logo

༄༅། །ལྷ་ལུང་དང་ཀླུ་མོ་འཚོ།

རྩོམ་པ་པོ།:རྟ་མགྲིན་མགོན་པོས་བརྩམས། རྡོ་ར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-08-02 ཀློག་གྲངས།:
༄༅། །ལྷ་ལུང་དང་ཀླུ་མོ་འཚོ།
རྟ་མགྲིན་མགོན་པོས་བརྩམས།
རྡོ་རྗེ་རབ་བརྟན་གྱིས་བསྒྱུར།
གཅིག

ནོར་ནག་རི་བོའི་ལྷོ་བརྒྱུད་དུ།།
རྨ་ཆུ་སྔོན་མོའི་བྱང་ངོགས་སུ།།
མེ་ཏོག་རྣམ་བཀྲའི་རྩྭ་ཐང་དུ།།
ཚོ་བ་ཞིག་གི་སྦྲ་ཚོགས་མཆིས།།

མཛེས་སྡུག་མེ་ཏོག་གྲངས་མེད་ཁྲོད།།
གསེར་ཆེན་མེ་ཏོག་ལྟ་ན་སྡུག །
སྙིང་སྡུག་མཛེས་མ་ཁྲི་འབུམ་ཁྲོད།།
ཀླུ་མོ་འཚོ་ལ་སྒྲུན་ནུས་མེད།།

ཕོ་སྐྱེས་གསར་བུ་སུ་ཡིས་ཀྱང་།།
ཆུང་མར་མི་འདོད་ཡོད་རེ་སྐན།།
ཁོ་མོར་མཛེས་སྡུག་ཁོ་ན་མིན།།
རྩོལ་བར་མཁས་པ་གླིང་ལ་གྲགས།།

གཡང་ཟོག་ཀྱང་ནི་མོར་དགའ་བས།།
འཇོ་བའི་འོ་མ་ཆུ་མོའི་རྒྱུན།།
གཡང་དཀར་སྐྱོང་ལ་ལྷག་མཁས་པས།།
ལུག་ཁྱུ་ཤ་ཤེད་ཀུན་ལས་རྒྱས།།

ཁོ་མོས་བསྐོལ་བའི་འོ་མངར་ཇ།།
བཏུང་ཚེ་ཆོག་ཤེས་ཡེ་ནས་མེད།།
ཁོ་མོས་བཏགས་པའི་བལ་འཇམ་གདན།།
དགྲམ་ཚེ་ཉི་མ་ལྷ་སར་ཐོན།།

ཅང་ཤེས་རྒྱལ་ལ་སྒ་སྲབ་དང་།།
མཛེས་མར་དགའ་བའི་ཕོ་རྒོད་དེ།།
ཀླུམ་འཚོས་འཚེར་སྐར་ཁྲི་འབུམ་དབུས།།
ལྷ་ལུང་ཉིད་ལ་འདྲེན་བྱེད་འཁྲུལ།།

རི་ལུང་ཀུན་ཏུ་མེ་ཏོག་བཀྲ།།
བྱ་བྱེའུ་འཇོལ་མོའི་འགྱུར་ཁུགས་སྙན།།
ཕོ་མོ་ཟུང་གི་མཛའ་གཞས་ཀྱིས།།
སྐྱེ་བོ་ཀུན་གྱི་ཡིད་དབང་བཀུགས།།

ཁོ་གཉིས་མཉམ་གཤིབ་རྩེད་འཇོ་བ།།
རྩྭ་ཐང་གླག་རྒོད་ཆ་གཅིག་སྣང་།།
ཞོགས་པ་བསུས་ཤིང་རྒོངས་ཁ་བསྐྱལ།།
རྣམ་ཀུན་བརྩེ་འབྲས་སྨིན་ལ་རེ།།

ཀླུམ་འཚོ་གཞིས་ཀའི་ཞང་བཟའ་མ།།
ལྟོ་བགྲངས་རྟ་བདུན་གཟི་ལ་ལྡེ།།
དགའ་བ་ཁྲམ་མེའི་དངུལ་ལོ་གྲངས།།
དུངས་བ་ནོར་ལུག་སྟོང་གི་བདག །

དངུལ་ལོ་དབྱིངས་སུ་དབབ་པའི་དཔེ།།
ནོར་ལུག་ས་ནས་སྐྱེ་བའི་དཔེ།།
ཡེ་མེད་ཞང་བཟས་འབྱོར་ཕྱུག་རྩིས།།
ཚ་མོའི་ལུས་རྟེན་ཉིད་ལ་གཏད།།

ཁོང་གཉིས་མཛའ་འབྲེལ་ལོ་གསུམ་འགྱངས།།
ཞང་བཟའ་མ་མཉེས་འདི་སྐད་དེ།།
ཚ་མོ་བསུ་ན་རྒྱུ་ནོར་ཕྱུགས།།
ལོངས་སྤྱོད་མེད་ཕྱིར་སྟོང་བསམ་ཉིད།།

གཉིས།

ཨ་པུ་རྒྱ་ཡི་ཁྱིམ་གཞིས་ཀྱང་།།
སྦྲ་ཚོགས་ཚོ་བ་འདི་རུ་ཆགས།།
རྟ་ནོར་རི་ལུང་བཀང་བ་བདོ།།
ལུག་ཁྱུ་ཐང་ལ་འཁྱིལ་བ་མངའ།།

མཁའ་དབྱིངས་སུ་ལྡིང་བའི་གླག་རྒོད།།
མཆོངས་ལྡིང་གི་ལུ་གུར་རྔམས་བཞིན།།
ཨ་པུ་རྒྱས་གཉེན་གྱི་ཕོ་ཉ།།
ཀླུ་མོ་འཚོ་སློང་ལ་སྐུལ་སོང་།།

ཉིན་འདིར་ཉི་ནུབ་མཚན་མོ་རུ།།
ཞང་བཟས་ཚ་བོ་མདུན་བོས་ཏེ།།
དགྱེས་འཛུམ་དགོད་སྒྲའི་རྣམ་འགྱུར་ལས།།
ཁྲོ་བའི་ཟིལ་ཤུག་གཞི་ནས་བོར།།

ཁྱོད་ནི་བྱི་མོ་ཞང་བཟང་མ།།
གུས་བྱམས་ཆེ་བ་སྲིད་ན་གླེང་།།
ད་ནི་མོ་ལོ་བཅོ་བརྒྱད་སོན།།
གནས་ལ་མི་འགྲོ་ཁྲེལ་བའི་རྒྱུ།།

ཁྱོད་ཀྱི་བརྗོད་པས་བདག་སྙིང་ཞེད།།
དོན་དམ་སུ་བསྟན་ཞང་བཟའ་ལགས།།
ཞང་བཟས་ཁྱོད་ནི་སྡུག་སྦྱོར་མིན།།
ཨ་པུ་རྒྱ་ལ་ཁས་དམ་བཅས།།

ཞང་བཟའི་དྲིན་གཟོ་བརྗེད་མེད་ཀྱང་།།
བདག་དང་ལྷ་ལུང་ལག་རྟགས་བརྗེས།།
འདྲེ་མོ་ཁྱོས་སྨྱོ་བཤད་མ་གནང་།།
སྤྲང་ཕྲུག་དེར་འདྲིས་ནས་ཅི་བྱ།།

བདག་དང་ཁོ་གཉིས་བརྩེ་ཞིང་འདྲིས།།
ཚེ་གང་མཉམ་རོལ་མནའ་ཚིག་བོར།།
སྐྱིད་ན་སྡུག་ན་ཁོང་ཉིད་ལས།།
གཞན་ཞིག་དགུན་གྱི་པད་མའི་ཟླ།།

ལྷ་ལུང་སྤང་ན་ནོར་ལུག་འཚོ།།
རྔོན་མདའ་གཞོགས་སུ་བཞག་ནས་ཡོད།།
རི་བོང་གམ་དུ་རྒྱུགས་ནས་ནི།།
མདའ་དང་ཁོང་གི་གདོང་ལ་སྣོམ།།

རི་བོང་རྔོན་མདར་ཡེ་མི་སྐྲག །
རྔོན་མདའ་ཅེ་སྤྱང་ཁོ་ནར་འཕེན།།
སྟག་གཟིག་བརྔོན་ན་ཁྱི་ར་བ།།
སྡར་མར་ཕོ་རྒོད་ཅི་ལ་ཐོགས།།

ལྷ་ལུང་མགོ་བོ་མཁར་བཏེགས་ནས།།
སྙན་པའི་གཞས་ཀྱིས་སེམས་སྒྲ་གྱེར།།
འབྱོར་ལྡན་གཅེས་ཕྲུག་ཨ་པུ་རྒྱ།།
ཁྲེལ་བའི་མིག་བཅས་མདུན་སར་ལྷགས།།

ཁོས་ནི་ལྷ་ལུང་སྤྲང་ཕྲུག་པོ།།
རང་སྣང་མཐོ་བའི་ན་སྦལ་ཁྱོད།།
ཀླུ་མོ་འཚོ་ལ་ངན་འབྲེལ་གྱིས།།
ཇོ་ཇོ་མཐའ་རུ་སྤྱུགས་དོན་ཅི།།

ཨ་པུ་རྒྱ་ཁྭ་ཏ་ནག་རོག །
ཅ་ཅོ་ཅོལ་གཏམ་མ་རྒྱག་ཅིག །
ཁྱོད་ཀྱི་འཇོན་པོས་ཀླུ་མོ་འཚོ།།
བློ་ཁ་འགྱུར་ན་བདག་མི་འཁང་།།

ཨ་ཅང་སྐྱེངས་གྱུར་ཨ་པུ་རྒྱ།།
ཁྲོ་བའི་ཐོད་རྩྭ་འཕྲོ་མདུད་རྒྱག །
རལ་གྲི་སྐེད་ནས་རབ་ཕྱུང་སྟེ།།
ལྷ་ལུང་དང་ནི་དམར་འཛིང་བཀྱེ།།

འཛིང་རེས་བྱེད་ན་འཛིང་རེས་བྱེད།།
དགྲ་གཏམ་ཐོག་མར་ཁྱོད་ལ་བརྗོད།།
གྲི་རྩེད་གྲིས་སྣུམ་མ་ཞེད་ཅིག །
གྲིས་ཕོག་ཨག་འདེབས་མ་བྱེད་ཅིག །

གཅིག་གིས་དགྲ་འཁོན་བརྩོད་པ་དང་།།
ཅིག་ཤོས་བརྩེ་དུང་མི་བཤིག་ཆེད།།
ཕན་ཚུན་གསོད་གཏུབ་མི་དལ་བ།།
ཆུ་དང་མེ་གཉིས་ག་ལ་འབྲེལ།།

སྙིང་སྟོབས་རབ་བདོ་ལྷ་ལུང་ལ།།
ཨ་པུ་རྒྱས་ནི་དོ་ཟླ་མིན།།
ཁོས་ནི་གྲི་རྩེ་གཡུག་ཙམ་གྱིས།།
དགྲ་ཟླའི་དཔུང་བར་དལ་མོས་གཙུབ།།

ཨ་པུ་རྒྱ་སྲོག་འཆོར་འཇིགས་ནས།།
འགྲེ་ལོག་རྒྱག་གིན་བཤགས་བྱེད་དེ།།
སྤ་ཀོང་མི་ལ་ཉེས་པ་མེད།།
གྲི་ཁས་ཚེ་སྲོག་ཐར་བ་ཐོངས།།

གསུམ།

ཕྱུག་པོའི་སྐུ་མགྲོན་སླེབས་ལ་ཉེ།།
ཞང་བཟའ་བྲེལ་བཞིན་སྔུན་བསུར་ཆས།།
གཡོ་སྒྱུའི་ཐབས་ཇུས་སྒྲུག་ནས་ནི།།
ལྷ་ལུང་སྡུག་ལ་སྦྱོར་བར་རྩོམ།།

དངུལ་སྲང་ཉིས་བརྒྱ་མེད་ན་ནི།།
ཀླུམ་འཚོ་བདག་ལ་དབང་ངོ་ཞེས།།
ཨ་པུ་རྒྱ་ཡི་རྨ་གསོ་རིན།།
འཇལ་བར་ཉེ་མིས་བཙན་སྐུལ་བྱེད།།

རྨ་འབྲུ་ངོགས་ཀྱི་སྤང་ཐང་དུ།།
སྡུག་ཡུས་དགའ་རོགས་ཆ་གཅིག་འདུག །
ཀླུ་མོ་འཚོ་ཡི་མཛེས་པའི་གདོང་།།
ལྷ་ལུང་དཔུང་བར་དལ་མོས་བསྔས།།

ཁོ་བོས་སྤང་རྒྱན་ཐང་ལ་གཟིགས།།
རྩྭ་ལྗང་ཁ་རོག་སྨྲ་བརྗོད་དབེན།།
ཁོ་མོས་ངུ་མིག་གཙང་བོར་ཅེར།།
དེས་ཀྱང་གཡབ་མོ་ཡེ་མི་བྱེད།།

སྲོག་ལ་འབེབ་པའི་གཡང་དཀར་བཞིན།།
ངུ་མོ་དབུགས་དབྱུང་ཐབས་མཆོག་མིན།།
ཐབས་ཀྱི་ལམ་སྣ་གཅིག་མངའ་སྟེ།།
མཉམ་དུ་ཐབ་ཚང་བསྐྱང་ན་ལེགས།།

ཁ་བས་རི་རྩེ་མི་འགྲིལ་ཞིང་།།
རླུང་གིས་གསོམ་སྡོང་མི་འགྱེལ་བཞིན།།
བཙན་གྱིས་མཛའ་གྲོགས་མི་ཞུམ་ལ།།
ཕོངས་བས་མཛའ་སེམས་བཤིག་མི་འགྱུར།།

ཞོགས་ཟེར་མཚོན་མདངས་སྤྲོས་པའི་དུས།།
ཁུ་བྱུག་བྱ་མ་ཕྱོགས་ཀུན་ཁྱབས།།
སྐྱེ་དགུ་གཉིད་ལས་སླངས་ནས་ནི།།
གཉེན་གྱི་ཆོ་ག་བསུ་ལ་ཆས།།

ཅང་ཤེས་མི་འདོད་སྒྲོག་ལས་ཐར།།
སྲབ་དང་ལྕག་གིས་མནར་སྡུག་བྲལ།།
ད་ནས་རྟ་ཕོར་བྲན་བདག་མེད།།
ཆུ་འཐུང་རྩྭ་བཟའ་རང་དབང་ཉིད།།

བཞི།

སྙིང་རླུང་འཕར་བའི་ཞང་བཟའ་མ།།
ཁོང་ཁྲོ་འབར་བའི་ཨ་པུ་རྒྱ།།
མི་ངན་སེམས་སུ་གཡོ་སྒྱུ་སྒྲུག །
མཛའ་གྲོགས་གསོན་བྲལ་གཏོང་བར་བགྲོས།།

ཁྱོ་ཤུག་དཔལ་ལ་ལེགས་རོལ་བའི།།
ཉིན་གསུམ་མ་འདས་མཚན་གུང་ལ།།
སྦྲ་ཆོན་བཅད་ཅིང་ཉིན་ཞག་གཉིས།།
མ་འགྱང་ཐབ་ཟངས་རྨང་ནས་སྔོག །

ཆོན་ཐག་བཅད་ཀྱང་སླར་ཡང་མཐུད།།
ཐབ་ཟངས་བསྔོགས་ཀྱང་བསྐྱར་དུ་སྒྲུག །
སྟག་ཤར་འཛོམས་པ་སྟོབས་ཤུགས་ཏེ།།
ཙག་ཙིག་དོན་ལ་སུ་ཞིག་འཁང་།།

ཐོགས་གློག་ཆར་རླུང་རབ་རྩུབ་པའི།།
མཚན་མོར་ལུག་ཁྱུ་ཕྱོགས་ཀུན་ཁྱབས།།
ལྷ་ལུང་བྲེལ་སྟབས་ཀྱིས་རྒྱུག་ནས།།
ཡོན་བདག་ཚང་གི་ལུག་རྣམས་རུབ།།

དེ་ཚེ་མཚན་གུང་གཞི་ནས་ཡོལ།།
འཁྱག་ལྟོགས་མ་བཟོད་ཡུལ་དུ་ལོག །
འདམ་ཀྱོག་ཐང་དུ་འཇུབ་ཞིང་འགྱེལ།།
རླུང་གཙེས་ཆར་བརླན་ལུས་ཟུངས་འཁྱགས།།

སང་ཞོགས་སྔར་བཞིན་ལུག་རྫིར་ཆས།།
དགོང་ཟླ་གསལ་དུས་ཡུལ་ལ་ལོག །
ཉིན་གང་རྩོལ་བས་ན་སྡུག་ཁར།།
ཡོན་བདག་ཚང་གི་ལུག་གཅིག་བོར།།

ཀླུམ་འཚོ་འདར་བཞིན་མལ་ལས་ལངས།།
སློག་པ་གྱོན་ཞིང་ཐ་གུ་བཟུང་།།
ཡོན་བདག་ཚང་གི་ལུག་འཚོལ་ཕྱིར།།
ན་ཚ་དྲག་པའི་ལྷ་ལུང་བསྐྱུར།།

ཉི་གཞོན་ལྷུན་པོའི་རྩེ་ནས་འཕགས།།
ཁོ་མོ་རི་ལུང་ཐང་གསུམ་བརྒལ།།
བོར་ལུག་རྙེད་པའི་བསྐལ་བ་དབེན།།
རང་ཡུལ་མི་ལོག་འུ་ཐུག་ཟད།།

ཁོ་མོ་འགྲོ་དུས་མེ་ཏོག་མཚེར།།
ཕྱིར་འོང་དུས་ན་ཡོད་ཚད་རྙིད།།
ཁོ་མོ་རབ་ཏུ་ཧ་ལས་ནས།།
མེ་ཏོག་རྣམས་ལ་ཅི་བྱུང་དྲིས།།

ལུག་ཅིག་བོར་ན་མ་བྲེལ་ཅིག །
ད་དུང་ལུ་གུ་བཙའ་ངེས་ཡིན།།
རྫི་བོ་ཁོ་ལས་ཅིག་ཤོས་ཤིག །
གླིང་ན་མེད་ཅེས་མེ་ཏོག་སྨྲ།།

ཁོ་མོ་འགྲོ་དུས་ཁུ་བྱུག་སྙན།།
ཕྱིར་འོང་དུས་ན་ཁུ་བྱུག་སྨྲེང་།།
ཁོ་མོ་རབ་ཏུ་ཧ་ལས་ནས།།
ཁུ་བྱུག་རྣམས་ལ་ཅི་བྱུང་དྲིས།།

ལུག་གཅིག་བོར་ན་མ་བྲེལ་ཅིག །
ད་དུང་ལུ་གུ་བཙའ་ངེས་ཡིན།།
རྫི་བོ་ཁོ་ལས་ཅིག་ཤོས་ཤིག །
སྲིད་ན་དཀོན་ཞེས་ཁུ་བྱུག་གྱེར།།

གློ་རྡེག་ཁོ་མོ་མགོ་སྙིང་ན།།
ཉི་མ་མཁའ་རུ་ཁྲག་ཏུ་གྱུར།།
ཐོག་ཞགས་སྒྲ་བོ་ཆེ་དང་ལྷན།།
མཁའ་མཐར་སྤྲིན་ནག་ལང་ལོང་འཕྱུར།།

ཁོ་མོས་ལྷམ་སྤྱུགས་རྐང་རྗེན་དུ།།
ལྭ་ཐུབ་སྐེད་ལ་གཟར་ནས་རྒྱུགས།།
འདྲེན་བྱེད་མཆི་མས་ལམ་མི་སྣང་།།
རྡོག་འགྱེལ་ཅིག་གིས་སྒོ་རྩར་སླེབས།།

ཁོ་མོས་ཁྱོ་བོའི་བེམ་པོ་ནི།།
ཐག་བཅུགས་སྦྲ་འདབས་བསྐྱུར་བ་མཐོང་།།
ཁྱིམ་མཚེས་རྒན་མོས་ཀླུ་མོ་འཚོར།།
དོན་གྱི་བྱུང་བ་དྲང་མོར་བརྗོད།།

ཁྱོད་རང་འགྲོ་དུས་དགྲ་ཟླ་གཉིས།།
སྦྲ་ཕག་ཡིབ་ཅིང་ཁྱོད་སོང་རྗེས།།
ཁྱིས་ཀྱང་མ་ཚོར་སྦྲ་ནང་འཛུལ།།
ཞོགས་པའི་རྗེས་ལས་གསང་བ་བརྟོལ།།

ཁོ་ཚོས་ལྷ་ལུང་སྨྲ་སྒོ་བཅད།།
རྩེ་གྲིས་ཕོ་རྒྱུ་ཕྱི་ལ་བཏོན།།
སྙིང་རྗེ་ལྷ་ལུང་འཆི་ཁར་ཡང་།།
ཀླུམ་འཚོའི་མིང་ནས་ཡང་ཡང་འབོད།།

ཨ་ཤི་རེ་སྙིང་གི་ལྷ་གོ །
ཀླུ་མོ་འཚོས་ཐེངས་བརྒྱར་བོས་ཀྱང་།།
ལྷ་ལུང་གི་ཨ་ལན་མ་ཐོས།།
མགྲིན་བརྣང་གི་ཁོ་མོ་བརྒྱལ་སོང་།།

ལྔ།

ཀླུ་མོ་འཚོ་དྲན་པ་སངས་དུས།།
རྒྱུས་མེད་ཀྱི་སྦྲ་ནང་ཉལ་འདུག །
རིན་ཆེན་གྱི་རྒྱན་གོས་སྤུངས་ཡོད།།
ཨ་པུ་རྒྱས་ཁོ་མོ་འཕྲོག་སོང་།།

སྦྲ་གུར་ཕག་ཏུ་བྲན་མོ་གཉིས།།
ཤབ་ཤུབ་གཏམ་བརྗོད་ཁོ་མོས་ཐོས།།
ད་ལྟ་ལྷ་ལུང་སྤུར་འདེབས་པ།།
སྙིང་རྗེའི་བུ་མོས་རྟོགས་མེད་དོ།།

རི་ཆུང་ཕ་གིར་རྨ་ཆུ་བཞུར།།
པུར་ས་རྨ་ཆུའི་འགྲན་ངོགས་རེད།།
ལྷ་ལུང་བེམ་པོ་གནས་དེ་རུ།།
བུད་ཤིང་ཕོམ་པོ་སྟེང་དུ་བསྐྱོན།།

པུར་སྲེག་ཆོ་ག་སྒྲུབ་འགོ་བརྩམས།།
མར་སྣུམ་གཞི་ནས་སྦར་ཚར་དུས།།
གློ་བུར་མི་རྣམས་འདྲེན་བྱེད་དག །
མ་བགྲོས་སྣེ་གཅིག་ཉིད་ལ་ཕྱོགས།།

དེ་རུ་སྙིང་སྡུག་བུད་མེད་ཅིག །
མིག་ཆུ་ཁྲོམ་ཁྲོམ་སྨྲེ་ངག་འདོན།།
བྱང་སེམས་ཕྲ་མོ་སྡུག་བསྔལ་གྱིས།།
གཟིར་བཞིན་ལྷ་ལུང་ཕྱོགས་སུ་རྒྱུགས།།

བུད་ཤིང་རི་རབ་བཞིན་དུ་བསྲེག །
མར་སྣུམ་རྒྱ་མཚོ་བཞིན་སྦར།།
མེ་ལྕེ་དགོང་དུ་ལམ་ལམ་མཆེད།།
ལྷ་ལུང་སྦར་བའི་དཔེ་མི་སྲིད།།

ལྷ་ལུང་ཤི་ཡང་མིག་མ་ཟུམས།།
སྙིང་ལ་ཉར་བ་ཀླུ་མོ་འཚོ།།
ཁོ་གཉིས་བརྩེ་དུང་ཆུ་གཏེར་ཟླ།།
མེ་དཔུང་གིས་ནི་སྲེག་ནུས་མིན།།

འབྲུག་སྒྲ་ལྡིར་ཞིང་མེ་ལྕེ་དྲག །
མི་ཚོགས་དབུས་ཀྱི་ཀླུ་མོ་འཚོ།།
སྔོན་ནས་མེ་དཔུང་ཀློང་ལ་མཆོང་།།
སྙིང་ཉེ་ཁྱོ་བོར་མཉམ་དུ་བཞུད།།

སྤུར་མེ་ཉིན་ཞག་བདུན་ལ་སྦར།།
བདུན་མཚན་ལའང་ཞུ་མ་བྱུང་།།
མི་རྣམས་འདི་འདྲའི་མཚར་གཏམ་བརྗོད།།
རྒྱུ་སྐར་ཆ་གཅིག་དབྱིངས་སུ་སྙེག །

གོས་ཡུག་ལྟ་བུའི་ཨ་སྔོན་དུ།།
གསེར་བྱེ་གཏོར་འདྲའི་རྒྱུ་སྐར་ཁྲོད།།
སྐར་མ་ཆ་གཅིག་ལྷིང་ངེར་མཚེར།།
དེ་ནི་ཁོ་གཉིས་ཡིན་ནོ་ཟེར།།

གསལ་འཇགས་ཀྱི་མཚན་མོ་རེ་རེ།།
བརྩེ་ལྡན་གྱི་ཕོ་མོ་གཞོན་ནུ།།
ཨ་སྔོན་གྱི་ཁོ་ཚོར་བལྟས་ནས།།
བརྩེ་དུང་ལ་བསྔགས་བརྗོད་བཏང་སོང་།།
 
༡༩༩༧ལོའི་ཟླ༥པར་བསྒྱུར།
འབྲེལ་ཡོད་འོས་སྦྱོར།