logo

མངའ་རིས་ཤོན་གྱི་ཁྱད་ཆོས་དང་རིག་གནས་རིན་ཐང་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།:ངག་དབང་ལྷུན་གྲུབ། ཡོང་ཁུངས།:དབྱངས་ཀྱི་མཆོད་པ། དུས་ཚོད།:2019-04-02 ཀློག་གྲངས།:

མངའ་རིས་ཤོན་གྱི་ཁྱད་ཆོས་དང་རིག་གནས་རིན་ཐང་སྐོར་རགས་ཙམ་གླེང་བ།
ནུབ་བྱང་མི་རིགས་སློབ་ཆེན། ངག་དབང་ལྷུན་གྲུབ། 

【ནང་དོན་གནད་བསྡུས།】སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཏུ་འབོད་པའི་བོད་ཀྱི་ཡུལ་འདིའི་ཡ་གྱལ་དུ་གྱུར་པའི་མངའ་རིས་ཀྱི་ཡུལ་འདི་ནི་ལོ་རྒྱུས་རིང་ཞིང་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ཡིན་ལ། དེ་བཞིན་དུ་ཡུལ་འདིར་རིག་གནས་སྣ་མང་ཡོད་པའི་ཁྲོད་དུ་ཤོན་ཞེས་པའི་དམངས་ཁྲོད་དུ་དར་བའི་རིག་གནས་ཤིག་ཡོད་ཅིང་། དེའི་ལོ་རྒྱུས་རིང་ཞིང་མི་རྣམས་ཀྱིས་དགའ་བོ་བྱེད་བཞིན་པས་མི་ཚད། དེར་སྒྱུ་རྩལ་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡོད་པས། དཔྱད་རྩོམ་འདིར་མངའ་རིས་ཀྱི་ཤོན་གྱི་གོ་དོན་དང་བྱུང་འཕེལ་ལོ་རྒྱུས། དེའི་ཁྱབ་ཁོངས། བརྗོད་བྱ་དང་རྗོད་བྱེད་ཀྱི་ཁྱད་ཆོས། རིན་ཐང་སོགས་ཀྱི་སྐོར་ལ་དཔྱད་པ་བཏང་སྟེ། རང་གི་ལྟ་ཚུལ་མདོར་ཙམ་བཏོན་ཡོད་དོ།།

【བརྡ་ཆད་གཙོ་བོ།】  མངའ་རིས། ཤོན། རིག་གནས། ཁྱད་ཆོས།

གླེང་སློང་བ།

     རི་མཐོ་ས་གཙང་བའི་མངའ་རིས་སྐོར་གསུམ་གྱི་ཡུལ་གྲུ་འདིར། ལོ་རྒྱུས་ཀྱི་འཕེལ་འགྲིབ་དང་དར་རྒུད་སྣ་ཚོགས་བྱུང་ཞིང་། སྤྱི་ཚོགས་ཀྱི་རྣམ་པ་རབ་དང་རིམ་པ་བརྒྱུད་པའི་མི་རབས་ནས་མི་རབས་འཚོ་སྡོད་བགྱིད་པའི་མཐོ་སྒང་གི་སྐྱེས་བུ་ཀུན་ནས་ཐུན་མོང་གི་རྣམ་དཔྱོད་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས། ཆེས་ཞན་པའི་རང་བྱུང་ཁོར་ཡུག་གི་ཁྲོད་དུ་མི་དམངས་ཀྱི་དགའ་སྐྱོ་ཆགས་སྡང་དང་བདེ་སྡུག་སོགས་གསལ་རྗེན་དུ་མཚོན་པར་བྱས་པའི་དམངས་ཁྲོད་སྒྱུ་རྩལ་ཕུན་སུམ་ཚོགས་པོ་ཞིག་བསྐྲུན་པ་དང་ཟམ་མི་ཆད་པར་དར་སྤེལ་དང་བརྒྱུད་སྤྲོད་བྱས་ཡོད། དེ་ཡང་སྟོད་མངའ་རིས་ས་ཁུལ་འདིར་གནའ་བོའི་དུས་ནས་གླུ་གར་སོགས་དར་ཁྱབ་ཧ་ཅང་ཆེ་བའི་ཡུལ་གྲུ་ཞིག་ཡིན་ཕྱིན། སྤུར་རྒྱལ་བོད་ཀྱི་ཤེས་རིག་ཀྱང་དར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། བར་སྐབས་ཞིག་ལ་རིག་གནས་སྤྱི་དང་བྱེ་བྲག་གླུ་གར་རིག་རྩལ་བྱེད་སྒོ་དར་སྲོལ་རྒྱ་ཆེར་འཕེལ་རྒྱས་བྱུང་ཞིང་དུས་རབས་བཅུ་གཅིག་པའི་ནང་མངའ་རིས་རྒྱལ་པོ་འཁོར་རེས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྒྱ་གར་ནས་གདན་འདྲེན་ཞུ་དུས་ཤོན[1]གླུ་གར་སོགས་ཀྱི་མཛད་སྒོ་གཟབ་རྒྱས་སྤེལ་ཡོད་ཅིང་། ད་ཆ་ཡང་གུ་གེ་སོགས་སུ་དར་ཁྱབ་ཡོད་མུས་ཀྱི་ཤོན་བྲོ་འགའ་ཤས་སྐབས་དེ་ལ་གསར་རྩོམ་བྱུང་ཐོག་དར་ཁྱབ་བྱུང་ཡོད་པར་གྲགས།

     དམངས་སྲོལ་ནི་མི་རིགས་ཤིག་ལ་ཡོད་པའི་ཁྱད་འཕགས་ཀྱི་རིག་གནས་ཤིག་ཡིན་ལ། མི་རིགས་གང་ཡིན་རུང་དེ་ལ་དམིགས་བསལ་ཅན་གྱི་རིག་གནས་རེ་ཡོད་པ་སྨྲོས་མི་དགོས། ང་ཚོའི་མེས་རྒྱལ་ནི་རིག་གནས་ཀྱི་བང་མཛོད་ཆེན་པོ་ཞིག་ཡིན་པ་གང་ཞིག་མི་རིགས་འདྲ་མིན་སྣ་ཚོགས་ལས་གྲུབ་པ་ཞིག་ཡིན་པས་དེ་དང་མཚུངས་པའི་སྲོལ་རྒྱུན་རིག་གནས་ཀྱང་ནམ་མཁའི་སྐར་ཚོགས་ལྟ་བུ་ཡོད་སྲིད། འདིའི་ཁྲོད་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལའང་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་མང་དག་ཅིག་ཡོད་པ་བརྗོད་མ་དགོས་སྟེ། བོད་མིའི་གཏམ་དཔེ་རུ་ལུང་བ་རེ་ལ་སྐད་ལུགས་རེ། མི་རིགས་རེ་ལ་དམངས་སྲོལ་རེ་ཞེས་པ་ལྟར་གལ་ཏེ་མི་རིགས་ལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་མེད་ཚེ་མི་རིགས་དེ་ནི་རྣམ་ཤེས་མེད་པའི་ཕུང་པོ་ཞིག་ཏུ་འགྱུར་ངེས་ཡིན་ལ་འཇིག་རྟེན་གྱི་དོ་ར་ཆེན་མོ་འདི་ནས་མེད་པར་འགྱུར་བའི་ཉེན་ཁའང་ཆེ། ང་ཚོའི་ཉེ་འཁོར་དུ་ཡང་གནས་ཚུལ་དེ་འདྲ་མཐོང་མུས་ཡིན་པ་དེ་ཚོ་ལ་བལྟས་ནས་བསླབ་བྱ་ལེན་ཤེས་ཚེ་ཧ་ཅང་བཟང་བར་འདུག་སྙམ། དུས་རྒྱུན་འཚོ་བའི་ཁྲོད་དུའང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས་ཅེས་ཤོད་དང་ཤོད་མུས་ཡིན། རྒྱུ་མཚན་གང་ཡིན་ཟེར་ན། མི་རིགས་ཤིག་གི་ནང་བསམ་པའི་འཇིག་རྟེན་དང་ཕྱི་དངོས་པོའི་དཔལ་ཡོན་འཕེལ་རྒྱས་ཇི་ལྟར་ཆེ་ན། དེ་ལ་གཞན་དང་འགྲན་པར་ནུས་པའི་ཁྱད་ཆོས་གང་རུང་ཞིག་ལྡན་དགོས་པ་ནི་མི་རིགས་ཞེས་དབྱེ་བ་འབྱེད་ནས་འཚུགས་ཐུབ་པའི་གཞི་རྩ་ཡིན་ལ་ཐུན་མོང་དང་ཐུན་མིན་གྱི་ཁྱད་ཆོས་འཇོག་པའི་རྩ་བའང་ཡིན། དཔྱད་རྩོམ་འདིར་བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་མངའ་རིས་ཤོན་འདི་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་པའི་དོན་སྙིང་དུ་བཟུང་ནས་རང་བློས་ལྕོགས་ཚོད་ཀྱིས་དཔྱད་པ་བཏང་སྟེ་རང་གི་ལྟ་ཚུལ་མདོར་ཙམ་བཏོན་ཡོད་པ་དང་། ཕྱིན་ཆད་སྐྱེས་བོ་སྔར་ལས་མང་བ་ཞིག་མངའ་རིས་ཤོན་གྱི་རིག་གནས་སྐོར་ལ་དཔྱད་པ་དང་ཞིབ་འཇུག་བྱ་རྒྱུའི་གལ་ཆེན་རང་བཞིན་ལ་སྐུལ་མ་གཏོང་ཕྱིར་དམིགས་སུ་བཟུང་ནས་བྲིས་ཡོད།

དོན་ཚན་དང་བོ། ཤོན་གྱི་གོ་དོན་དང་ལོ་རྒྱུས། དེའི་ཁྱབ་ཁོངས།

དང་པོ། ཤོན་གྱི་གོ་དོན།

     ཤོན་ཞེས་པ་ནི་སཾ་སྐྲྀ་ཏའི[2]སྐད་དེ་བྲོ་ཡི་དོན་ཡིན། ཡང་དག་ཡིག་གསར་བསྒྲིགས་སོགས་སུ་བྲོ་གར[3]གྱི་བརྡ་རྙིང་ཡིན་པར་འཁོད་འདུག་ལ་དམངས་ཁྲོད་ཀྱི་ཤོད་སྲོལ་དུའང་འདི་འདྲ་འདུག  མ་གཞི་མངའ་རིས་ཤོན་དང་འདྲ་བ་མལ་གྲོ་གོང་དཀར་རྫོང་འབྲི་གུང་ཕྱོགས་སུ་ཡང་ཡོད་འདུག་ཀྱང་ས་ཡུལ་མི་གཅིག་པས་ཁྱད་པར་ཡོད་པ་ནི་བརྗོད་མི་དགོས། གང་ལྟར་ཤོན་དེ་བོད་དུ་དར་བ་ནས་དུས་ཡུན་རིང་པོ་སོང་བའི་ལོ་རྒྱུས་ནི་དམངས་ཁྲོད་ཀྱི་ངག་རྒྱུན་དུ་གཅིག་གཅིག་གཉིས་གཉིས་སུ་ཤོད་རྒྱུ་མེད་ཀྱང་ཡུན་རིང་སོང་བ་ཚོད་དཔག་བྱེད་ཐུབ། དེ་བས་སྤྱིར་ན་བྲོ་གར་ནི་འཛམ་གླིང་གི་མི་རིགས་དང་རྒྱལ་ཡོངས་ཀྱི་མི་རིགས། རྣམ་པ་འདྲ་མིན་གྱི་ཐོག་ནས་འཁྲབ་རྒྱུ་ཡོད་པ་ཞིག་ཡིན་པས་མི་རིགས་ཤིག་ལ་བྲོ་ཡོད་ཟེར་ན་ཧང་སང་དགོས་དོན་ཅང་མེད། འོན་ཀྱང་བྲོ་དེའི་ཕུན་སུམ་ཚོགས་པའི་ཁྱད་ཆོས་སྣ་ཚོགས་པ་དེ་དག་ལས་དེའི་རིན་ཐང་དང་ཁྱད་འཕགས་ཀྱི་ཡོན་ཏན་རྟོགས་པར་བྱེད་ནུས་པས་ཡ་མཚན་གྱི་རིན་བྲལ་ནོར་བུའི་རིགས་སུ་འཇོག་ཆོག

     ཤོན་ཡང་བྲོའི་ཁོངས་གཏོགས་ཀྱི་རྣམ་པ་ཞིག་ཡིན། བྲོ་ཞེས་པའི་ཐ་སྙད་འདིའི་ཐོག་མའི་ཚུལ་དུ་དཔྱད་ན་ལུས་ཀྱི་སྟངས་སྟབས་གཙོ་བྱས་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ལ་གོ  དེ་བས་བྲོ་དང་གར། ཞབས་བྲོ་སོགས་མི་འདྲ་བའི་ཐ་སྙད་མང་དག་ཅིག་ཡོད་རུང་དེ་དག་བར་གྱི་རྩ་བའི་ཁྱད་པར་གང་ཡིན་མིན་རང་ཅག་རྣམས་ནི་རྨོངས་ནས་ཡོད། གར[4]ཞེས་པའང་དག་ཡིག་གསར་བསྒྲིགས་སོགས་སུ་ཉམས་འགྱུར་གྱི་གོ་རིམ་ངེས་ཅན་ལྟར་ལུས་ཀྱི་བྱ་རྒྱུའི་རྣམ་པ་ལྟ་བུ་ཞིག་ཏུ་གོ་རུང་། བྲོ་གར་ཞེས་དེ་གཉིས་མཉམ་དུ་སྦྱར་ན་ལུས་ངག་ཟུང་དུ་འཇུག་པའི་སྒྱུ་རྩལ་ལ་ཟེར་སྙམ། དེ་ན་གར་གྱི་ཐོག་མའི་གོ་དོན་ལ་གླུའི་རིགས་ལེན་པར་གོ་བ་མིན་ནམ་སྙམ། འོན་ཀྱང་ད་བར་གར་འཁྲབ་པ་ལས་གར་ལེན་ཞེས་པ་གོ་མ་མྱོང་བས་དེའི་སྐོར་ལ་མུ་མཐུད་དཔྱད་པར་བྱེད་དགོས་ཀྱི་འདུག ཞབས་བྲོ་ནི་ཞབས་ཞེས་པ་རྐང་བའི་དོན་དང་བྲོ་ཞེས་པ་སྟངས་སྟབས་ཏེ་བསྡུས་ན་གཙོ་བོ་རྐང་བ་འགུལ་བའི་བྲོའི་རིགས་ལ་ཞབས་བྲོ་ཟེར་བར་སྙམ། དེ་བས་ཤོན་ཡང་ངག་ནས་གླུ་ལེན། ལུས་ཀྱི་བྲོ་འཁྲབ་པའི་སྒྱུ་རྩལ་ཞིག་ཡིན་པས་ན་བྲོ་གར་གྱི་ཁོངས་སུ་གཏོགས། འོན་ཀྱང་སྒྱུ་རྩལ་དེའི་མིང་ལ་བྲོའམ་གར་གྱི་སྒྲ་ཟུར་ཙམ་ཡང་མི་གནས་པའི་རྒྱུ་མཚན་ཅི་ཞེ་ན། དེའང་རང་ཅག་གི་སྒྱུ་རྩལ་དོ་ར་འདིའི་ནང་གནས་པའི་ཞབས་བྲོའི་རིགས་མཐའ་དག་ལ་བྲོ་དང་གར་གྱི་སྒྲ་གདངས་སམ་ཚིག་སྦྱོར་ཐད་ནས་ཤན་ཞུགས་དགོས་པའི་ངེས་པ་མ་མཆིས་ཏེ་དབུས་གཙང་ཁུལ་དུ་དར་བའི་གཞས་ཆེན་དང་ནང་མའི་རིགས་ལའང་མི་འདུག ཤོན་འདི་མ་གཞི་ཚིག་སྦྱོར་སོགས་གང་གི་ཐད་ནས་བྲོ་གར་གྱི་མཚོན་དོན་རྟོགས་མི་ཐུབ་པ་ལྟར་འདུག་ཀྱང་ད་ལྟའང་བྲོ་གར་གྱི་རྣམ་པ་ཞིག་ཏུ་གནས་ཡོད་པ་ནི་དག་ཡིག་གསར་བསྒྲིགས[5]སོགས་སུ་བྲོ་གར་གྱི་རིགས་སུ་བཀོད་འདུག་པ་དེ་ནི་སྒྲུབ་བྱེད་གཙོ་བོ་རེད་བསམ། མདོར་ན་ཤོན་ཞེས་པ་དེ་ནི་བོད་ཀྱི་ཡུལ་གྲུ་ཉུང་ཤས་སུ་དམིགས་བསལ་ཅན་དུ་དར་བའི་ཆོས་ཕྱོགས་བྱེད་སྒོའི་ཐོག་མི་དམངས་ཀྱིས་འཁྲབ་སྟོན་བྱེད་པའི་བྲོ་གར་གྱི་རིགས་ཤིག་ལ་གོ

གཉིས་པ། ཤོན་གྱི་ལོ་རྒྱུས།

     ཤོན་ནི་དུས་ད་ལྟའི་མངའ་རིས་ས་ཁུལ་དུ་ཡོད་པའི་དམངས་སྲོལ་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་གདོད་མའི་རང་བཞིན་གྱི་གླུ་གར་ཞིག་ཡིན། ཤོན་འདི་ཉིད་བྱུང་བའི་དུས་ནི་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ལ་གཏུགས་ཀྱིན་ཡོད། དཔེར་ན། ཡོངས་འཛིན་དྲ་ཚིག[6]ཐོག་འཛམ་གླིང་ཡང་རྩེ་ཞེས་གྲགས་པའི་མངའ་རིས་སུ་དར་ཆེ་བའི་གུ་གེའི་ཤོན་གླུ་གར་དེ་ནི་ཞང་ཞུང་དུས་སྐབས་སུ་བོན་པོའི་སྟོན་པ་གཤེན་རབ་མི་བོ་ཆེ་ཕེབས་སྐྱེལ་ཞུ་རིམ་བཞིན་དུ་ཤོན་གླུ་གར་འདི་འཁྲབ་སྟོན་བྱེད་ཀྱི་ཡོད།”ཞེས་འཁོད་འདུག འཁྲབ་མིའམ་ཡང་ན་འཁྲབ་མཁན་ཉུང་གྲངས༡༠དང་མང་གྲངས༡༠༠ཙམ་ཟིན། འཁྲབ་འཁྲིད་པས་གཡག་གིས་རྔ་མ་དཀར་པོ་ཞིག་འཕྱར་ཞིང་། འཁྲབ་སྟོན་པ་ཚོས་གཞས་གཏོང་གིན་བྲོ་འཁྲབ་ནས་རྔ་ཆེན་དང་རྔ་ཆུང་། རྒྱ་གླིང་། དུང་སོགས་འབུད་སྲོལ་ཡོད། ཤོན་གླུ་གར་འདི་གུ་གེ་རྒྱལ་རབས་སྐབས་འཕེལ་རྒྱས་བྱུང་འདུག གཞན་ཡོངས་འཛིན་དྲ་ཚིག་ཐོག་འཁོད་པར་གཞིགས་ན་སྤྱི་ལོ༡༠༤༢ལོར་མངའ་རིས་མཐོ་ལྡིང་དགོན་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཕེབས་སྐབས་སུ་རྟེན་འབྲེལ་མཛད་སྒོའི་ཐོག་ཤོན་གླུ་གར་འཁྲབ་སྟོན་བྱས་ཚུལ་འཁོད་ཡོད་ལ། ལོ་རྒྱུས་འདི་ཁྲེན་ཅན་ཤིན་གྱིས་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ལྷ་ཁང་དམར་པོའི་ལྡེབས་རིས་ཐོག་གསལ་ལེར་བཀོད་དེ་མཚོན་མདོག་བཀྲ་བའི་ཤོན་གླུ་གར་གྱི་འཁྲབ་ཆས་གྱོན་པའི་བུད་མེད་བཅུས་ཤོན་གླུ་གར་འཁྲབ་བཞིན་པ་ཡང་ཇི་བཞིན་དུ་བཀོད་ཡོད་པ་རེད། དེ་ན་ཤོན་དེ་བྱུང་བའི་དུས་ཚིགས་ནི་གཉའ་ཁྲིའི་ཡར་སྔོན་དུ་གྱུར། འཕེལ་རྒྱས་ཀྱི་དུས་རབས་ནི་གུ་གེ་རྒྱལ་རབས་ཡིན་པར་སྒྲུབ། འོན་ཀྱང་བོད་ཀྱི་གནའ་བོའི་དམངས་གླུ་སྲིད་པ་ཆགས་གླུ་སོགས་ཀྱི་གྲས་སུ་ཤོན་གླུ་གར་དང་འབྲེལ་བའི་སྐོར་དེ་ཙམ་མ་རིག་པས་ཚང་མས་དེའི་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེ། གང་ལྟར་བྱུང་བའི་དུས་ཚིག་བརྗོད་མི་ཐུབ་ཀྱང་ཕྱིས་ཀྱི་གུ་གེ་རྒྱལ་རབས་སྐབས་འཕེལ་རྒྱས་དང་དར་ཁྱབ་བྱུང་ཡོད་པ་ནི་ལོ་རྒྱུས་ཀྱི་ཤོད་སྟངས་དང་མཐུན་གྱི་འདུག

     ཡང་དམངས་ཁྲོད་དུ་ཤོད་སྲོལ་ལྟར་ན།[7]ཤོན་གླུ་གར་འདི་དང་ཐོག་ལ་དྭགས[8]ནས་རིམ་བཞིན་བོད་ལ་དར་ཁྱབ་བྱུང་བ་ཞིག་ཡིན། དུས་ཡུན་རིང་མོ་ཞིག་གི་ནང་བོད་རང་ས་རང་ཡུལ་གྱི་ཞབས་གཞས་དང་མཉམ་འདྲེས་སྤེལ་རྒྱུག་དཔྱད་གཞིར་འཛིན་པ་མ་ཟད་གླུ་གར་སྒྱུ་རྩལ་པ་རྣམས་ཀྱིས་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་ནས་ཤོན་གྱི་སྒྱུ་རྩལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་བོད་ཀྱི་ཁྱད་ཆོས་དང་ལྡན་པའི་གླུ་གར་ཞིག་ཏུ་ཆགས་ཡོད། ཤོན་གྱི་ནང་ཕྱི་རྒྱལ་བའམ་དབྱི་སི་ལིན་ནས་བྱུང་བའི་རིག་གནས་མང་པོ་ཞིག་རང་སོར་འཇོག་པའི་ཁྱད་ཆོས་ལྡན། ཤོན་གྱི་རོལ་ཆ་གཙོ་བོ་རྫ་རྔ་དང་རྒྱ་གླིང་། དུང་། སུར་རྣ[9]དང་དར་མ[10]སོགས་ཡོད་ཅིང་། སུར་རྣ་ལ་ཡང་བོད་ཀྱི་ནང་པ་སངས་རྒྱས་ཀྱི་རོལ་ཆ་རྒྱ་གླིང་དང་འདྲ་བའི་ཆ་ཡང་འདུག སུར་རྣ་སྦུ་གུ་ཅུང་སྦོམ་པ་མ་ཟད་སྦུ་གུ་དང་དུང་སྦུག་གཉིས་མཉམ་དུ་འབྲེལ་ཡོད། དུང་སྦུབས་ཀྱི་ཟུར་ཟུངས་སྒྲིལ་ཡོད། དགོན་པའི་ནང་རྒྱ་གླིང་དང་ཕྱི་དབྱིབས་མ་འདྲ་བ་མ་ཟད་རོལ་མོ་དཀྲོལ་སྟངས་ཡང་མི་འདྲ། རྒྱ་གླིང་དཀྲོལ་སྐབས་དམིགས་གསལ་གྱི་དཀྲོལ་སྟངས་དབུགས་སྒོམ་པ་དང་གླུ་ཞིག་མགོ་ནས་མཇུག་བར་མཚམས་མ་ཆད་པར་དཀྲོལ་ཐུབ། སུར་རྣ་འབུད་སྐབས་དབུགས་བརྗེ་རེས་རྒྱག་དགོས། ཤོན་གྱི་འཁྲབ་སྟངས་དང་རུ་དབྱིབས་གླུ་གར་གྱི་ཆགས་ཚུལ་ལམ་གྲུབ་ཆ་སོགས་ཀྱི་ནང་ཨེ་ཤ་ཡ་ནུབ་རྒྱུད་དབྱི་སི་ལིན་སྒྱུ་རྩལ་གྱི་ཐད་རང་སོར་བཞག་ཡོད། ཤོན་འཁྲབ་སྐབས་དབྱིབས་ནི་འཕྲེད་དང་གསེག་སྦྲུལ་དབྱིབས་སོགས་དང་འདྲ་པོ་ཡོད། རུ་དབྱིབས་འདི་ལྟ་བུ་བོད་ཀྱི་ཞབས་བྲོ་གཞན་ནང་ཧ་ཅང་ཉུང་། ཡིན་ཡང་དབྱི་སི་ལིན་གླུ་གར་ནང་ཡོངས་ཁྱབ་དར་ཡོད་པ། འོན་ཀྱང་ཤོན་གླུ་གར་འཁྲབ་སྐབས་རྐེད་པ་སྨད་དང་ལག་ཞོར་རྐང་འཁྲབ་ཀྱི་འཁྲབ་སྟངས་ནི་བོད་ཀྱི་ཞབས་བྲོ་གཞན་དང་ཁྱད་པར་ཧ་ཅང་ཆེ། གཞས་མ་གཏམ་གྱི་གྲུབ་ཚུལ་དང་རོལ་མོའི་ཉམས་འགྱུར་སོགས་ཀྱི་ཐད་ལ་ཕྱི་ཡོང་རིག་གནས་ཀྱི་ཁྱད་ཆོས་དང་ཤན་ཞུགས་པ་ད་དུང་མང་པོ་ཡོད། བོད་རང་ས་རང་ཡུལ་དུ་ཡོད་པའི་གླུ་གར་མང་ཆེ་བར་གླུ་གར་གཅིག་ལ་གདངས་གཅིག་དང་དུམ་བུའི་བར་ཚིག་མི་འདྲ།

     ཤོན་འདི་ཡང་གུ་གེ་རྒྱལ་རབས་སྐབས་དར་ཁྱབ་དུ་སོང་བ་ན་དེང་གི་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་སུ་མུ་མཐུད་ནས་ཤོན་འཁྲབ་སྲོལ་ཡོད་པའི་གནད་དེར་དེ་ཙམ་གྱི་དོགས་འདྲི་བྱེད་དོན་མེད། རྒྱ་གར་གྱི་མཁས་པ་ཆེན་པོ་ཇོ་བོ་རྗེ་མངའ་རིས་སུ་ཕེབས་སྐབས་ཀྱི་རྟེན་འབྲེལ་སྒྱུ་རྩལ་ཞིག་ཡིན་པའི་ཆ་ནས་ཆོས་ཕྱོགས་ཀྱི་ཐད་ནས་འགྲེལ་བཤད་ཇེ་མང་ཞིག་རྒྱག་ངེས་ལ་དེར་བརྟེན་ནས་སྒྱུ་རྩལ་གྱི་རྣམ་གྲངས་དེར་སློབ་སྦྱོང་བྱས་ཏེ་ཡུལ་གཞན་དུ་དར་སྤེལ་བཏང་ཞེས་བརྗོད་ནའང་མི་སྲིད་པ་མེད། དེ་བས་མངའ་རིས་ཕུད་པའི་ཡུལ་གཞན་ད་དུང་དཔེར་ན་འབྲི་གུང་དགོན་པའི་ཆོས་ཕྱོགས་སུ་སྤྱོད་པའི་མཛད་སྒོའི་རྣམ་གྲངས་ཤིག་ཏུ་འགྱུར་བར་ཡང་ད་ལྟ་མཐོང་མུས་སུ་ཡོད། དེ་ལྟར་ཆོས་ཕྱོགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་དར་སྤེལ་བྱུང་བ་ལ་ཕྱིས་སུ་རིམ་བཞིན་ཡུལ་སྲོལ་གོམས་གཤིས་སུ་གྱུར་ནས་ཡུལ་དེའི་མི་རྣམས་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཙམ་མ་ཡིན་པར་དུས་ཆེན་སྐབས་འཁྲབ་སྟོན་བྱེད་པའི་བྱེད་སྒོའི་རྣམ་གྲངས་གལ་ཆེན་ཞིག་ཏུ་འགྱུར་བ་ཡིན་ངེས། དེ་འདྲའི་ཆོས་ལུགས་ཀྱི་བྱེད་སྒོ་དམངས་ཁྲོད་ཡུལ་སྲོལ་དུ་དར་བའི་རིགས་ནི་རང་ཅག་ཚོར་མཚོན་ན་ཡ་མཚན་སྐྱེ་དགོས་པའི་གནད་ཅིག་མ་རེད། ཁང་པའི་སྟེང་འཛུགས་པའི་དར་ལྕོག་དེའང་ཐོག་མ་དམག་གི་ཚུལ་ལས་ཕྱིས་ཆོས་ལུགས་ཀྱི་བསམ་བློ་ལ་བསྟུན་ནས་ཆོས་ཀྱི་ཚུལ་དུ་འགྱུར་བ་དེ་དག་ལས་རྟོགས་ཐུབ། དེ་བས་ཤོན་དེ་ལོ་རྒྱུས་ཀྱི་དུས་རིམ་དེ་དག་ཁྲོད་མི་ཉམས་པར་ད་བར་ང་ཚོའི་མིག་ལམ་དུ་གནས་ཐུབ་པའི་མཛད་རྗེས་དེ་ཆོས་ལུགས་ཤུགས་རྐྱེན་ཐེབས་པས་ཡིན་ངེས་ལ་ཆོས་ལུགས་ཀྱི་བསམ་བློའི་སྟོབས་ཤུགས་ཤིག་ཀྱང་རེད།

     དེ་བས་ཤོན་གླུ་གར་འདི་མངའ་རིས་ས་ཁུལ་ལས་དང་ཐོག་རྩ་མདའ་རྫོང་ཁོངས་སུ་དར་ཐུབ་པ་དེའང་བོན་ཆོས་ཀྱི་ཤན་ཤུགས་དང་བྲལ་ཐབས་མེད་པ་ཞིག་རེད་འདུག་སྙམ། རྒྱུ་མཚན་གང་ཡིན་ཟེར་ན། གུ་གེ་གནའ་ཤུལ་གྱི་ལྡེབས་རིས་ཤིག་གི་ཐོག་རྒྱབ་གོས་དམར་པོ་གྱོན་པ་དང་ལག་གདང་འབྲེལ་བའི་གཞོན་ནུ་མ་བཅུས་ཤོན་འཁྲབ་བཞིན་ཡོད་པའི་སྣང་ཚུལ་བཀོད་པ་རེད། གུ་གེ་གནའ་ཤུལ་གྱི་དོ་དམ་པ་པ་སངས་ཚེ་རིང་གིས“འདི་ནི་མངའ་རིས་ཀྱི་སྐད་གྲགས་ཆེ་བའི་ཤོན་ཟེར་བ་དེ་ཡིན་པ་དང་ད་བར་ལོ་ངོ་གསུམ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་ཅིང་བོད་ཀྱི་བོན་ཆོས་རིག་གནས་ཁོངས་སུ་རྟོགས་ཀྱི་ཡོད”[11] ཅེས་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་བཀོད་ཡོད། གཞན་འཕྲིན་ལས་མཐར་ཕྱིན་གྱིས“ལོ་ངོ་དུང་ཕྱུར་དུ་མའི་གོང་ཁུ་ནུ་རི་བོ་དང་ཧི་མ་ལ་ཡའི་རི་རྒྱུད་ལ་འཕོ་འགྱུར་ཆེན་པོ་བྱུང་བའི་དབང་གིས་མཚོ་བོད་ས་མཐོའི་ཐོག་ཏུ་གྱུར་བའི་མངའ་རིས་ས་མཐོ་དེ་རིམ་གྱིས་ཆགས་པ་དང་དེར་ཚང་མས“འཛམ་གླིང་ཡང་སྟེང་གི་རྩེ་ཐོག”ཅེས་འབོད། དེ་ནི་སྤྱིར་ཞང་ཞུང་ཤེས་རིག་གི་འབྱུང་ཁུངས་ཡིན་པ་དང་ཡང་སྒོས་བོད་ཀྱི་གནའ་བོའི་རིག་གནས་ཀྱི་སྲོག་ཤིང་ལྟ་བུར་གྱུར་པའི་བོན་པོའི་ཆོས་ལུགས་ཀྱི་ཁྱིམ་གཞི། བོད་རྒྱུད་ནང་བསྟན་གྱི་བསྟན་པ་ཕྱི་དར་སྐབས་ཀྱི་འདུལ་བ་སྟོད་རྒྱུད་དབུ་བརྙེས་ས། བོད་ཁ་བ་ཅན་གྱི་གལ་འགངས་ཤིན་ཏུ་ཆེ་བའི་གཞུང་སྒོ་ཡིན་ལ་བདག་སྐྱེད་མའི་པང་དུ་འཚར་ལོངས་བྱེད་སའི་གཅེས་པའི་ཕ་ཡུལ་དེའང་ཡིན”[12] ཅེས་གསུངས་ཡོད། དེར་བརྟེན་རང་ཉིད་ཀྱི་ལྟ་བ་ཡང་བོད་ཀྱི་བོན་ཆོས་རིག་གནས་དང་འབྲེལ་བ་ཧ་ཅང་དམ་པོ་འདུག་སྙམ། དེང་གི་ཤོན་གླུ་གར་དེ་དེང་སང་རྒྱལ་ཁབ་ཀྱི་མངོན་མིན་ཤུལ་བཞག་རིག་གནས་གི་ཁོངས་སུ་གཏོགས་ནས་མ་དངུལ་ཇེ་མང་བཏང་ཞིང་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་བྱེད་པར་ཤུགས་སྣོན་རྒྱག་བཞིན་ཡོད། ད་ལྟ་རྒྱུན་འཛིན་པ་གཙོ་བོ་གུ་གེ་གནའ་ཤུལ་དང་རྒྱང་ཐག་སྤྱི་ལེ༡༧ཆོད་པའི་རྩ་མདའ་རྫོང་ཁོངས་སུ་ཞུགས་པའི་བགྲེས་སོང་སྒྲོལ་དཀར་ནི་ཤོན་གྱི་རྒྱུན་འཛིན་པ་ཞིག་ཡིན། གཞན་ཡང་ཤོན་གྱི་འཁྲབ་སྲོལ་དེ་བོན་ཆོས་དང་འབྲེལ་བ་ཆེན་པོ་ཡོད་ཅེས་བརྗོད་དོན་ནི་ཞང་ཞུང་དུས་རབས་སྔོན་ནས་ཤོན་འདི་ཡོད་ཅེས་བརྗོད་རུང་མི་ཆོག་པ་མེད་ལ། དེང་རྩོམ་གྱི་ཁྲོད་དུའང་བོན་ཆོས་བསྟན་པའི་རྩ་ལག་ཁྱུང་ལུང་དངུལ་མཁར་ཞེས་འབྲི་སྲོལ་འདུག  ད་ལྟའི་དབྱི་སི་ལིན་རྒྱལ་ཁབ་པ་ཅི་སི་ཐན་ནི་སྔོན་ཆད་སྟོད་མངའ་རིས་སྐོར་གསུམ་གྱི་ཡ་གྱལ་གཅིག་ཡིན་པ་དང་སྔོན་ཆད་པ་ཅི་སི་ཐན་ལ་པ་ཏི[13]ཞེས་བརྗོད། པ་ཏི་ནི་ཞང་ཞུང་མངའ་ཁོངས་ཡིན་དུས་ནས་ཤོན་འདི་ཡོད། འོ་ན་ཤོན་འདི་ཡང་སྙིང་གང་ནས་བྱུང་ཞེ་ན། སྔོན་ཆད་ཀྱི་སྟོད་མངའ་རིས་སྐོར་གསུམ་དང་ཞང་ཞུང་དུས་སྐབས་ནས་ཡོད་ཅེས་ངོས་འཛིན་ཡང་དག་བྱེད་ཆོག

གསུམ་པ། ཤོན་གྱི་ཁྱབ་ཁོངས།

     མངའ་རིས་སུ་ཤོན་འཁྲབ་ཡུལ་ཁྱབ་ཁོངས་རྒྱ་ཆེ་ས་ནས་གཙོ་བོ་རྩ་མདའ་རྫོང་ཁོངས་སུ་གཏོགས་པའི་གུ་གེའི་ཤོན་དང་རུ་ཐོག་རྫོང་ཁོངས་སུ་གཞུང་གླུ་བཅུ་གསུམ་དང་ཀྱོག་གླུ་བཅོ་བརྒྱད། སྤུ་ཧྲེང་གི་ཤོན་བཅས་ཡོད་ཅིང་། ཁྱབ་ཁོངས་ཆུང་ས་ནས་སྡེ་བའམ་རུ་ཁག་ཕན་ཚུན་བར་གྱི་ཤོན་འཁྲབ་སྲོལ་ཡང་ཅུང་ཟད་མི་འདྲ། མ་གཞི་མངའ་རིས་ཡུལ་གྲུ་སོ་སོར་འཁྲབ་རྒྱུ་ཡོད་པའི་ཤོན་ཞབས་བྲོ་རྣམས་རྨང་གཞི་གཅིག་པ་ཡིན་ན་ཡང་། གདངས་ཀྱི་འགྱུར་ཁུགས་དང་གོམ་པའི་འདེགས་འཇོག་སོགས་ཀྱི་ཐད་ཅུང་ཟད་མི་འདྲ་བའི་ཁྱད་པར་ཡོད། དེ་ནི་དར་ཁྱབ་འགྲོ་བའི་བརྒྱུད་རིམ་ཁྲོད་འགྱུར་བ་ཕྱིན་པ་ཡིན་ཤས་ཆེ། དེ་བས་སྔར་གྱི་ཤོན་གྱི་འབྱུང་ཁུངས་དེ་གུ་གེ་རྒྱལ་རབས་ལ་ཆ་བཞག་ནས་བཤད་པས་ཁྱབ་རྒྱ་ད་ལྟའི་ལྡབ་གཅིག་ལྷག་ཆེ་བ་ཡོད་ངེས། དེ་བས་དུས་ཕྱིས་སུ་རིམ་བཞིན་ལོ་རྒྱུས་ཀྱི་ཁྲོད་ཉམས་ཉེས་མང་པོ་བྱུང་བ་ལ་བཅིངས་གྲོལ་ཡས་མས་དང་རིག་གསར་སྐབས་ལོ་སུམ་ཅུ་ཙམ་གྱི་རིང་ཕལ་ཆེར་ཞབས་བྲོའི་རིགས་འཁྲབ་མི་ཆོག་པ་ལྟར་མེད་པར་གྱུར། ལོ་ངོ་དེ་ཙམ་མང་པོ་ཞིག་གི་རིང་འཁྲབ་མཁན་ནམ་རྒྱུན་འཛིན་བྱེད་མཁན་བྱུང་མེད་ཀྱང་རྩ་བ་བརྟན་ནས་འཇིག་མེད། དེའང་ཆོས་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་ཆེན་པོ་ལྡན་པའི་སྒྱུ་རྩལ་ཞིག་ཡིན་རྒྱུ་རེད་སྙམ། ཕྱིས་སུ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ས་གནས་སྲིད་གཞུང་སོ་སོ་ནས་མུ་མཐུད་དུ་རྒྱུད་འཛིན་བྱེད་དགོས་པའི་གལ་ཆེན་རང་བཞིན་དང་སྦྲགས་དོ་སྣང་བྱེད་མགོ་ཚུགས་ཡོད། དེ་ཙམ་མ་ཟད་ཤོན་གྱི་བྲོ་གར་དེ་ནི་སྔར་ཆོས་བྱེད་ཀྱི་མི་སྣའི་བྱེད་སྒོ་དང་མི་དྲག་སོགས་ཕེབས་བསུའམ་ཕེབས་སྐྱེལ་བྱེད་པར་འཁྲབ་པ་ལས་མི་དམངས་ཀྱིས་ཇི་ལྟ་བུའི་ལྟ་འདོད་པའི་གོ་སྐབས་དཀོན།ཡིན་ནའང་དེང་གི་སྤྱི་ཚོགས་འཕེལ་རྒྱས་དང་དབང་མཐོ་དམན་དབྱེ་བ་ཅུང་ཆུང་བས་སྡེ་པ་གཅིག་ལ་ཆ་བཞག་ན། འདི་ལོ་ལོ་ཏོག་འབྲས་བཟང་ལ་རྟེན་འབྲེལ་གྱི་ཤོན་གྱིས་ཞབས་བྲོ་འཁྲབ་མཁན་གདན་ཞུ་བྱས་ནས་ལོ་ནས་ལོ་བར་མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་མེད་པའི་ཞི་བདེའི་འཚོ་བར་རེ་སྨོན་གྱིས་ཁེངས་ཡོད།དེ་དང་བསྟུན་ནས་ཤོན་ཞེས་པའི་དམངས་ཁྲོད་བྲོ་གར་འདི་ཁྱབ་རྒྱ་ཇེ་ཆེར་སོང་སྟེ་མང་ཚོགས་ཚང་མས་དགའ་བསུ་གང་མང་ཐོབ་པའི་རིག་རྩལ་ཞིག་ཏུ་གྱུར།

     གཞན་ད་དུང་ལྷ་སའི་ཁུལ་དུ་དར་བའི་མལ་གྲོའི་ཤོན་དང་འབྲི་གུང་གི་ཤོན། མ་ཟད་འབྲི་གུང་དགོན་དང་ཐག་ཉེ་བའི་ཡུལ་གྲུ་ཁག་དུའང་ཤོན་ཞབས་བྲོ་འདི་འཁྲབ་པའི་སྲོལ་ཡོད་སྐད། མ་གཞི་ཤོན་དེ་དག་བྱེ་བྲག་གི་ཆ་ནས་ཁྱད་པར་ཆེན་པོ་ཡོད་ཀྱང་། སྤྱིའི་ཆ་ནས་གལ་ཆེའི་ཆོས་སྲིད་ཀྱི་དགའ་སྟོན་མཛད་སྒོ་དང་དུས་ཆེན་ཁག་ལ་ཤོན་ཞབས་བྲོ་འཁྲབ་པའི་སྲོལ་རྒྱུན་ཆགས་ཡོད་པ་ནི་གཅིག་མཚུངས་ཡིན་ངེས། དེའི་ནང་འབྲི་གུང་ཤོན་ཟེར་བ་དམངས་ཁྲོད་དུ་དར་ཁྱབ་ཅུང་ཆེ་བ་བྱུང་ཡོད།དཔེར་ན་ཙེ་བ་རླབས་པ་དང་རྫོང་ཞོལ།གཞོ་སྨད་སྤྲོ་ལུང་། བོད་སྟོད་སོགས་ཀྱི་ས་ཁུལ་སོ་སོར་ཤོན་ཞབས་བྲོ་འཁྲབ་སྲོལ་ཡོད་ཅིང་། འབྲི་གུང་གི་ཁྲི་ཕེབས་ལ་སོགས་པ་གལ་ཆེ་རྣམས་ཙེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་དུ་གནང་གི་ཡོད།དཔེར་ན་གཞོ་སྨད་སྤྲོ་ལུང་གི་ཤོན་ཞབས་བྲོ་ཡང་དེ་ལྟ་བུའི་དམིགས་གསལ་གལ་ཆེན་གྱི་དུས་ཆེན་ལ་བསུ་བ་བྱེད་ཀྱིན་ཡོད།

     དེ་ན་ད་ལྟའི་རང་ཅག་གི་ཤོན་གྱི་ཁྱབ་ཁོངས་དེ་མངའ་རིས་ཙམ་མ་ཡིན་པར་དབུས་ཀྱི་ས་ཆ་ཉུང་ཤས་ལའང་དར་ཁྱབ་སོང་ཡོད་པས་སྔར་གུ་གེ་རྒྱལ་རབས་སྐབས་ནང་བཞིན་ཁྱབ་རྒྱ་མི་ཆེ་ནའང་དེང་དུས་ཀྱི་འཕེལ་འགྱུར་ཁྲོད་ཁྱབ་རྒྱ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། འོན་ཀྱང་ད་ལྟའི་རང་ཅག་གི་ཤོན་གྱི་ཁྱབ་ཁོངས་འདི་དེང་རབས་ཀྱི་སྒྱུ་རྩལ་གཞན་དང་བསྡུར་ན་ཁྱབ་ཁོངས་ཧ་ཅང་ཆུང་བར་མ་ཟད་ཉམས་རྒུད་ནས་དར་སྤེལ་རྒྱུན་འཛིན་གཏོང་བའི་ཁྱབ་ཁོངས་ཤིག་ཏུ་གནས་ཡོད།

དོན་ཚན་གཉིས་པ། ཤོན་གྱི་འཁྲབ་སྟོན་རྣམ་པ་དང་ཤོན་གླུའི་ཁྱད་ཆོས།

དང་པོ། ཤོན་གྱི་འཁྲབ་སྟོན་རྣམ་པ།

     ཤོན་གྱི་འཁྲབ་སྟོན་རྣམ་པ་དེ་ལུས་ཀྱི་སྟངས་སྟབས་ཀྱི་ཆ་ནས་བཤད་ན་དེའི་གོམ་པའི་སྤོ་སྟངས་དང་དལ་ལྷོད། ལག་པའི་གཡུག་སྟངས་དང་བསྐོར་བ་རྒྱག་སྟངས་སོགས་ཞབས་བྲོའི་རྣམ་གྲངས་གཞན་དང་བསྡུར་ན་ཅུང་དལ་ཡང་། དེ་བས་ཡང་འཁྲུག་ཆ་དོད་དུ་འགྲོ་བའི་སྐབས་ཤིག་ཀྱང་ཡོད། ལུས་ཀྱི་སྟངས་སྟབས་དེ་ངག་གི་གདངས་དང་འཚམས་པར་སྤོ་དགོས་པས་གླུ་དབྱངས་ཀྱི་དལ་མགྱོགས་ལ་བལྟོས་ནས་སྟངས་སྟབས་ཀྱི་དལ་མགྱོགས་ལ་འགྱུར་བ་འགྲོ་བ་ཡིན། གོམ་སྟབས་ཀྱི་སྤོ་ཚུལ་དེ་ལས་སྐྱེས་པའི་ཉམས་ཚུལ་ཤིག་དང་བུད་མེད་ཀྱི་རང་གདངས་ཤིག་ཀྱང་ཐོན་པར་བྱེད་ཐུབ་ཚེ་ཤོན་ཞབས་བྲོའི་ཐད་བྱང་ཆུབ་པའི་རྟགས་ཡིན། ཤོན་གྱི་སྟངས་སྟབས་དང་འཁྲབ་སྟོན་ཐད་སྔོན་ཆད་དང་དེང་དུས་འགྱུར་བ་ཧ་ཅང་ཆེ། སྔོན་ཆད་ཤོན་འཁྲབ་སྟོན་པ་ལ་རེ་བ་ནན་པོ་ཡོད། མགོ་འཁྲིད་མཁན་གྱི་བུ་གཅིག་ལས་ཚང་མ་བུད་མེད་ཀྱི་འཁྲབ་སྟོན་བྱས་པ་དང་འཁྲབ་སྟོན་པ་ཚང་མ་རྒྱུན་འཛིན་པ་ཡིན་པ་ལས་མི་གཞན་གྱིས་གང་བྱུང་དུ་འཁྲབ་མི་རུང་། འོན་ཀྱང་དེང་དུས་ནི་འདི་ལྟ་བུའི་རེ་བ་མེད་དེ། འཁྲབ་འདོད་པའི་མི་སུ་ཡིན་ཡང་འཁྲབ་རུང་ལ་དེང་དུས་སྔོན་ཆད་དང་བསྡུར་ན་འཁྲབ་བཟོ་ལེགས་པ་དང་གླུ་གར་ཡང་ཇེ་ཉུང་དུ་ཕྱིན་ཡོད། ཤོན་ཞབས་བྲོ་འཁྲབ་པ་ནི་བོད་ཀྱི་ཞབས་བྲོ་གཞན་དང་མི་མཚུངས་བར་བྲོའི་སྟངས་སྟབས་ཅུང་དལ་བ་དང་།བྲོའི་འཁྲབ་རིམ་གསལ་བ།རིམ་བཞིན་འཕེལ་བ་དང་། ཁུ་སིམ་དལ་ལྷོད་ངང་བརྗོད་མི་ཤེས་པའི་སྒྱུ་རྩལ་གྱི་སྤྲོ་སྣང་ཁྱད་མཚར་ཞིག་སྦྱིན་པར་བྱེད་ནུས་པའི་ཞབས་བྲོ་ཞིག་ཡིན།

     ཤོན་འཁྲབ་སྐབས་ཀྱི་རུ་སྒྲིག་སྟངས་དང་འཁྲབ་སྟོན་པ་ཕན་ཚུན་བར་ལག་པ་བསྲིངས་སྟངས་ཀྱི་ཐད་ཤོན་འཁྲབ་སྐབས་སུ་འཁྲབ་སྟོན་གྱི་རུ་ནི་སྦྲུལ་ལམ་ཡང་ན་དབྱིན་ཡིགsདང་འདྲ་བ་དང་། འཁྲབ་སྟོན་པ་རྣམས་ཀྱི་ལག་པ་འཕྱང་སྟངས་ཡང་བོད་ཀྱི་གླུ་གར་གཞན་དང་མི་འདྲ། བོད་ཀྱི་ཞབས་བྲོ་གཞན་ལག་པ་འཕྱང་སྐབས་སྤྱིར་འཁྲབ་སྟོན་པ་ཚོའི་ལག་པ་ཕན་ཚུན་ཐད་ཀར་འཇུ་བ་དང་། ཤོན་འཁྲབ་སྐབས་འཁྲབ་སྟོན་པ་ཚོའི་ལག་པ་ཕན་ཚུན་བསྣོན་ནས་འཁྲབ་སྲོལ་ཡོད་པས་དཔེར་ན་དབྱིན་ཡིག་གི་ཡི་གེxདང་འདྲ།

ཤོན་འཁྲབ་སྐབས་ཡུལ་དུས་ཐད་ནས་བཤད་ན། དེང་དུས་མངའ་རིས་ཤོན་ནི་ལོ་གསར་དང་ཞང་ཞུང་རིག་གནས་སྒྱུ་རྩལ་ཚོགས་པ། དེ་མིན་རྟེན་འབྲེལ་གྱི་མཛད་སྒོ་ཁག་ལ་འཁྲབ་ཀྱིན་ཡོད་པ་རེད། དཔེར་ན་སྤུ་ཧྲེང་ཕྱོགས་སུ་འཁོར་ཆགས་ནམ་མཐོང[14]ཞེས་པའི་རྟེན་འབྲེལ་གྱི་མཛད་སྒོ་ཆེན་པོ་ཞིག་སྤེལ་གྱི་ཡོད་པས་དེའི་སྐབས་ཤོན་འདི་འཁྲབ་སྲོལ་ཡོད། གཞན་ད་དུང་བག་ལེན[15]གྱི་རྟེན་འབྲེལ་མཛད་སྒོ་སོགས་ལ་ཤོན་འཁྲབ་པའི་སྲོལ་དར་ཁྱབ་ཧ་ཅང་ཆེ། སྔོན་ཆད་ཀྱི་ཤོན་ནི་གཙོ་བོ་སྐུ་དྲག་ཕན་ཚུན་བར་འགྲོ་འོང་བྱེད་སྐབས་རྟེན་འབྲེལ་མཚོན་བྱེད་དུ་འཁྲབ་པའམ་ཡང་ན་དགོན་པའི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་གལ་ཆེན་སྤེལ་སྐབས་སུ་ཤོན་འཁྲབ་པའི་ལུགས་སྲོལ་ཡོད། ལོ་གསར་གྱི་དུས་སུ་ཤོན་འཁྲབ་སྐབས་སྔོན་ཆད་དང་ད་ལྟ་གཅིག་མཚུངས་ཡིན། མི་འདྲ་ས་ནི་འཁྲབ་མཁན་དང་ལྟ་མཁན་གཉིས་ཡིན། ལྟ་མཁན་ནི་མང་ཚོགས་ཚང་མ་དང་འཁྲབ་མཁན་ནི་རང་གི་དགའ་ཕྱོགས་དང་བསྟུན་པའི་འཁྲབ་མཁན་རྣམས་ཡིན། དེའང་སྔོན་ཆད་ཀྱི་ཤོན་དང་ད་ལྟའི་ཤོན་བར་ཡུལ་དུས་ཀྱི་ཁྱད་པར་མི་ཉུང་བ་ཞིག་འདུག

གཉིས་པ། ཤོན་གླུའི་ཁྱད་ཆོས།

༡.བརྗོད་བྱ་དོན་གྱི་ཁྱད་ཆོས།

     ཤོན་གླུའི་བརྗོད་བྱ་ལ་མང་དག་གཅིག་དྲིན་ཆེན་རྩ་བའི་བླ་མ་དང་དཔོན་པོ་སོགས་ལ་བསྟོད་པ་འཕུལ་ནས་མཛད་རྗེས་ལ་ཡིད་རངས་བྱེད་པའི་ལྷད་མེད་ཀྱི་བསམ་པའི་བརྩེ་དུང་འཛིན་སྟངས་མཚོན་པར་བྱས་ཡོད་ཅིང་། ད་དུང་དེའི་ནང་མི་རིགས་རང་གིས་གུས་ལུགས་དང་དམངས་སྲོལ།དུས་སྟོན་སོགས་ནང་དོན་འདུས་ཡོད་པ་རེད། འདི་ནས་ཤོན་ཞེས་པའི་ཁྱད་ཆོས་གཙོ་བོ་ནི་ལུས་ཀྱི་སྟངས་སྟབས་ཕྱོགས་ནས་བརྗོད་པ་ཡིན་ཏེ་ཞབས་བྲོའི་ཆ་ནས་ཤོད་ཀྱི་ཡོད། འོན་ཀྱང་ཤོན་འདི་ལྐུགས་པའི་ཟློས་གར་ལྟར་ངག་ནས་ཅི་ཡང་འདོན་རྒྱུ་མེད་པའང་མ་ཡིན་ཏེ་ངག་ནས་འཇམ་དལ་གྱི་གླུ་རིགས་མི་འདྲ་བ་སྣ་ཚོགས་ལེན་རྒྱུ་ཡོད། དེ་བས་རྩོམ་རིག་ཀྱི་ཁྱད་ཆོས་སམ་རིན་ཐང་གླེང་ན་ངག་གི་གླུ་དབྱངས་ལས་གླུ་དབྱངས་ཀྱི་བརྗོད་བྱེད་གཉིས་ཀྱི་ཆ་ནས་བཤད་ན་ལེགས་བསམ། བརྗོད་བྱའི་ཐད་སྔར་ནས་བཤད་ཟིན་ཀྱང་དེ་ཙམ་གྱི་ག་ལ་ཚད། རྩོམ་རིག་གང་རུང་དེའི་འཕེལ་རྒྱས་ལའང་སྐུལ་འདེད་ཆེན་པོ་ཐེབས་ཡོད། རང་ཅག་བོད་དུ་ཆེས་དར་བའི་རྩོམ་རིག་གི་བརྗོད་བྱའི་རྣམ་པ་ནི་བསྟོད་རྩོམ་གྱི་གྲས་ཡིན། བསྟོད་རྩོམ་འདི་དག་དར་བ་ལས་བརྗོད་བྱའི་རྣམ་པ་ཇེ་མང་དུ་འགྲོ་ཆེད་འུར་བརྗོད་དང་སྒྲོ་བཏགས་ཀྱི་རྩོམ་ཐབས་དག་རིམ་གྱིས་འབྱུང་། དེ་བས་ཤོན་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡིན་ཀྱང་གང་ཞིག་དགེ་བའི་རྩ་བའི་བླ་མ་རིན་པོ་ཆེ་ལ་བསྟོད་པའི་ཆེད་དུ་བརྩམས་པར་གྲགས་པ་ནའང་བསྟོད་རྩོམ་གྱི་ཁྱད་ཆོས་སམ་རང་བཞིན་དེ་ལས་མ་འདས།

     ཤོན་གྱི་གླུ་ཚིག་ནི་དུས་རབས༡༧སྐབས་དགའ་ལྡན་ཕོ་བྲང་གི་སྲིད་དབང་རྒྱལ་དབང་སྐུ་ཕྲེང་ལྔ་བར་རྩིས་སྤྲོད་སྐབས་གླུ་གར་རོལ་བའི་སངས་རྒྱས་ཆོས་དགེ་འདུན་བཅས་དཀོན་མཆོག་གསུམ་ལ་བསྟོད་པ་དང་རྒྱལ་དབང་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་དང་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་དགའ་ལྡན་ཕོ་བྲང་གི་སྲིད་དབང་མཆོད་བྱིན་བདག་པོ་གུ་ཧྲི་ཧན་ལ་ཕུལ་བའི་གཞས་ཚིག་ཡིན་ཞེས་ལ་ལས་བརྗོད་ཀྱི་ཡོད་ཀྱང་དེ་ལྟར་ཕྱོགས་ལྷུང་གི་ལྟ་བ་འཛིན་མི་རུང་ལ། དེ་བས་ཤོན་གྱི་ལོ་རྒྱུས་ནི་དུས་རབས་བཅུ་བདུན་སྐབས་བྱུང་ཙམ་མ་ཡིན་པར་དེ་བས་སྔ་བར་གཏུགས་རྒྱུ་ཡོད་པས་དུས་རབས་བཅུ་བདུན་སྔོན་གྱི་ཤོན་ལ་གླུ་ཚིག་མེད་པ་ཨེ་རེད། དེར་བརྟེན་རྒྱལ་དབང་ལྔ་བ་ཆེན་པོའི་སྐབས་ཤོན་འཁྲབ་པ་དེ་ལས་ཤོན་དེ་བོད་ཀྱི་སྒྱུ་རྩལ་དོ་རྭའི་ཁྲོད་ཀྱི་གོ་གནས་དང་རིན་ཐང་མཚོན་ཐུབ་པ་ལ་དེ་བས་ཁོང་གི་སྐབས་སུ་ཤོན་གྱི་གླུ་ཚིག་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་དང་གཅིག་གྱུར་གྱི་རྣམ་པ་ཅན་ཞིག་ཏུ་འགྱུར་ཡོད་པ་ཡིན་ངེས།

༢.རྗོད་བྱེད་ཚིག་གི་ཁྱད་ཆོས།

     རྗོད་བྱེད་ཆ་ནས་བཤད་ན་ཚིག་སྦྱོར་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ངག་གི་གདངས་རིང་པོ་དང་འཕྲད་ཚེ་བློ་སེམས་གཉིས་ཀྱི་ཆ་ནས་དད་གུས་བྱེད་པའི་དྭངས་སེམས་ཀྱི་རང་བཞིན་མཚོན་པར་བྱེད་ཐུབ་ཅེས་མི་རྣམས་ཀྱིས་བཤད་པ་དང་འདྲ་བར་འདུག དེ་བས་འདིའི་ཚིག་སྦྱོར་སྤེལ་སྟངས་ལའང་སྙན་ངག་གི་ཉམས་ཕུན་སུམ་ཚོགས་པར་འདུག དེ་སྡེབ་སྦྱོར་གྱི་དྲི་མས་མ་གོས་པར་དབྱངས་ཀྱི་གདེངས་འཇོག་དང་བསྟུན་ནས་ཚིག་སྦྱོར་སྒྲིག་པ་ནི་སྙན་པའི་རྒྱུ་རུ་འགྲོ་བའི་ཁྱད་ཆོས་ཡིན། དེ་བས་གང་ལ་བསྟོད་པའི་གཞི་དེར་དཔེ་མང་པོ་མ་བཤད་པར་དེའི་ཁྱད་ཆོས་ངོ་མ་བཤད་ནས་བསྟོད་པར་བྱེད་ཀྱི་ཡོད་པ་དང་དེ་སྐོར་མི་དགོས་པར་ཐད་ཀར་བརྗོད་གཞིར་འདྲེན་ཐུབ་པའི་རང་བཞིན་ཞིག་འདུག དེ་བས་འདི་ལྟར་བསྟོད་ན་འུད་བརྗོད་དང་སྒྲོ་བཏགས་ཀྱི་ཆ་ཇེ་ཉུང་དུ་འགྲོ་བས་རྩོམ་རིག་གམ་ཡང་ན་སྐབས་དེ་དུས་ཀྱི་སྤྱི་ཚོགས་དངོས་ཀྱི་བདེན་པའི་རང་བཞིན་འབུར་དུ་ཐོན་པར་བྱེད་ཀྱི་འདུག་སྟེ། དཔེར་ན། དེང་སྐབས་ཀྱི་མངའ་རིས་མཐོ་ལྡིང་ཤོན། (托林宣)ནུ་མོ[16]རྒྱབ་རི་བཟང་པོ་ཞེས་པའི་གླུ་ཚིག་སྟེ།

           ༄༅།།ནུ་མོ་རྒྱབ་རི་བཟང་པོ།ནུ་མོ་རྒྱབ་རི་བཟང་རི་བཟང་པོ་སྟེང་ཕྱོགས་ལྷ་ལ་བསྐྱོད།

           བསོད་ནམས་གྲགས་པ་དེ་སྟེང་ཕྱོགས་ལྷ་ལ་བསྐྱོད།ནུ་མོ་ང་སེམས་པ་དཀར་ར་དེ་དཀར་ན་སོ།

           དཀར་པོ་ང་རང་སེམས་དཀར་བའི་དཀར་ན་སོ།གསེར་རེ་བསོད་ནམས་གྲགས།

           དཔོན་ལ་དངུལ་རེ་བསོད་ནམས་གྲགས།དཔོན་ལ་གྲལ་མགོ་འདོན་པའི་དཔོན།

           དཔོན་ལ་སྙེན་མགོ་སྐྱོང་བའི་དཔོན།ནུ་མོ་ང་རྒྱབ་རི་བཟང་མོ་དེ་བར་ཕྱོགས་བཙན་ལ་བསྐྱོད།

           བསོད་ནམས་གྲགས་པ་དེ་བར་ཕྱོགས་བཙན་ལ་བསྐྱོད།ནུ་མོ་ང་སེམས་པ་དཀར་ར་དེ་དཀར་ན་སོ།

           དཀར་པོ་ང་རང་སེམས་དཀར་བའི་དཀར་ན་སོ།གསེར་རེ་བསོད་ནམས་གྲགས།

           དཔོན་ལ་དངུལ་རེ་བསོད་ནམས་གྲགས།དཔོན་ལ་གྲལ་མགོ་འདོན་པའི་དཔོན།

           དཔོན་ལ་སྙེན་མགོ་སྐྱོང་བའི་དཔོན།ནུ་མོ་ང་རྒྱབ་རི་བཟང་མོ་དེ་འོག་ཕྱོགས་ཀླུ་ལ་བསྐྱོད།

           བསོད་ནམས་གྲགས་པ་དེ་འོག་ཕྱོགས་ཀླུ་ལ་བསྐྱོད།ནུ་མོ་ང་སེམས་པ་དཀར་ར་དེ་དཀར་ན་སོ།

           དཀར་པོ་ང་རང་སེམས་དཀར་བའི་དཀར་ན་སོ།གསེར་རེ་བསོད་ནམས་གྲགས།

           དཔོན་ལ་དངུལ་རེ་བསོད་ནམས་གྲགས།དཔོན་ལ་གྲལ་མགོ་འདོན་པའི་དཔོན།

           དཔོན་ལ་སྙེན་མགོ་སྐྱོང་བའི་དཔོན།།[17]ཞེས་གླུ་ཚིག་འདི་ལྟ་བུར་ཆ་མཚོན་ན་ཚིག་སྦྱོར་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ངག་གི་གདངས་རིང་པོ་དང་འཕྲད་ཚེ་བློ་སེམས་གཉིས་ཀྱི་ཆ་ནས་དད་གུས་ཚད་མེད་སྐྱེས་པའི་དྭངས་སེམས་ཀྱི་རང་བཞིན་མཚོན་པར་བྱེད་ཐུབ་ཅིང་། གླུ་ཚིག་འགོ་ནས་མཇུག་བར་ཚིགས་སུ་བཅད་ཡོད་ཅིང་ཡིག་འབྲུའི་གྲངས་སྙོམས་མེད་ཀྱང་ཚིག་གི་སྡེབ་སྦྱོར་ལེགས་ཅིང་ཀློག་དུས་ཁ་ལ་བདེ་བ་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན་ཡོད།

གསུམ་པ། འཁྲབ་ཆས་ཀྱི་ཁྱས་ཆོས།

     ཤོན་འཁྲབ་སྐབས་ཀྱི་འཁྲབ་ཆས་ནི་བོད་ཀྱི་གླུ་གར་གཞན་འཁྲབ་སྐབས་ཀྱི་འཁྲབ་ཆས་དང་ཁྱད་པར་ཆེན་པོ་ཡོད། དབུ་རྒྱན་ནི་ད་ལྟའི་ལ་དྭགས་ཀྱི་དབུ་རྒྱན་དང་འདྲ་བས་དེ་ལས་བུད་མེད་ཀྱིས་དབུ་རྒྱན་གྱི་བུད་མེད་རང་གི་གདོང་པ་ཕྱེད་ཀ་ལྷག་ཙམ་ཞིག་བཀབ་ཡོད། སྟོད་ལྷེ་ཡང་བོད་ཀྱི་སྟོད་ལྷེ་གཞན་དང་བསྡུར་ན་རིང་བ་དང་ཚོན་མདོག་ཀྱང་སྣུམ་པ་ཡོད། སྐེ་རྒྱན་ནི་ད་ལྟའི་དཔའ་རིས་ཀྱི་སྐེ་རྒྱན་དང་འདྲ། བོད་ཀྱི་སྐེ་རྒྱན་མང་ཆེ་བ་ནི་རིང་བ་དང་བྲང་ཁོག་གི་མཚམས་སུ་ཡོད། འོན་ཀྱང་ཤོན་གྱི་སྐེ་རྒྱན་ནི་ཅུང་སྦོམ་པའི་དར་གོས་སྟེང་ནོར་བུ་རིགས་མང་པོས་གཟབ་མཆོར་ལེགས་པོ་སྤྲས་ནས་མ་ལེ་དང་སྒྲོག་རུས་བར་གྱོན་གྱི་ཡོད། ལྷམ་ནི་བོད་ཀྱི་ཟོམ་པ་གྱོན་ཞིང་ད་དུང་ཤོན་གྱི་འཁྲབ་སྟོན་པ་རྣམས་ལ་ཡར་པ[18]དང་ཡར་མ[19]ཞེས་ཆེད་སྤྱོད་ཀྱི་མིང་ཡང་ཡོད། དེར་བརྟེན་འཁྲབ་ཆས་ཀྱི་ཐད་ནས་ཡིན་ནའང་རིན་ཐང་གྲལ་བའི་དམིགས་གསལ་གྱི་ཁྱད་ཆོས་ལྡན་ཡོད།

དོན་ཚན་གསུམ་པ། ཤོན་གྱི་རིག་གནས་རིན་ཐང་།

     ཤོན་ཞེས་པའི་ཞབས་བྲོའི་རྣམ་གྲངས་འདི་ནི་བོད་མི་རིགས་ཀྱི་སྒྱུ་རྩལ་གཞན་དང་མི་འདྲ་བར་མཐོང་དཀོན་པའམ་ཁྱབ་རྒྱ་ཅུང་ཆུང་བའི་སྒྱུ་རྩལ་གྱི་རིགས་ཤིག་ཡིན། དེང་གི་འཆར་འདིའི་སྐོར་ལ་ཞིབ་འཇུག་བྱེད་པའི་ལས་གཉེར་བ་མང་དག་ཅིག་ཡོང་གི་འདུག་ལ་དེ་བས་གསར་འགྱུར་དང་ཚགས་པར་སོགས་གང་རུང་གི་ཐོག་ཏུ་འདིའི་སྐོར་གྱི་པར་གཞི་དང་ཞིབ་འཇུག་འབྲས་སུ་བཀོད་ནས་ཁྱབ་བསྒྲགས་བྱེད་བཞིན་འདུག དེ་བས་ཤོན་འདི་ནི་གནའ་རབས་ཀྱི་ཞབས་བྲོའི་ཉམས་འགྱུར་ལྡན་པའི་མི་རིགས་ཀྱི་སྒྱུ་རྩལ་རིག་གནས་མངོན་འགྱུར་བྱེད་པའི་མ་ལག་ཁྱད་འཕགས་ཅན་གྱི་ཞབས་བྲོ་ཞིག་རེད་ཟེར་ན་དེའི་ཤུགས་ལས་ཞབས་བྲོ་འདི་ལ་གཞན་ལས་ལྷག་པའི་ཁྱད་ཆོས་དང་འབུར་དུ་ཐོན་པའི་ཡོན་ཏན་ཇེ་མང་ཞིག་ལྡན་ཡོད་པའང་མཚོན་པར་བྱེད། དེ་བས་རྒྱལ་ཁབ་དང་མི་རིགས་ས་ཁུལ་གྱི་སྲིད་གཞུང་དང་རྗེས་རབས་པ་ཚོས་རིག་གནས་འདི་འདྲ་ཞིག་ལ་མཐོང་ཆེན་བྱས་ནས་འབད་པ་ཆེན་པོས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་འབད་དགོས་པའི་སྒྱུ་རྩལ་རང་ངོས་ཀྱི་རིན་ཐང་མི་ཉུང་བ་ཞིག་ཡོད་པར་བརྗོད་མི་དགོས། གཤམ་ནས་དེའི་རིན་ཐང་ཁག་གསུམ་ལ་དབྱེ་ནས་བསྡུས་བཤད་ཅིག་བྱེད་རྒྱུ་ཡིན།

དང་པོ། ཤོན་གྱི་རྩོམ་རིག་གི་རིན་ཐང་།

     རྩོམ་རིག་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་མི་རིགས་གི་འཚོ་བ་མཚོན་པའི་ཡིག་རིས་ངོས་སུ་ཕབ་པའི་སྒྱུ་རྩལ་ཞིག་ཡིན།དེ་བས་རྩོམ་རིག་ནི་མིའི་རིགས་འཕེལ་རྒྱས་ཀྱི་གོམ་འགྲོས་ལ་བསྟུན་ནས་འབྱུང་བའི་ཐོན་དངོས་ཤིག་ཡིན། མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་དང་ཁ་བྲལ་སོང་ན་རྩོམ་རིག་ལ་རྩོམ་རིག་གི་ཁྱད་ཆོས་མེད། བྱ་དངོས་གང་རུང་དེའི་རིན་ཐང་འཚོལ་དགོས་ན་ཐོག་མར་བྱ་དངོས་དེ་རང་ཡིན་པས་ཆ་ནས་རིན་ཐང་གཞལ་དུ་མེད་པ་གཅིག་ལྡན་ཡོད་དེ། དཔེར་ན་ང་ཚོ་མི་ལ་རིན་ཐང་གང་ཡོད་ཟེར་ན་ཐོག་མར་ང་ཚོ་འགྲོ་བ་གཞན་དང་མི་འདྲ་བར་མི་ལུས་རིན་ཆེན་ཞེས་པ་ལས་ང་ཚོའི་ཆེས་དམའ་མཐའི་རིན་ཐང་རྟོགས་པར་བྱེད་ཐུབ། དེ་ལྟར་ཤོན་ནི་རྩོམ་རིག་གི་ཆ་ཤས་ཤིག་ཡིན་པའི་ཆ་ནས་རྩོམ་རིག་ལ་ལྡན་པའི་རིན་ཐང་མང་དག་གཅིག་ཚང་དགོས་པ་ཡིན། རྩོམ་རིག་ལ་དབྱེ་ན་ངག་རྩོམ་དང་ཡིག་རྩོམ་གཉིས་ཡོད་པ་ལས་ཤོན་ཞབས་བྲོ་འདི་ནི་ངག་ཐོག་རྩོམ་རིག་གི་ཁོངས་སུ་གཏོགས་པར་བསམ། གང་ཡིན་ཟེར་ན། གཅིག་ནས་ཤོན་གྱི་གོ་དོན་ལྟར་བྱུང་བའི་དུས་རིམ་གྱི་ཆ་ནས་བཤད་ནའང་འདྲ། ད་བར་གྱི་རྒྱུན་འཛིན་བྱེད་ཐབས་ལ་ལྟོས་ནའང་ཆོག གང་ལྟར་ངག་རྩོམ་གྱི་ཁྱད་ཆོས་ཚང་བར་འདུག་སྟེ། ངལ་རྩོལ་མི་དམངས་མང་ཚོགས་ཀྱིས་ངག་ཐོག་ནས་གསར་གཏོད་བྱས་པ་གང་ཞིག་ངག་ནས་ངག་དུ་བརྒྱུད་དེ་རྒྱུད་འཛིན་དང་འཕེལ་རྒྱས་བྱེད་པ།གཉིས་ནས་འཚོ་བ་ལ་དགའ་ཞེན་དང་བསྟོད་གླུ་ལེན་པ་འདི་ཁ་གསལ་གོ་བདེ་ཡིན་ཞིང་བློ་ལ་འཛིན་བདེ་བའི་ཁྱད་ཆོས་ལྡན། ཡང་འདི་ལ་ཡིག་ཐོག་རྩོམ་རིག་གི་རིན་ཐང་ལྡན་ཡོད་དེ། གང་ཡིན་ཟེར་ན་ལོ་རྒྱུས་ཀྱི་ཆར་ལྷག་འདྲེས་མའི་སྔོན་གྱི་མེས་པོ་རྣམས་ཀྱིས་འདས་ཟིན་པ་དག་ངག་ཐོག་ནས་བརྒྱུད་སྤྲོད་མ་ཐུབ་པ་རྣམས་ཡིག་ཐོག་ནས་ཟིན་བྲིས་བཀོད་དེ་མི་རབས་རྗེས་མ་རྣམས་ལ་རིན་ཐང་བྲལ་བའི་མི་རིགས་ཀྱི་ཤུལ་བཞག་རིག་གནས་འདི་དག་རྒྱུད་ངོར་ལེན་ཆེད་འཇོག་པར་མཛད་ཡོད། དེའང་འབྲི་གུང་དགོན་པའི་དཀར་ཆག་ཁྲོད་ནས་ཤོན་གྱི་སྐོར་མི་ཉུང་བ་ཞིག་རྙེད་བྱུང་བ་དེ་དག་ཀྱང་འབྲེལ་ཡོད་ཀྱི་ཡིག་ཐོག་ནང་དོན་ཡིན་པར་འདུག གང་ཞིག་ངག་རྩོམ་ཡིན་པའི་ངག་རྩོམ་གྱི་ཁྱད་ཆོས་ལྡན་ཡོད་ལ་དེ་བས་ཤོན་ལྟ་བུར་ཆ་བཞག་ན་རྩོམ་རིག་སྒྱུ་རྩལ་གྱི་ཉམས་ནི་འབུར་དུ་ཐོན་པར་འདུག

གཉིས་པ། ཤོན་གྱི་སྒྱུ་རྩལ་རིན་ཐང་།

     མངའ་རིས་ཤོན་གླུ་གར་གྱི་སྒྱུ་རྩལ་ལ་མཚོན་ན་སྲོལ་རྒྱུན་དང་གསར་དར་གཉིས་ཀྱི་བྲོའི་ཉིང་བཅུད་འཛོམས་ཡོད་པ་མ་ཟད། བོད་རང་གི་རིག་གནས་ཀྱི་ཁྱད་ཆོས་ཡང་ལྡན་ཡོད་དེ། གཞས་གཏོང་བའི་རྣམ་པ་དེ་ལས་གནའ་རབས་བོད་སྐད་ཡིག་རྩོམ་རིག་གི་ཁྱད་ཆོས་མངོན་ཡོད། ཤོན་གླུ་གར་ལ་བོད་ཀྱི་ཟློས་གར་དང་ཞབས་བྲོ་སོགས་དམངས་ཁྲོད་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་ཡོད་ལ་དེའི་རྨང་གཞིའི་ཐོག་གསར་དུ་བྱུང་བ་ཡིན་པས།བོད་ས་ཁུལ་གྱི་དམངས་ཁྲོད་སྒྱུ་རྩལ་གཞན་དང་བསྡུར་ན་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། སྒྱུ་རྩལ་ནི་མིའི་རིགས་ཀྱི་དགོས་མཁོ་ལ་བསྟུན་ནས་གསར་ཐོན་བྱུང་བའི་བདེ་བ་བསྐྲུན་བྱེད་ཀྱི་དཔལ་ཡོན་ཞིག་རེད། སྒྱུ་རྩལ་ལའང་དངོས་པོའི་སྒྱུ་རྩལ་དང་བསམ་པའི་སྒྱུ་རྩལ་སོགས་དབྱེ་བ་དུ་མ་ཞིག་དུ་དབྱེ་བས་ཆོག་ཆོག་རེད། མ་གཞི་ཤོན་གྱི་ད་ལྟའི་སྤྱོད་ཡུལ་ནི་ངལ་རྩོལ་དང་དེ་ཙམ་འབྲེལ་བ་མེད་པར་འདུག་ཀྱང་སྔར་ཤོན་གྱི་ཐོག་མའི་རྣམ་པ་ནི་དེ་འདྲ་ཞིག་རྩ་བ་ནས་ཡིན་མི་སྲིད། དཔེར་ན། གུ་གེ་ཚེ་རིང་རྒྱལ་པོའི་འཆད་ཁྲིད་ལས“ཤོན་ནི་ཆོས་ལུགས་ཀྱི་བླ་མ་དགེ་བའི་བཤེས་གཉེན་དག་ལ་དགའ་སྟོན་གྱི་སྐབས་སུ་རྟེན་འབྲེལ་མཚོན་ཆེད་དུ་གཟིགས་འབུལ་ཞུ་ཆེད་དང་སྐུ་དྲག་ཕན་ཚུན་བར་ཕེབས་སྐྱེལ་ཞུ་སྐབས་དམིགས་སུ་འཁྲབ་པའི་མཛད་སྒོ་གཅིག་ཡིན”[20] ཞེས་གསུངས། འོན་ཀྱང་དེའི་སྔོན་དུའང་ཤོན་གྱི་རྨང་གཞི་དང་རྩ་བ་རང་ལ་གཏུགས་སོང་ན་ངལ་རྩོལ་སོགས་དང་རྩ་བ་ནས་ཁ་བྲལ་ཐབས་མེད། སྒྱུ་རྩལ་གྱི་རང་བཞིན་མཚོན་པའི་སྒྱུ་རྩལ་རོལ་ཆ་སྣ་ཚོགས་བཀོལ་སྤྱོད་བྱེད་ཀྱི་ཡོད་དེ་དཔེར་ན་དུང་དང་རྒྱ་གླིང་རྔ་ཆེན་དང་རྔ་ཆུང་སོགས་མི་གཅིག་པའི་རོལ་ཆའི་རྣམ་གྲངས་འདི་དག་གཅིག་ཏུ་འདུས་པའི་སྣ་མང་རང་བཞིན་གྱི་སྒྱུ་རྩལ་ཞིག་རེད། ལྷ་ས་ཁུལ་དུ་ཆ་མཚོན་ནའང་གཞས་ཆེན་དང་ཁྲུང་གཞས་སོགས་ཆེད་དུ་འཕེལ་རིམ་ཁྱབ་ཆེན་བྱུང་བའི་རོལ་ཆའི་རིགས་མེད་པར་འདུག དེང་གི་འཆར་གློག་ཆས་ཀྱི་རོལ་མོའི་སྒྲ་གདངས་བཅས་འདུག་པ་སོགས་མ་ཡིན་པར་སྲོལ་རྒྱུན་དེ་དང་བསྟུན་པའི་སྲོལ་རྒྱུན་གྱི་རོལ་ཆའི་ཡོ་བྱད་རིགས་མེད་པར་འདུག འོན་ཀྱང་ནང་མ་བསྟོད་གཞས་དང་རྣམ་ཐར་སོགས་ལ་ཡོད་པ་དང་དེའི་ཁྲོད་དུ་ཤོན་ཡང་བཞག་ན་ཆོག་པར་འདུག སྒྱུ་རྩལ་གྱི་རྣམ་པ་གང་དེ་ལ་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་སྲོལ་རྒྱུན་གྱི་རོལ་ཆའི་རིགས་ཡོད་མེད་ལ་བརྟག་པ་ལས་སྒྱུ་རྩལ་གྱི་རྣམ་པ་དེའི་འཕེལ་རྒྱས་ཀྱི་ལོ་གྲངས་དང་འཕེལ་རིམ་གང་ཙམ་ལ་སླེབས་ཡོད་མིན་ཤེས་རྟོགས་བྱེད་ཐུབ།

     ཡང་ཤོན་གྱི་སྒྱུ་རྩལ་གྱི་ཆ་ནས་འགའ་གླེང་ཚེ། ལུས་ཀྱི་སྟངས་སྟབས་ཀྱི་ཆ་ནས་གོང་དུ་གསལ་བ་བཞིན་འཁྲབ་སྟོན་པའི་སྟངས་སྟབས་དེ་ལས་སྐྱེས་པའི་ཉམས་ཚུལ་ཤིག་དང་བུད་མེད་ཀྱི་རང་གདངས་ཤིག་ཀྱང་ཐོན་པར་བྱེད་ཐུབ་པ་ནི་ཤོན་ཞབས་བྲོའི་ཐད་བྱང་ཆུབ་པའི་རྟགས་ཡིན། དེ་ནི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་སྒྱུ་རྩལ་ཤིག་གི་ངོས་ནས་བརྗོད་ན་ཡིན་པར་ངེས་ཏེ། དཔེར་ན། ནག་ཆུའི་སྒོར་གཞས་དང་མདོ་སྨད་ཡུལ་གྱི་སྐོར་བྲོ ་སོགས་ལས་ཕོ་མོའི་འཁྲབ་སྟངས་དང་གཡུགས་ཚུལ་མི་གཅིག་པ་ཚང་མས་མཐོང་ཐུབ། ངག་གི་གླུ་དབྱངས་ལ་སྒྱུ་རྩལ་གྱི་ཆ་ཅི་འདུག་ཟེར་ན། ཤོན་གྱི་གླུ་དབྱངས་ཕལ་ཆེར་དལ་བའི་རང་བཞིན་ཡིན་པས་ན་ཕོ་མོའི་བར་ལབ་རེས་སམ་ཁ་རྩོད་ཀྱི་རྣམ་པ་ལྟ་བུ་ཞིག་ཏུ་འདུག་ཀྱང་དེ་ལ་ཚིག་རྒྱག་དང་ཤགས་སོགས་ཀྱི་སྒྱུ་རྩལ་དང་བསྡུར་ན་བརྗོད་བྱའི་ཐད་ནས་ཁྱད་པར་ཆེན་པོ་ཡོད་པས་བསྟོད་པའི་ཚིག་ཡིན་པ་ལས་མཚང་འདྲུ་བའམ་ཕོ་མོའི་བར་གྱི་བརྩེ་དུང་མཚོན་པ་སོགས་རྩ་བ་ནས་མ་ཡིན་པ་གཤམ་གཤལ་དཔེར་བརྗོད་འགའ་ལས་ར་སྤྲོད་བྱེད་ཐུབ།

     ཤོན་གྱི་སྒྱུ་རྩལ་རིན་ཐང་ཆ་ནས་སྙན་ངག་གི་རྒྱན་བཀོལ་བ། དེ་ཡང་བཤད་པ་དང་གླུ་ཚིག་གང་ཡིན་ཡང་རྣ་བར་སྙན་ཞིང་ཡིད་དབང་འགུག་པའི་ཁྱད་ཆོས་ལྡན་ཞིང་ཤོན་གྱི་གླུ་ཚིག་ལའང་དེ་ལས་མ་འདས། ཤོན་གྱི་གླུ་ཚིག་དེའི་ཁྲོད་ཟུང་ལྡན་རྒྱན་གྱི་ཁྱད་ཆོས་མང་པོ་ལྡན་ཡོད་དེ། དཔེར་ན། མངའ་རིས་གར་མ་ཤོན་གྱི་མཐོ་ཡ་ཡི་དགུང་སྔོན་མཐོན་པོ་ཞེས་པའི་གླུ་ཚིག[21]ལས་དུམ་མཚམས་གཅིག་སྟེ།

                  མཐོ་ནི་ཡ་ཡི་དགུང་སྔོན་མཐོན་པོ་ཀུན་མཐོང་བྱུང་།

                  དུས་གསུམ་རྩ་བའི་བླ་མའི་ཆོས་གཙུག་ཀུན་མཐོང་བྱུང་།

                  བླ་མ་འཇམ་དབྱངས་པད་དཀར་རེ་ཆོས་གཙུག་ཀུན་མཐོང་བྱུང་།

                  དཀར་ནི་ཡ་ཡི་གངས་རི་དཀར་བྱུང་།

                  དུས་གསུམ་རྩ་བའི་བླ་མ་ཡི་ཞལ་གདོང་དཀར་བྱུང་།

                  བླ་མ་འཇམ་དབྱངས་པད་དཀར་རེ་ཞལ་གདོང་དཀར་བྱུང་།། ཞེས་པའོ།།

     ཤོན་གྱི་སྒྱུ་རྩལ་རིན་ཐང་ཆ་ནས་ཕོ་མོ་ཁ་བལྟས་ཀྱི་སྒོ་ནས་བླངས་པ་དང་གྲངས་འདྲེན་བཀོད་པའི་ཁྱད་ཆོས་ལྡན་པ། དེ་ཡང་ཕོ་མོ་ཁ་བལྟས་ཀྱི་ཁྱད་ཆོས་ལྡན་པའི་གླུ་ཚིག་ཞིག་ཡིན་ཕྱིན་སྤྱིར་ལས་གཞས་དང་ཚིག་རྒྱག་ལ་ལྡན་པའི་ཁྱད་ཆོས་ཡིན་པས་ཤོན་གླུ་དེ་ཉིད་ཀྱང་དེ་ལྟ་བུ་ཞིག་ཡིན་སྲིད་ལ། རྩོམ་ཡིག་དང་གླུ་ཚིག་གང་ཞིག་ཡིན་རུང་གྲངས་འདྲེན་པའི་ཐོག་ནས་དོན་གྱི་བྱུང་རིམ་དང་རང་གི་བརྗོད་འདོད་ཀྱི་དོན་ཞིག་བརྗོད་པར་བྱ་བ་ནི་སྒྲིག་རིམ་སོགས་ཁ་གསལ་གཏིང་ཟབ་ཡོང་བར་ཕན་པ་ཆེན་པོ་ཡོང་བ་དཔེར་ན། མངའ་རིས་གར་མ་ཤོན་གྱི་མཐོ་ཡ་ཡི་དགུང་སྔོན་མཐོན་པོ་ཞེས་པའི་གླུ་ ཚིག[22]ལས་ཚིག་དུམ་གཅིག་སྟེ།

                 ཕོ། ཕུ་ཡ་ཡི་གསེར་ལུང་སེར་པོ་ན།

                 མོ། གསེར་རི་མཆོད་རྟེན་བང་རིམ་གསུམ།

                 ཕོ། བང་རིམ་གཅིག་ལ་གདན་ཁྲི་གཅིག

                 མོ། གདན་ཁྲི་གཅིག་ལ་འཁོར་ལོ་གཅིག

                 ཕོ། ལ་མོ་མ་བརྒྱབ་གོང་དུ། ལ་ལ་ལ་བཙས་གསོལ་བྱུང་།

                 བྱ་སྐད་མ་བརྒྱབ་གོང་དུ། ལ་ལ་ལ་བཙས་གསོལ་བྱུང་།

                 མོ། ལ་མོ་བརྒྱབ་ནས་ལ་བཙས། གསོལ་དང་མི་གསོལ་མི་འདུག 

                 བྱ་སྐད་བརྒྱབ་ནས་ལ་བཙས། གསོལ་དང་མི་གསོལ་མི་འདུག

                 ཕོ། ཆུ་མོ་མ་བརྒལ་གོང་དུ། ཆུ་ལ་ཟམ་གཅིག་བཙུགས་ཡོད།

                 ཡ་ཆུ་མ་བརྒལ་གོང་དུ། ཆུ་ལ་ཟམ་གཅིག་བཙུགས་ཡོད།

                 མོ། ཆུ་མོ་བརྒལ་ནས་ཟམ་པ། བཙུགས་དང་མ་བཙུགས་མི་འདུག

                 མཉམ། ཡ་ཆུ་བརྒལ་ནས་ཟམ་པ། བཙུགས་དང་མ་བཙུགས་མི་འདུག་ལྟ་བུའོ།།

     ཤོན་གྱི་སྒྱུ་རྩལ་རིན་ཐང་ཆ་ནས་སེམས་གྱི་འདུན་པ་མཚོན་པ། དེ་ཡང་རྩོམ་རིག་དང་སྒྱུ་རྩལ་སོགས་གང་ཞིག་ཡིན་ཡང་དེའི་ཆེས་ཐོག་མའི་འབྱུང་ཁུངས་ནི་འཚོ་བ་ཡིན་པ་སྨོས་མི་དགོས་ལ་མི་རང་ཉིད་ཀྱི་སེམས་འདུན་སོགས་ཀྱང་གང་མང་ཞིག་མཚོན་ཐུབ་པ་དཔེར་ན། མངའ་རིས་གར་མ་ཤོན་གྱི་མཐོ་ཡ་ཡི་དགུང་སྔོན་མཐོན་པོ་ཞེས་པའི་གླུ་ཚིག[23]ལས་དུམ་བུ་གཅིག་སྟེ།

               ཆང་དེ་འཐུང་བཞིན་འཐུང་བཞིན།       ཆང་དེ་ཞིམ་དུ་སོང་ནས།

               གསུམ་ཆང་འཐུང་བཞིན་འཐུང་བཞིན།  གསུམ་ཆང་ཞིམ་དུ་སོང་ནས།

               གསེར་སྐྱོགས་ས་ལ་བོར་བ།                པངས་པ་ལ་ལྟོས་ཤིག

               དངུལ་སྐྱོགས་ས་ལ་བོར་བ།                པངས་པ་ལ་ལྟོས་ཤིག་ལྟ་བུའོ།།

     ཤོན་གྱི་སྒྱུ་རྩལ་རིན་ཐང་ཆ་ནས་ལོ་རྒྱུས་ཀྱི་དོན་དངོས་སམ་མི་སྣ་གང་རུང་བརྗོད་པ། མགུར་དང་གླུ། བྲོ་སོགས་གང་རུང་ཞིག་ཡིན་ཡང་དེ་ཉིད་ནི་འཚོ་བ་མཚོན་བྱེད་ཅིག་དང་འཚོ་བ་ཞིབ་འབྲི་བྱ་བའི་ལག་ཆ་ལྟ་བུ་ཞིག་ཡིན འགྲོ་བ་མིའི་རིགས་ལ་འཚོ་བ་ལས་མངོན་པར་མཐོ་བའི་འདས་ཟིན་པའི་རྗེས་དྲན་དང་བསླབ་བྱ། དོན་དངོས་ནི་ལོ་རྒྱུས་དེ་ཉིད་ཡིན་ལ། ལོ་རྒྱུས་ཀྱང་དོན་དངོས་འཚོ་བའི་ཆ་ཤས་གཅིག་ཡིན་པ་སྨོས་མི་དགོས་ཏེ། གླུ་དང་བྲོ་སོགས་ལས་ལོ་རྒྱུས་ཀྱི་འཚོ་བ་དངོས་མཚོན་པ་དཔེར་ན། མངའ་རིས་གར་མ་ཤོན་གྱི་མཐོ་ཡ་ཡི་དགུང་སྔོན་མཐོན་པོ་ཞེས་པའི་གླུ་ཚིག[24]ལས་དུམ་མཚམས་འགའ་ཞིག་སྟེ།

             མགོ་མང་དང་གཅིག་བྱ།           གཡུ་ཆུང་དང་གཉིས་བྱ།

             མགོ་མང་གཡུ་ཆུང་མནབས་བཞག    ཕ་མ་བཟང་པོའི་གཅེས་ཕྲུག

             མགོ་མང་གཡུ་ཆུང་མནབས་བཞག   ལོ་ཆེན་པད་མ་ཚེ་རིང་། 

             མགོ་མང་དང་གཅིག་བྱ།          གཡུ་ཆུང་དང་གཉིས་བྱ།

             མགོ་མང་གཡུ་ཆུང་མནབས་བཞག    ཕ་མ་བཟང་པོའི་གཅེས་ཕྲུག

             མགོ་མང་གཡུ་ཆུང་མནབས་བཞག    ལོ་ཆེན་པད་མ་ཚེ་རིང་། 

             བརྒྱབ་ལམ་འདི་ནས་བལྟས་ཚེ་ན། ཆེ་ལས་ཆེ་ཙམ་འདུག

             མདུན་ལམ་འདི་ནས་བལྟས་ཚེ་ན། ཆུང་ལས་ཆུང་ཙམ་འདུག

             རྒྱལ་མ་བློན་གྱི་གཅེས་ཕྲུག             ཤོན་མགོ་ལ་བསྐྱོད་བྱུང་།

             ལོ་ཆེན་པད་མ་ཚེ་རིང་།          ཤོན་མགོ་ལ་བསྐྱོད་བྱུང་། 

             སྐོན་བཏགས་དང་གཅིག་བྱ།         ལེགས་མོ་དང་གཉིས་བྱ།

             སྐོན་བཏགས་ལེགས་མོ་མནབས་བཞག  ཕ་མ་བཟང་པོའི་གཅེས་ཕྲུག

             སྐོན་བཏགས་ལེགས་མོ་མནབས་བཞག   ལོ་ཆེན་པད་མ་ཚེ་རིང་། 

             བརྒྱབ་ལམ་འདི་ནས་བལྟས་ཚེ་ན། ཆེ་ལས་ཆེ་ཙམ་འདུག

             མདུན་ལམ་འདི་ནས་བལྟས་ཚེ་ན། ཆུང་ལས་ཆུང་ཙམ་འདུག

             རྒྱལ་མ་བློན་གྱི་གཅེས་ཕྲུག            ཤོན་མགོ་ལ་བསྐྱོད་བྱུང་།

             ལོ་ཆེན་པད་མ་ཚེ་རིང་།          ཤོན་མགོ་ལ་བསྐྱོད་བྱུང་། 

             བྲང་གང་དང་གཅིག་བྱ།            སྐྱེས་སྦུག་དང་གཅིག་བྱ།

             བྲང་གང་སྐྱེས་སྦུག་མནབས་བཞག      ལོ་ཆེན་པད་མ་ཚེ་རིང་། 

             བརྒྱབ་ལམ་འདི་ནས་བལྟས་ཚེ་ན། ཆེ་ལས་ཆེ་ཙམ་འདུག

             མདུན་ལམ་འདི་ནས་བལྟས་ཚེ་ན། ཆུང་ལས་ཆུང་ཙམ་འདུག

             རྒྱལ་མ་བློན་གྱི་གཅེས་ཕྲུག              ཤོན་མགོ་ལ་བསྐྱོད་བྱུང་།

             ལོ་ཆེན་པད་མ་ཚེ་རིང་།          ཤོན་མགོ་ལ་བསྐྱོད་བྱུང་།

             ཞིམ་ནི་མ་ཡི་ཀ་ར་བུ་རམ་ཀུན་ཞིམ་བྱུང་།

             དུས་གསུམ་རྩ་བའི་བླ་མའི་ཞལ་མཇལ་ཀུན་ཞིམ་བྱུང་།

             བླ་མ་འཇམ་དབྱངས་པད་དཀར་རེ་ཞལ་མཇལ་ཀུན་ཞིམ་བྱུང་།། ཞེས་ལྟ་བུ་ངག་འཇམ་གདངས་ཁུག་གི་ངང་ནས་གླུ་དབྱངས་འདི་འདྲ་ཞིག་ལེན་བཞིན་སྟངས་སྟབས་དེ་འདྲ་ཞིག་ལ་འཇུག་པའི་སེམས་སུ་སྤྲོ་བ་སྣ་ཚོགས་འཇོག་ངེས་རེད། ཡིད་ཀྱི་དད་པའི་ཚུལ་དེ་རྣམས་ཀྱི་སྐོར་ཞབས་བྲོ་བའི་ཕྱི་ལུགས་ལས་མངོན་པའི་ཉམས་འགྱུར་དང་ཤོན་འབྱུང་བའི་ལོ་རྒྱུས་ཀྱི་གནད་དོན་དང་འཕེལ་རིམ་ལ་གཞིགས་ནས་བཤད་པ་ཙམ་ལས་ཁུངས་ལུང་བཙན་པའི་དཔྱད་གཞི་དང་བཅར་འདྲི་སོགས་བྱས་པའི་དཔང་ཡིག་ལག་ཏུ་མ་གསོན། དེའི་སྐོར་གྱི་ལོ་རྒྱུས་འབྱུང་རྐྱེན་དག་ལོ་རྒྱུས་རིན་ཐང་ནང་བརྗོད་རྒྱུ་ཡིན།

གསུམ་པ།ཤོན་གྱི་ལོ་རྒྱུས་རིན་ཐང་།

     ཤོན་ཞེས་པ་དེ་དང་ཐོག་མངའ་རིས་ཡུལ་དུ་དར་དགོས་དོན་གཙོ་ནི་བོད་ཀྱི་བོན་ཆོས་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་འདུག་སྙམ། རྒྱུ་མཚན་གང་ཡིན་ཟེར་ན། མངའ་རིས་ལོ་རྒྱུས་ཞིབ་འཇུག་པ་གུ་གེ་ཚེ་རིང་རྒྱལ་པོས“དུས་རབས་བཅུ་གཅིག་པའི་ནང་མངའ་རིས་རྒྱལ་པོ་འཁོར་རེས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྒྱ་གར་ནས་མངའ་རིས་མཐོ་ལྡིང་དགོན་དུ་གདན་འདྲེན་ཞུ་དུས་ཤོན་གླུ་གར་སོགས་ཀྱི་མཛད་སྒོ་གཟབ་རྒྱས་སྤེལ་སྲོལ་ཡོད”[25]ཅེས་གསུངས་ཡོད། མ་ཟད་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ལྷ་ཁང་དམར་པོའི་ལྡེབས་རིས་ཐོག་མཚོན་མདོག་བཀྲ་བའི་ཤོན་གླུ་གར་གྱི་འཁྲབ་ཆས་གྱོན་པའི་བུད་མེད་བཅུས་ཤོན་གླུ་གར་འཁྲབ་བཞིན་པ་ཇི་བཞིན་བཀོད་ཡོད་པ་ད་ལྟ་ཡང་གསལ་པོར་མངོན་ཐུབ་པས་དེ་དག་ཚང་མ་ནི་བོད་མི་རིགས་ཀྱི་བོན་ཆོས་རིག་གནས་དང་ཁ་བྲལ་ཐབས་མི་འདུག་སྙམ། ཕྱིས་སུ་འབྲི་གུང་དགོན་པའི་སྐྱོབ་པ་འཇིག་རྟེན་མགོན་པོ་རིན་པོ་ཆེ་ལ་རྟེན་འབྲེལ་ཞུ་ཆེད་དུ་སྒྲིག་འཛུགས་བྱས་ནས་འབྲི་གུང་དགོན་དུ་ཡང་འཁྲབ་མགོ་འཚུགས་འདུག ཤོན་སྤྱིའི་དར་བའི་ལོ་རྒྱུས་ལ་གཞིགས་ན་མངའ་རིས་ཤོན་ནི་མལ་གྲོའི་ཤོན་དང་འབྲི་གུང་ཤོན་སོགས་ཀྱི་གཞི་འཛིན་སའམ་མ་ལྟ་བུར་འགྱུར་འདུག་ཅེས་བཤད་ན་མི་ཆོག་པ་མེད། ཤོན་ལ་ལོ་རྒྱུས་ཀྱི་རིན་ཐང་ཡོད་དེ་ཤོན་གྱི་བྱུང་རིམ་དང་འཕེལ་སྒྲིབ་ལས་ལོ་རྒྱུས་ཀྱི་གནད་དོན་མང་པོ་ཞིག་འཚོལ་རྙེད་ཐུབ།

     མངའ་རིས་ཀྱི་ཤོན་དང་། འབྲི་གུང་དང་མལ་གྲོའི་ཤོན་གྱི་བར་ལ་ཁྱད་པར་ཅུང་ཟད་ཡོད་པ་ནི་ཁོར་ཡུག་མི་གཅིག་པ་ཡིན་ངེས་པས་བརྗོད་མི་དགོས་ཀྱང་མངའ་རིས་ཀྱི་ཤོན་དང་འབྲི་གུང་དང་མལ་གྲོའི་ཤོན་བར་ཕ་བུའི་འབྲེལ་བ་ཡིན་མིན་དང་གལ་སྲིད་ཡིན་ན་སུ་ཕ་དང་སུ་བུ་ཡིན་པ། ལོ་རྒྱུས་ཀྱི་དོན་རྐྱེན་ཅི་འདྲ་ཞིག་གི་འོག་ས་གཤིས་ཀྱི་ཁྱད་པར་ཆེ་བའི་གནས་དེ་གཉིས་ལ་ཤོན་དར་དགོས་དོན་གང་ཡིན་པ་སོགས་ལ་དཔྱད་ཚེ། དེའང་མངའ་རིས་སུ་དར་བའི་ཤོན་དེ་ཕ་ཡིན་པར་སེམས། གང་ཞིག་ལོ་རྒྱུས་ཀྱི་དཔྱད་གཞི་ལྟར་ན་ཤོན་དེ་སྟོན་པ་གཤེན་རབ་མི་བོ་ཆེ་ལ་ཕེབས་སྐྱེལ་ཞུ་ཆེད་དུ་བྱུང་བར་བཤད་པ་དེའང་མ་རེད་ཅེས་ཁ་ཚོན་གཅོད་ཐབས་བྲལ། གལ་ཏེ་ངོ་མ་འབྲི་གུང་དང་མལ་གྲོའི་ས་ཆ་དེ་ནས་བྱུང་བ་ཞིག་ཡིན་ན་ཉེ་འགྲམ་གྱི་འཕན་པོ་དང་སྟག་རྩེ་སོགས་གང་ལའང་དེ་འདྲའི་སྒྱུ་རྩལ་གྱི་ཤན་ཤུགས་ཅི་ཡང་མེད་དགོས་དོན་གང་ཡིན་ནམ། དེར་བརྟེན་ཤོན་གྱི་བྱུང་ཁུངས་ངོ་མ་སྟོན་པ་གཤེན་རབ་ལ་ཕེབས་སྐྱེལ་ཞུ་མིན་ཅི་ཡིན་རུང་གང་ལྟར་དེང་གི་མངའ་རིས་སམ་སྔོན་གྱི་གུ་གེ་ཡིན་པར་སྙམ། དེ་ན་ཕ་མངའ་རིས་ཤོན་ལས་བུ་འབྲི་གུང་དང་མལ་གྲོའི་ཤོན་སོགས་བྱུང་བར་ཡིན་ངེས། འོན་ཀྱང་གལ་ཏེ་དེ་ལྟར་ཡིན་ན་མངའ་རིས་ནས་འབྲི་གུང་དང་མལ་གྲོའི་ཁུལ་དུ་ཤོན་དར་སྐབས་ལམ་བར་གྱི་གཙང་དང་འཕན་པོ་སོགས་ཀྱི་ཡུལ་གྲུ་དག་ལ་ཤོན་གྱི་དྲི་ཙམ་ཡང་མེད་པར་མངའ་རིས་ནས་ཐད་ཀར་འབྲི་གུང་དང་མལ་གྲོའི་ས་ཆར་དར་དགོས་དོན་ཅི་ཡིན་ནམ། རང་ཉིད་ཀྱིས་ལྟོས་ན་འདི་ནི་ཆོས་ལུགས་ཀྱི་གྲུབ་མཐའི་ཁྱད་པར་ཡིན་པར་སེམས། གཅིག་ནས་འབྲི་གུང་གི་སྐྱོབ་པ་འཇིག་རྟེན་མགོན་པོ་རིན་པོ་ཆེར་རྟེན་འབྲེལ་ཞུ་ཆེད་དུ་གཙང་གི་སྒྲ་སྙན་ཞབས་བྲོ་དང་ལྷ་སའི་ནང་མ་བསྟོད་གཞས་སོགས་མ་ཡིན་པར་མངའ་རིས་ནས་ཤོན་གདན་དྲངས་དགོས་དོན་ཅི་ཡིན་ནམ། འབྲི་གུང་དགོན་པ་ནི་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་བཞེངས། ཁོང་གི་བླ་མ་ནི་ཕག་གྲུ་རྡོ་རྗེ་རྒྱལ་པོ་ཡིན་པ་ལ་དེ་དག་ཚང་མ་བཀའ་རྒྱུད་ཀྱི་གྲུབ་མཐའ་ཁག་གི་སྲོལ་གཏོད་པ་པོ་ཡིན། དེ་ན་བཀའ་བརྒྱུད་དེ་དག་ཚང་མའི་གཞི་གཏུགས་སའི་བླ་མ་ནི་མི་ལ་དང་མར་པ། ན་རོ་སོགས་ཡིན་པར་བོད་ཀྱི་སློབ་དཔོན་གཉིས་པོ་ལས་མར་པ་ནི་ལྷོ་ཁའི་ཕྱོགས་སུ་གནས་བཅའ་བ་དང་མི་ལ་ནི་གཙོ་བོ་མངའ་རིས་ཀྱི་ཡུལ་དུ་གྲུབ་ལ་ཞུགས་པ་ཆེས་མང་ལ་དེ་བས་ཁོང་གི་སྐབས་དེར་བཀའ་རྒྱུད་ཀྱི་ཆོས་རྣམས་རྒྱ་ཆེན་དུ་དར་བར་མཛད། དེ་ན་ཁོང་གི་བཀའ་རྒྱུད་པ་རྣམས་ཀྱིས་གོང་ནས་གོང་དུ་བཀུར་བའི་སློབ་དཔོན་ཞིག་ཏུ་འགྱུར་ཡོད། ད་དུང་ཤོན་རང་ངོས་ཀྱི་ཁྱད་ཆོས་ལ་རགས་ལས་ཡོད་དེ་སྒྱུ་རྩལ་དེར་གཞན་དང་མི་འདྲ་བའི་གནའ་བོའི་ཉམས་ཤིག་དང་མི་རིགས་ཀྱི་རང་གདངས་མངོན་པར་བྱེད་པའི་ཁྱད་ཆོས་ཤིག་ལྡན་པར་འབྲི་གུང་སྐྱོབ་པར་རྟེན་འབྲེལ་གྱི་གཟིགས་མུལ་དུ་ཁོང་རང་ཉིད་ཡིན་རུང་ཡང་ན་མི་གཞན་གང་ཡིན་རུང་གནའ་ཉམས་དོད་ཅིང་སྒྱུ་རྩལ་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པའི་ཞབས་བྲོ་ཞིག་འདེམས་ངེས་ཡིན། དེར་བརྟེན། ཤོན་ཞབས་བྲོ་འདི་དེང་དུས་ཀྱང་མངའ་རིས་རྩ་མདའ་རྫོང་གཙོས་པའི་ས་ཆ་ཉུང་ཤས་ཞིག་གི་རྒྱུད་འཛིན་དང་དར་འཕེལ་བྱེད་བཞིན་ཡོད་ལ། ཐུན་མོང་དང་ཐུན་མིན་གྱི་ཁྱད་ཆོས་ལྡན་པ། ངོ་མཚར་བའི་འཁྲབ་ཆས་གྱོན་པ། སྙན་འཇེབས་ལྡན་པའི་གླུ་དབྱངས་ལེན་པ། གསོན་ཉམས་ལྡན་ལ་སྤྲོ་སྣང་ལྡན་པའི་གར་སྟབས་བཅས་ངོམ་རིན་ཆོག་པ་ཞིག་ཡོད།

མཇུག་བསྡུ་བ།

     འགྲན་རྩོད་དང་བརྡ་འཕྲིན་གྱི་ཡོ་ལང་རབ་ཏུ་རྒྱས་ཤིང་ཕུན་ཚོགས་ལོངས་སྤྱོད་ཀྱི་ཁོ་ལག་ཡོངས་སུ་རྫོགས་པ་དང་། བསམ་བློའི་རིག་གནས་ཀྱི་རྔམས་ཁ་དམའ་ནས་དམའ་རུ་ཆག་འགྲིབ་བྱུང་བའི་དུས་རབས་ཀྱི་དབྱེ་མཚམས་འདིར། མི་རིགས་གཞན་དང་འགྲན་པར་ནུས་པའི་བོད་ཀྱི་དམངས་ཁྲོད་རིག་གནས་ནི་ཀྲུང་ཧྭ་རིག་གནས་བང་མཛོད་ཁྲོད་ཀྱི་འོད་ཟེར་སྟོང་ལྡན་གྱི་རིག་གནས་ཤིག་ཡིན། སྔར་གྱི་གཏམ་དཔེ་བཞིན“མི་རིགས་རེ་ལ་རིག་གནས་རེ། རིག་གནས་རེ་ལ་ཁྱད་ཆོས་རེ”ཞེས་པ་ལྟར་བོད་ཀྱི་རིག་གནས་ནི་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད་རིག་གནས་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་ལ་ད་དུང་མེས་རྒྱལ་གྱི་སྒྱུ་རྩལ་ལྡུམ་རྭའི་ནང་གི་མཛེས་སྡུག་ལྡན་པའི་མེ་ཏོག་ཉག་གཅིག་ཡིན་པ་མ་ཟད་འཛམ་གླིང་སྒྱུ་རྩལ་བང་མཛོད་ནང་གི་རིན་ཐང་བྲལ་བའི་ནོར་བུ་ཞིག་ཀྱང་ཡིན། གངས་རིའི་གཞོན་ནུ་རྣམས་ཀྱི་ཕྲག་ཐོག་ཏུ་བབ་པའི་འགན་འཁྲི་ནི་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དེ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་པའི་ཆེད་དུ་ང་ཚོས་དམངས་ཁྲོད་འཚོ་བ་དངོས་ནང་འཛུལ་ནས་ཞིབ་འཇུག་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ། རྒྱུ་མཚན་ནི་དུས་རྒྱུན་དཔེ་དེབ་ནང་ནས་ཐོབ་ཐབས་མེད་པའི་ཤེས་བྱ་དུ་མ་ཞིག་ལག་བསྟར་དངོས་སུ་བྱས་པ་བརྒྱུད་ད་གཟོད་ཡང་དག་གི་གྲུབ་འབྲས་ལེན་རྒྱུ་ཡོད།

     དཔྱད་རྩོམ་འདི་འབྲི་བའི་བརྒྱུད་རིམ་ནང་དཔྱད་གཞི་ལག་ཏུ་གསོན་དཀའ་བ་དང་དམངས་ཁྲོད་དུ་ཤོན་སྐོར་གྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ལ་རྒྱུས་མངའ་ཁ་གསལ་གཏིང་ཟབ་རྟོགས་མཁན་གྱི་རྒན་གྲས་པ་སོགས་ཧ་ཅང་དཀོན་ཞིང་།བཅར་འདྲི་དང་ཁ་བརྡའི་ལམ་ནས་རིན་ཐང་ཡོད་པའི་དཔྱད་གཞིའི་ཡིག་ཆ་ཡང་རྙེད་དཀའ་ལ། འོན་ཀྱང་རང་ནུས་ཅི་ལྕོགས་ཀྱིས་དྲ་ལམ་དང་དགོན་པའི་དཀར་ཆག དེ་མིན་བཅར་འདྲི་ལ་སོགས་པའི་ཐབས་ལམ་རྒྱུད་ནས་ད་ལྟའི་དཔྱད་རྩོམ་འདི་ལེགས་གྲུབ་ཐུབ་ཙམ་བྱུང་།དེར་བརྟེན་ང་རང་ཉིད་ཀྱི་བསམ་ཚུལ་གཞིགས་ན། ཤོན་འདི་དང་ཐོག་མངའ་རིས་ནས་དར་བ་དང་། དེ་ལས་ཁྱབ་ཆུང་ས་ནས་བརྗོད་ན་མངའ་རིས་གུ་གེ་ནས་དར་བ་ཡིན་ཞེས་བརྗོད་ཆོག་སྙམ།དེ་མིན་ཤོན་འདི་བྱུང་དགོས་པའི་རྒྱུ་མཚན་དང་ཕྱིས་སུ་ཡུལ་གྲུ་གཞན་ལ་དར་ཚུལ་ཡང་བོད་ཀྱི་བོན་ཆོས་རིག་གནས་དང་འབྲེལ་བ་དམ་པོ་འདུག

     མངའ་རིས་ཤོན་འདི་ལྟ་བུའི་སྲོལ་རྒྱུན་རིག་གནས་དེ་སྐྱེ་བོ་དུ་མའི་མིག་ལམ་དུ་འགྲེམ་སྤེལ་བྱས་ནས་བོད་ཀྱི་རིག་གནས་འདི་སྣ་མང་ཕུན་སུམ་ཅན་དང་ལོ་རྒྱུས་ཡུན་རིང་ལྡན་པའི་དམིགས་གསལ་གྱི་རིག་གནས་ཞིག་ཡིན་པར་ར་སྤྲོད་དང་བརྒྱུད་བསྒྲགས་གནང་རྒྱུ་ནི་ཧ་ཅང་གལ་འགངས་ཆེ། སྲོལ་རྒྱུན་རིག་གནས་འདི་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ། མུ་མཐུད་རྒྱུད་འཛིན་ལེགས་པོ་བྱེད་རྒྱུའི་རེ་སྨོན་དང་བཅས་དཔྱད་རྩོམ་འདི་མཇུག་བསྡུ་ཁུལ་བྱས་ཡོད་ཀྱང་། རང་ཉིད་ཀྱི་བློས་ལྕོགས་ཚོད་ཀྱིས་དཔྱད་རྩོམ་འདི་འབྲི་ཁུལ་བྱས་ཡོད། འོན་ཏེ་དཔྱད་རྩོམ་འདིར་ནོར་འཁྲུལ་དང་མི་འདང་ས་ཡོད་ངེས་པས་དགེ་རྒན་རྣམ་པས་མཛུབ་སྟོན་དང་ལེགས་བཅོས་བྱ་རྒྱུ་ནི་ཤེས་དམན་ངའི་རེ་བ་ཉག་གཅིག་ཡིན། དེ་མིན་དཔྱད་རྩོམ་འདི་བདག་གི་ཕ་ཡུལ་ལམ་བོད་ཀྱི་དམངས་སྲོལ་རིག་གནས་གལ་ཆེན་ཞིག་ཡིན་ཕྱིན་རྗེས་ཕྱོགས་ཡང་ཇེ་ལེགས་ཇེ་བཟང་ཏུ་གཏོང་འདོད་ཀྱི་སེམས་ཤུགས་ཡོད་དོ།།

དཔྱད་གཞིའི་ཡིག་ཆ།

[1].《མངའ་རིས་སྤུ་རངས་ཀྱི་འཇིག་རྟེན་རྩ་འཇུག་རྟེན་འབྲེལ་གླུ་སྣ་བཞུགས་སོ།》གུ་གེ་ཚེ་རིང་རྒྱལ་པོས་རྩོམ་བསྒྲིགས་བྱས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ་བ༥པར་པེ་ཅིན་དུ་པར་ཐེངས་དང་པོ་དཔར།

[2]. 《བོད་ཀྱི་དམངས་སྲོལ་གྱི་བླང་དོར་གསལ་བའི་སྒྲོན་མེ།》རྒྱང་འཁོར་ཚེ་ཕུན་གྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར། ༢༠༠༥ལོའི་ཟླ་བ༦པར་པར་ཐེངས་དང་པོ་བརྒྱབ།

[3].《བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་གནད་དོན་འགའ་ཞིག་གླེང་བ།》 རྒྱང་འཁོར་ཚེ་ཕུན་གྱིས་བརྩམས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར། ༢༠༡༥ལོའི་ཟླ་བ༥པར་པར་ཐེངས་དང་པོ་བརྒྱབ།

[4].《རྨད་བྱུང་ཞང་ཞུང་གི་འབྲི་རྩལ》འཕྲིན་ལས་མཐར་ཕྱིན་གྱིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོའི་ཟླ༦པར་པར་ཐེངས་དང་པོ་དཔར།

[5].《ལྷ་སའི་དམངས་ཁྲོད་གླུ་གཞས།》སྨད་ཆ། རྡོ་ཕུན། ཟླ་བ་བཀྲ་ཤིས། སྐལ་བཟང་ཚེ་རྡོར་བཅས་ཀྱིས་བསྡུ་སྒྲིག་བྱས། ༢༠༠༩ལོའི་ཟླ་བ༨པར་པར་ཐེངས་དང་པོ་དཔར།

[6]. 《བོད་ལྗོངས་ངལ་རྩོལ་གླུ་གཞས།》བདེ་ཆེན་སྒྲོལ་དཀར་གྱིས་ལེགས་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ་བ༤པར་དཔར།

[7]. 《བོད་ལྗོངས་དམངས་གཞས་ཕྱོགས་སྒྲིག》པ་སངས་ཕན་ཐོག་ལགས་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ ལོའི་ཟླ་བ༥པར་དཔར།

[8]. གུ་གེ་ཚེ་རིང་རྒྱལ་པོ་ཡི་འཆད་ཁྲིད་གནང་བའི་“མངའ་རིས་ཤོན་གྱི་སྐོར”། ༢༠༡༥ལོའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་ཉིན། ཁམས་པའི་བརྙན་འཕྲིན། འཆད་ཁྲིད་སྒྲོན་མེ

[9].《མཛོད་དགེ་གླིང་དཀར་སྟོད་ཀྱི་སྲོལ་རྒྱུན་དམངས་གླུ་ཕྱོགས་བསྒྲིགས།》སྒྲོལ་མ་སྐྱབས་དང་སྤང་བོ་ཚེ་རིང་གཉིས་ཀྱིས་སྡུད་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ་བ༡པོར་པེ་ཅིན་དུ་པར་ཐེངས་དང་པོ་དཔར།

[10].《དམངས་སྲོལ་ཡིག་ཆ་ཕྱོགས་བསྒྲིགས།》ཚེ་རིང་དང་འབྲུག་རྒྱལ་མཁར་གཉིས་ཀྱིས་ཕྱོགས་བསྒྲིགས་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ལོའི་ཟླ་བ༢པར་པར་ཐེངས་དང་པོ་དཔར།

[11].《དམངས་གཞས་བྲོ་ར་ཁྲ་མོ།》བེ་རི་ཚུལ་ཁྲིམས་ཀྱིས་འཚོལ་བསྡུས་བྱས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ་བ༥པར་པར་ཐེངས་དང་དཔར།

[12].《དག་ཡིག་གསར་བསྒྲིགས།》དག་བཅོས་མ། དག་ཡིག་འདིའི་རྩོམ་སྒྲིག་ཚན་ཆུང་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ༡༢པར་དཔར་ཐེངས་བཅོ་ལྔ་པ་དཔར།

[13].《དུང་དཀར་ཚིག་མཛོད་ཆེན་མོ།》དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ༩པར་པར་གཞི་གཉིས་པ་པར་ཐེངས་གཉིས་པ་དཔར།

[14]. འབྲི་གུང་དགོན་པའི་དཀར་ཆག

[15]. གུ་གེ་འཕྲིན་སྟེགས་ནས་བླངས། Nagri-Guge

[16. གུ་གེ་ཚེ་རིང་རྒྱལ་པོ་ཡི་འཆད་ཁྲིད་གནང་བའི“མངའ་རིས་ཤོན་གྱི་སྐོར”༢༠༡༢ལོའི་ཟླ༡༢པའི་ཚེས༡༠ཉིན། ཁམས་པའི་བརྙན་འཕྲིན། འཆད་ཁྲིད་སྒྲོན་མེ།

[17].“མངའ་རིས་གུ་གེའི་ཁྱད་ལྡན་རིག་གནས་མཚོན་རྟགས།” 2017年4月14日西藏日报藏文媒体 “羊兄乐园”

[18]. 雍仲本波佛教网引用日期:2017年4月14日

[19].  《民俗学概论》,钟敬文著,上海文艺出版社,1998年。

[20].  《西方民俗学史》,孟慧英著,中国社会科学出版社,2006年。

ཟུར་མཆན།

[1]ཤོན་ཞེས་པ་ནི་སཾ་སྐྲྀ་ཏའི་སྐད་དེ་བྲོ་ཡི་དོན་ཡིན། ཡང་དག་ཡིག་གསར་བསྒྲིགས་སོགས་སུ་བྲོ་གར་གྱི་བརྡ་རྙིང་ཡིན་པར་འཁོད་འདུག ཤོག་ངོས༨༦ལ་གསལ།

[2]གནའ་རབས་རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞིའི་ནང་གི་ལེགས་སྦྱར་གྱི་སྐད་ཟེར་བ་དེ་ཡིན་ཅིང་། རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བའི་བཀའ་དང་བསྟན་བཅོས་མང་ཆེ་བ་རྒྱ་གར་ཡུལ་དབུས་མ་གྷ་ངྷ་ཡི་སཾ་སྐྲྀ་ཏའི་སྐད་ནས་བསྒྱུར་བ་ཡིན། 《དུང་དཀར་ཚིག་མཛོད་ཆེན་མོ།》དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ༩པར་པར་གཞི་གཉིས་པ་པར་ཐེངས་གཉིས་པ་དཔར། ཤོག་ངོ༢༠༦༥ལ་གསལ།

[3]བྲོ་གར་ཞེས་པ་ནི་ཞབས་བྲོའི་སྟངས་སྟབས་ལ་བརྟེན་ནས་ནང་དོན་དང་བྱུང་རིམ་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་སྟེ། ལུས་ཀྱི་བྱ་རྒྱུའི་རྣམ་པ་ལྟ་བུ་ཞིག་ལ་གོ། 《དག་ཡིག་གསར་བསྒྲིགས།》ཤོག་ངོས་༥༥༣ལ་གསལ།

[4]《དག་ཡིག་གསར་བསྒྲིགས།》དག་བཅོས་མ། དག་ཡིག་འདིའི་རྩོམ་སྒྲིག་ཚན་ཆུང་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

༢༠༡༤ལོའི་ཟླ༡༢པར་དཔར་ཐེངས་བཅོ་ལྔ་པ་དཔར། ཤོག་ངོས༡༠༧ལ་གསལ།

[5]《དག་ཡིག་གསར་བསྒྲིགས།》དག་བཅོས་མ། དག་ཡིག་འདིའི་རྩོམ་སྒྲིག་ཚན་ཆུང་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ༡༢པར་དཔར་ཐེངས་བཅོ་ལྔ་པ་དཔར། ཤོག་ངོས༥༥༣ལ་གསལ།

[6]ཡོངས་འཛིན་དྲ་ཚིག་ལས་བླངས།

[7]དཔྱད་གཞིའི་ཡོངས་ཁུངས། དམངས་ཁྲོད་རིག་གནས་ལ་རྒྱུས་མངའ་ཅུང་ཟད་ཡོད་མཁན་གྱིས་ཕ་ཡུལ་གྱི་རྒན་གྲས་པ་འགར་བཅར་འདྲ་བྱས་པ།

[8]ད་ལྟའི་འབྲུག་ཡུལ་ས་ཆར་གོ་བ་ཡིན།

[9]སུར་རྣ་ཞེས་པ་ནི་ཨེ་ཤ་ཡ་ནུབ་རྒྱུད་རྒྱལ་ཁབ་ཀྱི་རོལ་ཆ་ཞིག་གི་མིང་ཡིན། སུར་རྣ་ལ་ཡང་བོད་ཀྱི་ནང་པ་སངས་རྒྱས་ཀྱི་རོལ་ཆ་རྒྱ་གླིང་དང་འདྲ་བའི་ཆ་ཡང་འདུག

[10]དར་མ་ནི་ཨེ་ཤ་ཡ་ནུབ་རྒྱུད་རྒྱལ་ཁབ་ཀྱི་རོལ་ཆ་ཞིག་ཡིན།

[11]“མངའ་རིས་གུ་གེའི་ཁྱད་ལྡན་རིག་གནས་མཚོན་རྟགས།” 2017年4月14日藏日报藏文媒体“羊兄乐园”

[12]འཕྲིན་ལས་མཐར་ཕྱིན་གྱི་བརྩམས་ཆོས《རྨད་བྱུང་ཞང་ཞུང་གི་འབྲི་རྩལ》ཅེས་པའི་གླེང་གཞི་ལས་བླངས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་༢༠༠༡ལོའི་ཟླ༦པར་པར་ཐེངས་དང་པོ་དཔར།

[13]ད་ལྟའི་པ་ཅི་སི་ཐན་རྒྱལ་ཁབ་དེ་སྔོན་ཆད་སྟོད་མངའ་རིས་ཞང་ཞུང་གི་ཁོངས་སུ་གཏོགས་ཅིང་།མིང་ཡང་པ་ཏི་ཞེས་བརྗོད།

[14]འཁོར་ཆགས་ནམ་མཐོང(科加囊通)ཞེས་པ་ནི་བོད་ཟླ་དང་པོའི་ཚེས་བཅུ་གཉིས་དང་བཅོ་ལྔ་ཉིན་སྤུ་ཧྲེང་འཁོར་ཆགས་དགོན་དུ་སྤེལ་བའིརྟེན་འབྲེལ་གྱི་མཛད་སྒོ་ཆེན་པོ་ཞིག་ལ་ཟེར་ཞིང་། ཚེས་བཅུ་གཉིས་ཉིན་ནི་ལོ་ཙྰ་བ་རིན་ཆེན་བཟང་པོའི་རབ་གནས་གནང་བའི་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཡིན་པ་རེད། ཚེས་བཅོ་ལྔ་ཉིན་ནི་འཁོར་ཆགས་དགོན་པ་སྒྲུབ་པའི་རྟེན་འབྲེལ་དུ་དམིགས་སུ་སྤེལ་བའི་མཛད་སྒོ་ཞིག་ཡིན་པ་དང་བོད་པ་སྤྱི་ཡོངས་གི་ཆོས་ལུགས་གི་ངོས་ནས་བཤད་ན་ཚེས་བཟང་དུས་བཟང་གི་ཉིན་མོ་ཞིག་ཀྱང་ཡིན་པ་རེད།

[15]བག་ལེན་ཅེས་པ་ནི་གཉེན་སྟོན་དང་དོན་གཅིག་ཡིན།

[16]ནུ་མོ་ཞེས་པ་ནི་གཅུང་མོའམ་བུད་མེད་ལོ་ཆུང་ལ་གོ་བ་ཡིན།

[17]གུ་གེ་འཕྲིན་སྟེགས་ནས་བླངས།Nagri-Guge

[18]ཡར་པ་ནི་འཁྲབ་སྟོན་པ་བུ་རྣམས་ལ་གོ་བ་ཡིན།

[19]ཡར་མ་ནི་འཁྲབ་སྟོན་པ་བུད་མེད་རྣམས་ལ་གོ་བ་ཡིན།

[20]གུ་གེ་ཚེ་རིང་རྒྱལ་པོ་ཡི་འཆད་ཁྲིད་གནང་བའི“མངའ་རིས་ཤོན་གྱི་སྐོར།”༢༠༡༢ལོའི་ཟླ༡༢པའི་ཚེས༡༠ཉིན། ཁམས་པའི་བརྙན་འཕྲིན། འཆད་ཁྲིད་སྒྲོན་མེ།

[21]གུ་གེ་འཕྲིན་སྟེགས་ནས་བླངས། Nagri-Guge

[22]གུ་གེ་འཕྲིན་སྟེགས་ནས་བླངས། Nagri-Guge

[23]གུ་གེ་འཕྲིན་སྟེགས་ནས་བླངས།Nagri-Guge

[24]གུ་གེ་འཕྲིན་སྟེགས་ནས་བླངས། Nagri-Guge

[25]གུ་གེ་ཚེ་རིང་རྒྱལ་པོ་ཡི་འཆད་ཁྲིད་གནང་བའི“མངའ་རིས་ཤོན་གྱི་སྐོར།”༢༠༡༢ལོའི་ཟླ༡༢པའི་ཚེས༡༠ཉིན། ཁམས་པའི་བརྙན་འཕྲིན། འཆད་ཁྲིད་སྒྲོན་མེ།


འབྲེལ་ཡོད་འོས་སྦྱོར།