་འདུས། །
ཆུ་ཆུང་འུར་སྒྲ་ག་ནས་གསལ། །

ཁྱི་གསར་ངར་རྒོད་ཆེ་ལེ་དེས། །
དགྲ་རྐུན་མ་མི་ཐུབ་བདག་པོ་ཐུབ། །
གཡག་གསར་རུ་ཐུར་རྒྱས་ལེ་དེས། །
སྐྱེ་ཁུ་ལུ་མ་ངོམ་རྭ་བཙན་ངོམ། །
དུས་མཐའ་མ་བདག་པོར་རྡུང་འདོད་སྐྱེས།།

ཁྲ་ཡག་རི་བཀྲ་གཟིག་གི་བུས། །
ཁྱི་དར་མར་མཆེ་བ་མ་བསྟན་པར། །
ཐིག་ལེ་ངོམ་དང་མ་ངོམ་མེད། །

ཁ་སྟོང་ལེ་སྤགས་རྐྱལ་ཐང་ཁུག་འདྲ། །
ཁ་སྟོང་ལེ་མི་རྒན་མི་གནོད་དེ། །
གཏམ་ཁ་ལྕེ་མི་འཕྲོད་སྐྱོན་ཅིག་འདུག །

མཁའ་འོད་འབུམ་ཁྲི་གདུགས་ཉི་མ་ལ། །
ས་མེ་ཁྱེར་འབུ་ཡིས་འགྲན་ནས་སོང་། །
རི་རྡོ་རྗེ་བྲག་གི་རྡོ་དཀར་ལ། །
བྱ་སྲ་མེད་སྒོ་ངས་འགྲན་ནས་སོང་། །

ཁྱི་རྡ་ལི་བསྐོར་ཐག་རིང་མོ་མ། །
ཁྱི་རྒན་ངར་ཚོད་མ་བཟུང་ན། །
ཁྱི་སྲོག་ས་ལ་འདྲེས་པ་སླ། །
སྤྱང་དར་མ་རི་རྩེ་འགྲིམས་རིང་ན། །
སྤྱང་ཕྲུག་མུ་གེས་ཤི་བ་སླ། །

ཁྱི་རྒན་ངར་ཚོད་མ་ཟིན་ན། །
ཐུག་ས་རིང་མོའི་དབྱུག་པ་རེད། །
རྟ་གསར་རྒྱུགས་ཚོད་མ་ཟིན་ན། །
རིང་མོའི་ཐང་ལ་ཆད་ཉེན་ཡོད། །
གཡག་གསར་ངར་ཚོད་མ་ཟིན་ན། །
སྐེད་པ་འབྲོང་གིས་བཅག་རབས་ཡོད། །

ཁྱི་གསར་ངར་རྒོད་ཆེ་ན་ཡང་། །
ཁྲ་ཡག་གཟིག་ལ་འགྲོ་ས་མེད། །
རྒྱ་སྟག་སྡེར་མོ་ངར་ན་ཡང་། །
ཙན་སྡོང་པོར་འགྲོ་ས་མེད། །
ཕོ་གསར་དཔའ་ངར་ཆེ་ན་ཡང་། །
ཀླུ་བཙན་བདུད་ལ་འགྲོ་ས་མེད། །

ཁྱི་རྡ་ལིས་རྩིབས་རྡོ་གཟེད་ཁ་ལ། །
རྔ་མཇུག་མ་གནམ་ལ་སློང་རབས་ཡོད། །
སྟག་དམར་ཡག་འཛུམ་དྲུག་ཤོར་ཁ་ལ། །
ཕོ་ཉན་པའི་རྙི་ཁར་མཆོངས་རབས་ཡོད། །

ཁྱི་རྡ་ལིའི་རྔ་གོར་སྦོམ་ན་ཡང་། །
སྣ་རང་སྣ་དྲོད་ན་མ་གཏོགས་པའི། །
དེ་མིན་པའི་ཡོན་ཏན་ག་ལ་ཡོད། །

ཁྱི་རྡ་ལི་རྫི་མགོ་རྡིབ་པའི་དུས། །
ཤ་ཕོ་ཆེན་མི་ཐུབ་བདག་པོ་ཐུབ། །
སྦྱིན་བདག་པོའི་ཉ་ཡུ་འཇུ་ལེ་ཟེར། །
གཡག་སོ་གསར་རུ་ཐུར་རྒྱས་པའི་དུས། །
ལུས་སྤུ་རྩིད་མ་ངོམ་རྭ་བཙན་ངོམ། །
རྫི་བདག་པོ་རུ་ལ་གཟེར་ལེ་ཟེར། །

མཁའ་ཟླ་བས་འོད་ལམ་བཟུང་ན་ཡང་། །
དགུང་ཉི་མས་འགྲིམས་ལམ་བཟུང་བའི་དུས། །
མཐོ་ཟླ་བའི་འོད་མདངས་འཚེར་ས་མེད། །

ཁ་གྲུ་བཞི་གྱོད་ཀྱི་སྒོ་མོ་དེས། །
དབུ་ནག་རིལ་ཐང་ལ་འབེབས་རབས་ཡོད། །

ཁྲི་གདུགས་ཉི་མ་ཤར་ནས་ཤར། །
ལྷོ་སྤྲིན་ངར་མའི་སྒྲིབ་ལུགས་དེས། །
ཉི་ཟླ་མི་གསལ་ཐག་ཆོད་རེད། །

ཁམ་པ་དངུལ་གྱི་རྒྱན་ཡ་དེ། །
ཏི་ཚ་དཀར་པོས་མི་ཡོང་ལ། །
སྔོན་མོ་གཡུ་ཡི་རྒྱན་ཡ་དེ། །
དོ་ལོ་སྔོན་པོས་མི་ཡོང་ཟེར། །

ཁུ་བྱུག་མོན་ནས་མ་སླེབས་དུས། །
འཇོལ་མོས་སྐད་ངན་སྔོན་ལ་བརྒྱབ། །
སྐད་སྙན་ཁུ་བྱུག་འབྱོར་བའི་དུས། །
འཇོལ་མོ་གར་སོང་རིག་རྒྱུ་མེད། །

ཁ་བདེ་མོས་ཕ་མཁར་བརླག་རབས་ཡོད། །
ལག་བདེ་མོས་སྤྱན་མིག་སློང་རབས་ཡོད། །

ཁ་བདེ་མོའི་རྒྱབ་ལ་བདེན་པ་དགོས། །
བདེན་མེད་ན་ཁ་བདེ་འཆལ་གཏམ་ཡིན། །
མདའ་སྐྱེན་པོའི་མདུན་ལ་འབེན་ཞིག་དགོས།
འབེན་མེད་ན་མདའ་མོ་མུན་འཕངས་ཡིན། །

ཁྱི་རྡ་ལིའི་ཉིན་ཟུག་མཚན་ཟུག་དེ། །
བདག་མེད་གཞན་ཡུལ་འཁྱམས་འདོད་རེད།

ཁྲི་གདུགས་ཉི་མས་དེད་པས་ན། །
སྐྱ་རེངས་མི་འཆར་ཀ་མེད་རེད། །
རྫ་རི་སྨུག་པས་འཐིབས་ཟེར་ན། །
སྦྲང་ཆར་མི་བབ་ཀ་མེད་རེད། །
འབྲེལ་ཡོད་འོས་སྦྱོར།