logo

གླིང་སྒྲུང་གཏམ་དཔེ་གཅེས་བཏུས། ཁག་ལྔ་པ།

རྩོམ་པ་པོ།: ཡོང་ཁུངས།:ཁྲི་འདུ་རྩོམ་རིག་འཕྲིན་སྟེགས། དུས་ཚོད།:2022-08-24 ཀློག་གྲངས།:
ཁྱི་ལུད་དར་གྱིས་བཏུམས་ན་ཡང་། །
ངན་པའི་དྲི་མ་ཕྱི་ལ་ཁ། །
ཇ་ག་ལེར་བསྐོལ་ན་ཁུ་བ་བཟང་། །
ལ་ག་ལེར་རྒྱབ་ན་འབྱུང་གཞིར་འཕྲོད། །
དགྲ་ག་ལེར་རྒྱབ་ན་དགྲ་མགོ་ནོན།།

ཁ་འདར་བ་དར་འཐག་འཐེན་འཐེན།
ལུས་འདར་བ་སུ་ལུ་དཀྲུགས་དཀྲུགས། །

ཁྱི་ལུད་དཀྱིལ་གྱི་མེ་ཏོག་དེ། །
བལྟས་ན་མདོག་དང་འདབ་མ་རྒྱས། །
བསྣམས་ན་དྲི་མས་སྣ་སྲོག་གཅོད། །

ཁྱི་ངན་ལ་ཁར་འགྱིང་ལེ་དེ། །
དབྱུག་པ་རིན་མེད་ཉོ་བའི་རྟགས། །

ཁྱི་རྒན་སྐྱག་པས་རྒྱགས་ཉིན་མོ། །
སེང་གེའི་གཡུ་རལ་ཡོད་སྣང་ཆེ། །
ཝ་རྒན་ཆུ་ཡིས་བཟི་ཉིན་མོ། །
སྟག་མོའི་འཛུམ་དྲུག་ཡོད་སྣང་ཆེ། །
སྤྱང་རྒན་ཁྲག་གིས་མྱོས་ཉིན་མོ། །
གཟིག་གི་ཐིག་ལེ་ཡོད་སྣང་ཆེ། །

ཁྲི་གདུགས་ཉི་མའི་འོད་ཡ་དེ། །
མེ་འཁྱེར་སྲིན་འབུས་ཐུབ་ལེ་མིན། །

ཁུ་བྱུག་སྔོན་མོ་མོན་བྱ་ལ། །
སྦྲང་ཆར་སིལ་མའི་བསུ་མ་བྱུང་། །
སྐད་དྲུག་འགྱུར་མི་རྒྱག་ཀ་མེད་རེད། །
མཐའ་རྒྱ་མཚོ་སྔོན་མོའི་ཆུ་སྲིན་ལ། །
འབུ་དུང་ཕྲུག་ངར་མའི་བསུ་མ་བྱུང་། །
སྟོབས་ཆུ་སྲིན་མི་ངར་ཀ་མེད་རེད། །
རྫ་སྟོད་འབྲོང་བུ་རྭ་སྔོན་ལ། །
ཤ་ཁྱི་ངར་མའི་བསུ་མ་བྱུང་། །
སྟོབས་འབྲོང་ཆུང་མི་ངར་ཀ་མེད་རེད། །

ཁྲི་གདུགས་ཉི་མའི་འོད་ཟེར་ལ། །
མེ་ཁྱེར་སྲིན་བུས་འགྲན་ཡ་བཙུགས། །
གངས་དཀར་སེང་གེའི་གཡུ་རལ་ལ། །
ཁྱི་ནག་དོམ་བུས་བརྗིད་རྔམ་འགྲན།།
གཡུ་འབྲུག་སྔོན་མའི་ངར་སྐད་ལ། །
དྲི་ཟ་བུང་བའི་སྐད་ཀྱིས་འགྲན། །

ཁྲ་ཆུང་མིག་གིས་རྒྱུ་རིག་ན། །
གངས་དཀར་སེམས་ནང་འདྲེ་གཅིག་བཞུགས། །
ཕ་མ་བཟང་པོའི་ཤུལ་བཞག་དེ། །
བུ་རྒྱུད་ངན་པས་དགྲ་ལག་སྐྱེལ། །
རྒྱུ་ནོར་རྟ་རྔ་ཙམ་ཞིག་ལ། །
རང་སྲོག་ཕུང་དགོས་ངེས་པ་མེད། །

ཁྱི་རྒན་ངར་ཚོད་མ་ཟིན་ན། །
ཁྱི་ཁྲག་གཟིག་གིས་འཐུང་རབས་ཡོད། །
ལུག་གུ་འཕག་ཚོད་མ་ཟིན་ན། །
སྤྱང་རྒན་སྔོན་པོས་ཟ་རབས་ཡོད། །
ལྷུན་གྲུབ་དཔའ་ཚོད་མ་བཟུང་ན། །
དགྲ་ཟླས་ཡར་ཟི་གཡུག་རབས་ཡོད། །

ཁྭ་ཏ་སྐྱག་པས་རྒྱགས་ཉིན་མོ། །
སེང་གེའི་གཡུ་རལ་ཡོད་སྣང་འཆར། །
གླང་རྒན་ཤེད་ཤུགས་རྒྱས་ཉིན་མོ། །
འབྲོང་རྒོད་སྟོབས་ཤུགས་ཡོད་སྣང་འཆར། །

ཁྱི་རྒན་རྫི་མགོ་རྡིབ་པའི་དུས། །
ཇག་རྐུན་བཟུང་རྒྱུ་ཕར་ཚད་རེད། །
མགོ་ལ་སྟ་གྲི་གཟེད་རབས་ཡོད། །

ཁ་ཤ་དར་ཐག་འཐེན་འཐེན་རེད། །
ལག་འདར་སུ་ལུ་སྤྲུག་སྤྲུག་རེད། །

ཁུ་བྱུག་སྔོན་མོའི་གསུང་སྐད་དེ། །
དགུན་ཟླ་གསུམ་གྲགས་ན་རྣམ་རྟོག་རེད། །
ཁྱུང་ཆེན་རང་ས་བཟུང་ས་ལ། །
དུག་སྦྲུལ་སྔོན་མོའི་བསུ་མ་བྱུང་། །
ཁ་གནོན་མི་མཛད་ཀ་མེད་རེད། །
བཙན་རྒོད་རང་ས་བཟུང་ས་ལ། །
གནམ་ལྕགས་ཐོག་གིས་བསུ་མ་བྱུང་། །
བཙན་རྒོད་མི་ལངས་ཀ་མེད་རེད། །
དམར་ཡག་ནགས་རྫོང་འགྲིམ་ས་ལ། །
དོན་མེད་ལུང་པ་ཀི་སྒྲས་བཀང་། །

རྒྱ་སྟག་མི་ངར་ཀ་མེད་རེད། །
འཛུམ་དྲུག་མི་ངོམས་ཀ་མེད་རེད།།
གཟིག་ཁྲ་ཡག་རང་ས་བཟུང་ས་ལ།
ཁྱི་རྡ་ལིས་ངུ་ཟུག་བརྒྱབ་ནས་བྱུང་། །
ཁྲ་ཡག་མི་ལངས་ཀ་མེད་རེད། །
ཐིག་ལེ་མི་ངོམས་ཀ་མེད་རེད། །
གསེར་ཉ་ཆབ་ལ་འཁྱུག་ས་ལ། །
དོན་མེད་ལྕགས་ཀྱུའི་བསུ་མ་བྱུང་། །
ཀླུ་བདུད་མི་ངར་ཀ་མེད་རེད། །

ཁྲོ་ཐུང་དཔོན་ལ་ཐུང་དྲུག་ཡོད། །
རྒྱབ་གོས་ཐུང་ལེ་རྐུབ་སྟོན་བ།།
མདུན་གོས་ཐུང་ལེ་མཇེ་སྟོན་བ། །
ཚིག་ཐུང་སྣ་ཁུང་ཡར་བརྫེས་བ། །
གཡོག་བུ་ཕྲུག་སྟེང་ལ་ངར་ཐུང་བ། །
བཟའ་ཚེ་རོགས་སྟེང་ལ་སྤྲོ་ཐུང་བ། །
སྟོང་དགྲ་བོའི་སྟེང་ལ་ཝ་ཐུང་བ། །

ཁ་རྭ་ཅོ་བཞིན་དུ་རྣོ་ལུགས་གཅིག །
རྐུབ་རྒྱ་ལམ་བཞིན་དུ་ཡངས་ལེ་གཉིས། །
མ་རབས་བུ་མོའི་ངན་གཤིས་རེད།།

མི་ཡོན་ཏན་མེད་པའི་གཏམ་བཤད་དེ། །
གཏམ་ཅི་བཤད་བྱ་སྤུ་རླུང་འཁྱེར་རེད། །

ཁབ་ལ་སྐུད་པ་བརྒྱུས་དང་ཕན། །
དར་གོས་ཆེན་ཚེམ་བུ་མ་ཕོག་ན། །
ཁབ་རྒྱ་ཁབ་ཟེར་བ་དོན་གོ་ཆུང་། །

ཁྱི་གསར་རྡོ་དང་མ་ཐུག་གོང་། །
ངར་ཆེན་སྐད་རྩ་འདར་ནས་གདའ། །
ཁྱི་གསར་ལྕགས་ཐག་བཅད་དང་རྟིང་། །
གོར་མོ་རྡོ་དང་ཐུག་རྒྱུ་རེད། །
ཁ་ནང་མཆེ་བ་བུད་རྒྱུ་རེད། །
མི་གསར་ཁྲིམས་ལ་མ་ཐུག་གོང་། །
རྩལ་ཆེན་རྟགས་མ་ངོམས་ཀྱི་ཟེར། །
གཏམ་མཁས་གོང་བ་ལེན་གྱི་ཟེར། །
ཟེར་ཡང་ཁྲིམས་ལ་ཐུག་པའི་དུས། །
བདེན་པ་རང་ལ་མ་ཡོད་ན། །
དཔའ་རྩལ་ཁ་རྩལ་འགྲོ་ས་མེད། །

ཁ་ཤ་ཚིག་གི་རྣ་རྒྱབ་དེ། །
མི་འཇོན་ཞེ་སེམས་འཁྲུག་རོགས་རེད། །
ཁྭ་ཏ་འབྲོང་གིས་ཟ་རབས་མེད།།

ཁུ་བྱུག་སྔོན་མོའི་གསུང་སྐད་དེ། །
དབྱར་དགུན་གཉིས་ལ་དབྱེ་འབྱེད་ཡོད།
ནམ་མཁའི་སྟེང་གི་གཡུ་འབྲུག་དེ། །
དབྱར་དགུན་གཉིས་ལ་དབྱེ་འབྱེད་ཡོད།
འབྲས་དྲུག་རྒྱས་པའི་ནམ་དུས་དེ། །
དབྱར་དགུན་གཉིས་ལ་དབྱེ་འབྱེད་ཡོད།

ཁྲ་ཡག་གཟིག་གི་གདོང་ལེན་ལ། །
ཁྱི་རྡ་ལིས་མཆེ་བ་ངོམས་ས་མེད། །
དམར་ཡག་སྟག་གི་གདོང་ལེན་ལ། །
ཝ་གྲོ་ལོའི་གྲ་སྤྲུག་ཡོང་ས་མེད། །
བེར་སྨུག་འབྲོང་གི་གདོང་ལེན་ལ། །
ལྟོ་སོག་དཀར་ཡིན་ཡང་འགྲན་ས་མེད། །
དུང་སེང་དཀར་མོའི་གདོང་ལེན་ལ། །
གཡུ་འབྲུག་ཡིན་ཡང་འགྲན་ས་མེད། །

ཁྱི་གསར་ངར་སྐད་ཆེ་ལེ་དེ། །
གོར་མོ་རྡོ་ལ་མ་འགྲིམ་འདུག །
རྟ་གསར་རྒྱུགས་ཁ་ཞན་པོ་མ། །
མཐོན་པོའི་ལ་མགོ་མ་འགྲིམ་འདུག །

ཁྲིམས་རྔ་ཁྲིམས་དུང་ཁྲིམས་དེབ་གསུམ། །
དཔོན་པོའི་ཐུགས་ལ་མངའ་ན་ཡང་། །
བཀའ་ཁྲིམས་གཞུང་ཤིང་མ་སྲུང་ན། །
རྒྱལ་ཁྲིམས་ཡོད་ཀྱང་ཅི་ལ་ཕན། །

ཁྱི་ངར་མ་མ་ཚགས་དམུ་གབ་རེད། །
རྟ་མགྱོགས་པ་མ་ཚགས་དམུ་གབ་རེད། །
ཤོ་ཁྲ་བོ་མ་བབ་དམུ་གབ་རེད། །
སྨན་མཛེས་མོ་མ་འཁྲིད་དམུ་གབ་རེད། །
ཆང་སྐྱེམས་དཀར་མ་འཐུང་དམུ་གབ་རེད། །

མཁར་རྩེར་བྱ་ཆེན་བབས་ལེ་གཅིག །
མཁར་རྩར་མི་ཆེན་འབྱོར་ལེ་གཉིས། །
ལས་བཟང་པོ་མ་རེད་སྡུག་ལེ་རེད། །
སེར་བྱ་འུག་པས་སྐད་ཅིག་བརྒྱབ། །
རྒྱབ་ཕ་མགོ་འགྱེལ་བའི་ལྟས་ཤིག་བྱུང་། །
སྤྲེའུ་དམར་པོས་གར་ཞིག་འཁྲབ། །
ཡུལ་མི་སྐྱིད་འཁྲུག་པའི་ལྟས་ཤིག་བྱུང་། །
དཀར་འོ་མའི་རྒྱ་མཚོ་འཁྱིལ་ས་ལ། །
ཁྲག་གི་དམར་མདངས་འཁྱིལ་གདའ་ཟེར།།
ཕྱི་ནས་ཆར་ཐག་ཆོད་ན་ཡང་། །
ནང་དུ་ཐིགས་ཐག་མི་ཆོད་ཟེར། །

ཁ་རྒྱགས་ནའི་ལྟོ་བ་མི་རྒྱགས་ཟེར། །
ལུས་དྲོད་ནའི་སེམས་པ་མི་དྲོད་ཟེར།།

ཁ་རྒྱགས་པས་ཕ་ནོར་བཅོ་བརྒྱད་ཕུང་། །
ལག་ངན་པས་རྟ་མགོ་རྡོ་ལ་བརྒྱབ། །

ཁ་གྲགས་རྒྱུ་ཡོད་དེ་གྲགས་དབང་མེད། །
གླུ་ལེན་རྒྱུ་ཡོད་དེ་ལེན་དབང་མེད། །

ཁ་མཆུ་རྣམ་རྟོག་སྒོ་མོ་རེད། །
བསོད་ནམས་མེད་པའི་སྡུག་བསྔལ་རེད། །

ཁྱུང་ཆེན་འཕུར་བའི་གཤོག་ལམ་ནས། །
ནེ་ལེའི་ལྡེམ་འགྱུར་མི་འདུག་ལགས། །
ཁུ་བྱུག་སྔོན་མོ་གྲགས་ལམ་ནས། །
འཇོལ་མོའི་དྲུག་འགྱུར་མི་འདུག་ལགས། །
ཁྱུང་ཆེན་གཤོག་འཛིང་རྒྱག་པའི་དུས། །
བྱ་ནག་ཁྭ་ཏའི་གཤོག་སྒྲོ་ཐོར། །

ཁ་ཞིམ་ཤ་ཟ་འདོད་རྐྱང་དང་འཕྲད། །
བྱེ་རི་ཕུང་པོ་ཐུག་ཞན་འདྲ། །
ཆུ་ཆེན་ལམ་གཞུང་གར་བཤར་རེད། །
སྤང་དཀར་མེ་ཏོག་བཀྲ་ཞན་འདྲ། །
སེར་ཆུང་བ་མོའི་བགྲོད་ལམ་རེད། །
འབུམ་དམག་ཁ་གྲངས་མང་ཞན་འདྲ། །
རལ་གྲི་ངར་མས་གར་བཤགས་རེད། །

ཁྲི་གདུགས་ཉི་མའི་ཚ་ངར་དེས། །
ཡུལ་ཁམས་གསལ་བས་མི་ཚད་ལེ། །
རྒྱ་མཚོ་གཏིང་ནས་སྐམ་མདོག་བ། །
འདོ་དྲུག་རྟ་ཕོའི་བང་ཤུགས་དེས། །
ཐང་ཆེན་བཅད་པས་མི་ཚད་ལེ། །
བྱེ་མའི་གླིང་ཐང་གཤགས་མདོག་བ། །
གནམ་རྒོད་འཁྲུགས་པའི་ཆུ་བོ་དེས། །
ལུང་ཆུང་འུར་བས་མི་ཚད་ལེ། །
རྒྱ་ཟམ་ཁྲ་མོ་གཏོར་མདོག་བ། །

ཁ་གཏམ་ཆུ་ཡི་ལྦུ་བ་དེ། །
སྔོན་དུ་སོང་བས་ཚར་ལེ་གྱིས། །
ལག་ལེན་གསེར་གྱི་ཐིགས་པ་དེ། །
རྗེས་སུ་ཡོད་པས་ཡིད་བརྟན་གྱིས།

ཁ་བཙོག་པ་ལ་གཏམ་བཙོག་པ། །
ཁྱི་འཛིང་རུས་པའི་འཁོན་གཞི། །

ཁྱུང་མཁའ་ལྡིང་རྙི་ལ་ཟིན་ལེ་མིན། །
རྐྱང་ཁ་དཀར་ཞགས་བཟུང་ཐུབ་ལེ་མིན། །
སྟག་དམར་ཡག་ཐག་བཟུང་ཐུབ་ལེ་མིན།

ཁ་མང་རོགས་དང་བྲལ་ལེ་ཟེར། །
བློ་མང་ཕ་ཡུལ་ཤོར་ལེ་ཟེར། །

མཁའ་ལ་ཆགས་པའི་སྐར་ཚོགས་དེ། །
ཉིན་ལ་མ་རིག་མཚན་ལ་བཀྲ། །

ཁུ་བྱུག་སྐད་ངན་གྲགས་པའི་དུས། །
མཁའ་ལྡིང་གླག་གིས་ཕབ་ལེ་འདྲ། །

ཁ་བཤད་ཆུ་ཡི་ལྦུ་བ་ལ། །
ལག་ལེན་གསེར་གྱི་ཐིགས་པ་ཟེར། །
ཚིག་ཁ་ནས་ཤོར་བའི་དོན་ཆེན་གཅིག །
རྐང་རྡོ་ལ་བརྒྱབ་པའི་སྐྱིད་སྡུག་གཉིས། །
མིག་ཁྲ་ཆུང་མཐོང་བའི་ངོ་སོ་གསུམ། །
བཏང་དང་མ་བཏང་ཁྱད་པར་མེད། །
བསོད་ནམས་ཐོད་པའི་རི་མོ་དེ། །
བསྐོས་ནས་གཡུགས་རྒྱུ་ག་ལ་ཡོད། །
དཔོན་རྒྱུད་རི་རྒྱལ་ལྷུན་པོ་རེད། །
བློན་རྒྱུད་ཆུ་བོ་ཆད་མེད་རེད། །

ཁོག་པ་ཉུང་མ་ཁོག་སྟོང་འདྲ། །
ཡར་བལྟས་ན་ནམ་མཁའ་སྟོང་པ་རེད། །
མར་བལྟས་ན་ས་གཞི་སྟོང་པ་རེད། །
གནམ་ས་སྟོང་པ་མ་རེད་དེ། །
ཡབ་སྐྱ་ལོའི་ཁོག་པ་སྟོང་པ་རེད། །
བློན་རྒྱ་སྟག་འདྲ་དེ་གྲལ་ལ་བཞུགས། །
དཔོན་སེང་གེ་འདྲ་དེ་ཆས་ནས་འགྲོ །
དྲིན་ཕ་མས་སྨོན་ལམ་ཅི་བཏབ་གཅིག །
ལྷ་བླ་མས་བྱིན་རླབས་ཅི་གནང་གཉིས། །
ནོར་བ་འཁྲུལ་བ་ལར་ནས་མེད། །
ལྷ་ཤིང་ཤུག་པ་སྤང་ལ་འཁྲུངས། །
ཤུག་པ་རྒྱས་ན་ཉར་ཚགས་བྱས།
ཁ་ཤ་མོན་གྱི་རྒྱལ་ས་ནས། །
ཁུ་བྱུག་ནམ་རྒྱུན་ཡོང་བ་ལ།
ལྷ་ཤིང་ཤུག་པ་ག་ནས་བདོག །
གཡུ་འབྲུག་སྔོན་མོ་མཚོ་ལ་ཉལ།
ནམ་མཁར་ཆར་སྤྲིན་འཁྲིགས་ཞན་མེད། །
གཡུ་འབྲུག་མཚོ་ནས་མ་ལངས་ཚེ། །
དབྱར་དགུན་དབྱེ་བ་སུ་ཡིས་འབྱེད། །
གངས་ལ་སེང་གེ་འཁོར་ལེ་རེད། །
དེ་ལ་གཡུ་རལ་རྒྱས་འདོད་རེད། །
ཁྱི་རྒན་རྒྱ་བོ་ཨོག་ཚོམ་ཅན། །
མི་གཙང་སྐྱག་པ་ཁ་ལ་འཁུར། །
སེང་གེའི་གཡུ་རལ་ཡོད་སྣང་བྱེད། །
འབྲེལ་ཡོད་འོས་སྦྱོར།