གླིང་སྒྲུང་དང་བོད་ཀྱི་མོ་སྨན་རིག་གནས།
རྩོམ་པ་པོ།:བེ་རི་ཚུལ་ཁྲིམས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-10-29
ཀློག་གྲངས།:
གླིང་སྒྲུང་དང་བོད་ཀྱི་མོ་སྨན་རིག་གནས།
བེ་རི་ཚུལ་ཁྲིམས།
གཅིག གླིང་སྒྲུང་ལས་བོད་ཀྱིས་བུད་མེད་མཛེས་མའི་མཛེས་དཔྱོད་ལྟ་ཚུལ།
དེ་ཡང་རྟ་རྒྱུག་ཁྲི་གསོལ་དུ་འདི་ལྟར་བརྗོད་ཡོད་དེ། དེ་ནས་རྟེན་འབྲེལ་དབང་གིས་འབྲུག་མོ་ཇོ་རུ་བསུ་རུ་རྨ་སྨད་དུ་བཏང་བར། སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་དེ། སྒྲོལ་མ་དཀར་མོའི་རྣམ་འཕྲུལ། རིགས་བཟང་ལ་གཡོ་སྒྱུ་མེད་པ། བློ་རྣོ་ཞིང་རིག་པ་གསལ་བ། སྙིང་གཏད་ཀྱི་གྲོགས་ལ་བསླུ་བ་མེད་པའི་ཡིད་རྟོན་པ། དམ་བཅའ་བརྟན་ཞིང་སྙིང་སྟོབས་ཆེ་བ། འདོད་པ་ཆུང་ཞིང་ངོ་ཚ་དང་ལྡན་པ། ཀུན་དང་མཐུན་ཞིང་མཛེས་སྡུག་ཡོངས་སུ་རྫོགས་པ། སྐྱོན་ལྔ་སྤངས་ཤིང་ཡོན་ཏན་ཀུན་ལྡན། སྤྱོད་ལམ་གང་ནའང་སྐྱོན་གྱི་རྣམ་པ་ཕྲ་མོ་ཙམ་ཡང་མེད་དོ། །ཞེས་ནང་སེམས་དང་འབྲུག་མོའི་གཤིས་རྒྱུད་ལ་མངའ་བའི་ཡོན་ཏན་བརྗོད་པའི་ཞོར་དུ། ཞལ་ངོ་སྟོན་ཟླ་དཀར་པོ་ལ་མཁུར་ཚོས་དམར་བ་ལི་ཁྲི་བྱུག་འདྲ། གཟུགས་མཛེས་ཤིང་ལྟ་ན་སྡུག་པ། སྐྲ་གནག་སྣུམ་སྟོད་སྐུད་གཤིབས་འདྲ། སྤྱན་དཀྱུས་རིང་ཞིང་མིག་འབྲས་གསལ་བ། ཚེམས་མདོག་མུ་ཏིག་དཀར་པོ། སྐུ་ཤ་འཇམ་ལ་དྲོ་གྲང་འཚམས་པ། མཆུ་སྒྲོས་བྱུ་རུ་ལྟར་དམར་བ། གསུང་སྐད་སྙན་ཞིང་སྨྲ་བརྗོད་མཁས་པ། ཞེས་སེང་ལྕམ་འབྲུག་མོའི་བཞིན་གྱི་མཛེས་པ་གཙོ་བོར་བརྗོད་དེ། གཡས་སྐྲ་གཡས་སུ་ཤད། གཡོན་སྐྲ་གཡོན་ཤད། སྐྲ་མི་འཕར་གོང་གནོན་ལ། གཡུ་བྱུ་རུའི་ལན་ཚར་རིང་མོ་བཏགས། དར་ཟབ་རིན་ཆེན་རྒྱན་གྱིས་བརྒྱན། སྔོན་པོ་གཡུ་ཡི་ཕྲེང་བ་ལ། པདྨ་ར་གའི་གའུ། ཨིན་ཌ་ནི་ལའི་གདུབ་བུ། གསེར་ག་ཉི་མ་རང་ཤར། སྲམ་ཐུབ་དཀར་ཁྲ་དགུ་བརྩེགས། སག་ལྷམ་འཇའ་རིས་སུམ་བརྩེགས་སོགས་རྒྱན་ཆས་མཛེས་པར་སྤྲས། གསལ་ཉི་ཟླའི་འོད་ལ་འགྲན་པ། ལྷ་བླ་མ་ཡིན་ཡང་སྤྱན་ཟུར་ཤོར་ལེ། གོང་དཔོན་པོ་ཡིན་ཡང་ཁྲིམས་ར་ཞིག་ལེ། སྟག་ཤར་ར་ཡིན་ཡང་ཡིད་སེམས་འཁྲུགས་ལེ། སྨན་བུ་མོ་ཡིན་ཡང་སྙིང་རླུང་ལངས་ལེ། མཐོང་བ་ཙམ་གྱིས་ཡིད་དབང་འཕྲོག་ལེ། ལྷ་དྲང་སྲོང་ཡིན་ཡང་འདོད་སེམས་སྐྱེ་བ། སྐྱེད་ཚལ་མེ་ཏོག་གི་མཛེས་སྡུག་འཕྲོག་པ། དགྲ་འཆི་བདག་ཡིན་ཡང་ཅི་གསུངས་སྒྲུབ་པ་ཞིག་བྱས། ཞེས་བྱད་གཟུགས་དེར་གོས་རྒྱན་གྱིས་མཛེས་ཐོག་མཛེས་བཞག་གིས་སྤུད་པ་དང་། ཡང་མཚོ་སྔོན་པར་གཞི་ཧོར་གླིང་སྟོད་ཆ་རུ། ཧོར་རྗེ་གུར་དཀར་རྒྱལ་པོའི་བཙུན་མོ་རྒྱ་ཨ་ཟི་བུ་མོ་ག་ཟི་ཚེ་ལས་འདས་ནས་ཕོ་ཡུགས་སུ་ལུས། ཧོར་གྱི་རྗེ་བློན་རྣམས་ཀྱིས་བཙུན་མོ་ཞིག་འཚོལ་བའི་བཀའ་གྲོས་བྱས། བསོས་བྱ་མི་སྐད་གོ་བ་བཞི་མྱུལ་མ་རུ་བཏང་། བྱ་གཞན་གསུམ་རང་རང་གི་ཡུལ་དུ་འཕུར། ཁྭ་ཏས་ཕྱོགས་ཀུན་ཏུ་བཙལ་ཏེ་ཁྲ་མོ་གླིང་གི་ས་ཆར་སླེབས་སྐབས། སྐྱ་ལོའི་སེང་ལྕམ་འབྲུག་མོ་དེ། གེ་སར་བྱང་དུ་བྱོན་ནས་ལོ་གསུམ་ལ་སྐྲ་མ་སླས། ཉིན་དེར་སྐར་བཟང་ཚེས་བཟང་ལ། རྒྱ་ཁ་རྒོད་རེག་ཤེས་འཛུམ་མོ་དང་། བེ་རི་བཟའི་ཨ་མཚོ་གཉིས་བོས་ནས། སྐྲ་གསར་དུ་བཀྲུས་ཤིང་སླས་སྐབས་ཁྭ་ཏས་མཐོང་བ་ལྟར་སྨྲས་པ། ང་དེ་ནས་གླིང་དཀར་སྟོད་ལ་སོང་། །ཁྲ་བོ་གླིང་གི་ས་ཆ་ན། །སྐྱ་ལོའི་སེང་ལྕམ་འབྲུག་མོ་ཡོད། །སྨན་བུ་མོ་ཟེར་ན་དེ་འདྲ་གདའ། །དར་དཀར་འདྲ་བའི་ཤ་ལོ་གདའ། །དར་དམར་འདྲ་བའི་ཤ་བཀྲག་གདའ། །ཧོར་པ་ཁྲ་ཡི་སྤྱན་མིག་གདའ། །སྨུག་ཆུང་རྫི་མར་གཟི་མདངས་གདའ། །ཞེ་སྡང་སྦྲུལ་གྱི་ཨ་འབྲས་གདའ། །ཕར་འགྲོ་གོམ་པ་རྟ་བརྒྱ་རི། །དེ་མིན་རྟ་བརྒྱ་མི་རི་སྟེ། །མཁའ་འགྲོའི་གར་སྟབས་ཤིག་གེར་གདའ། །ཚུར་ཡོང་གོམ་པ་དྲེལ་བརྒྱ་རི། །དེ་མིན་དྲེལ་བརྒྱ་མི་རི་སྟེ། །རིག་འཛིན་རྩེ་བྲོ་ཤིགས་སེ་གདའ། །སྐྲ་ལོ་སྨུག་པོ་མཛོ་བརྒྱ་རི། །དེ་མིན་མཛོ་བརྒྱ་མི་རི་སྟེ། །དབུ་སྐྲ་ཉག་མ་རེ་རེ་ལ། །གཡུ་མུ་ཏིག་ཚོམ་བུ་ཤ་ལེར་གདའ། །མཆིལ་མ་གཡང་དཀར་ལུག་བརྒྱ་རི། །དེ་མིན་ལུག་བརྒྱ་མི་རི་སྟེ། །ལྗགས་ལ་ཨ་ཡི་རང་བྱོན་གདའ། །བུ་མོ་ཟེར་ན་དེ་འདྲ་གདའ། །བུ་ལྷ་བུའི་མ་གཡར་ལོ་ས་གདའ། །ཤན་པའི་རྗེ་མོ་ཕེར་ངེས་གདའ། །ཧོར་རི་ཐང་དཔོན་མོ་ལོ་ངེས་གདའ། །ཞེས་ཁྭ་ཏས་སྒྲོ་བཏགས་དང་བྲལ་བར་སྲུ་འབྲུག་མོའི་མཛེས་ཆོས་ལ་ཧང་སངས་ནས་དེ་ལྟར་ཞུ་འབུལ་བྱས། སྤྱིར་གླིང་སྒྲུང་དང་ལྷག་པར་ཧོར་གླིང་དུ་འབྲུག་མོ་ནི་བུད་མེད་ཀྱི་ཚབ་མཚོན་མི་སྣ། འཛམ་གླིང་མཛེས་མའི་དྭངས་རྩེ། གངས་ལྗོངས་བུ་མོའི་དཔེ་མཚོན་ཡིན་ནའང་བོད་ཀྱིས་བུད་མེད་ལ་བཅངས་པའི་མཛེས་རྟོག་དེ་སེང་ལྕམ་འབྲུག་མོ་གཙོས་པའི་གླིང་གི་མོ་སྨན་འགའ་ཞིག་ཙམ་མ་ཡིན་པར་ད་དུང་རྒྱལ་ཁག་གཞན་དུའང་ཡོད་དེ། མོན་གླིང་ལས། མོན་བཟའ་མེ་ཏོག་ལྷ་མཛེས་དེ། །སྐྱེ་ཡག་གངས་ལ་ཉི་ཤར་རེད། །ཤ་ལོ་དཀར་ལེ་དུང་དང་འདྲ། །དུང་ཐོག་ཟླ་བ་ཚེས་པ་འདྲ། །སྐྲ་ལོ་སྨུག་ལེ་སྦྲ་དང་འདྲ། །སྦྲ་ཐོག་སྦྲང་ཆར་བབས་པ་འདྲ། །ཤ་བཀྲག་དམར་ལེ་ལི་ཁྲི་འདྲ། །ལི་ཁྲི་མཚལ་གྱིས་བརྒྱན་པ་འདྲ། །སྐུ་ལུས་དྲང་ལེ་སྨྱུག་ལ་འདྲ། །སྨྱུག་མར་ཉི་ཟེར་ཕོག་པ་འདྲ། །རྒྱན་རབ་དགུ་བཅུ་ལུས་ལ་མཛེས། །མ་དྲོས་ཀླུ་ཡི་བུ་མོ་འདྲ། །ཤེས་སྒོ་ནམ་མཁའ་རང་མདངས་ལ། །བློ་གསལ་ཉི་མས་མུན་པ་སེལ། །ཕོ་སེམས་མོ་ལ་ཐོབ་ལེ་ཡིན། །ཞེས་དང་། སྲས་མོ་མེ་ཏོག་ལྷ་མཛེས་དེ། །རྒྱ་དབུས་བར་ལ་གྲགས་ལེ་ཡིན། །མཁའ་འགྲོ་དུང་སྐྱོང་དཀར་མོ་རེད། །ས་སྟེང་བུ་མོའི་ཕུད་ཅིག་རེད། །མོན་ཡུལ་བུ་མོའི་དྭངས་རྩེ་རེད། །དར་དཀར་འདྲ་བའི་ཤ་ལོ་ལ། །དར་དམར་འདྲ་བའི་བཀྲག་མདངས་ཡོད། །དཀར་ལ་དམར་བའི་འོད་མདངས་དེ། །ལི་ཁྲི་མཚལ་གྱིས་བརྒྱན་པ་འདྲ། །སྐུ་ལུས་སྦ་དཀར་ལྡེམ་ཡག་ལ། །དུང་ཆབ་དུང་ཕྲེང་སྐེད་ལ་བཀྲ། །དབུ་སྐྲ་རྒྱ་ལྕང་ལོ་མ་ལ། །གསེར་གཡུ་ལན་ཚར་ཤ་ར་ར། །མུ་ཏིག་རྒྱན་ཆ་སི་ལི་ལི། །གཟི་མཆོང་སྤེལ་མའི་དོ་ཤལ་བརྒྱན། །ས་སྟེང་བུ་མོའི་རྒྱན་གཅིག་རེད། །རི་ཁྲོད་འགྲིམ་པའི་རྣལ་འབྱོར་པ། །མཐོང་བ་ཙམ་གྱིས་ཡིད་དབང་འཕྲོག །སུ་ཡིས་མཐོང་ན་གོམ་པ་འཁྱོལ། །གཞན་གྱིས་ཡིད་སེམས་ཅིས་མི་འཁྲེང་། །ཞེས་དང་། ཡང་ཧོར་གླིང་ལས་མགར་བཟའ་ཆོས་སྒྲོན་གྱི་སྣང་བརྙན་དུ། ལུས་ལྡེམ་ལྡེམ་སྦ་དཀར་སྨྱུག་མ། ཞལ་དཀར་དཀར་བཅོ་ལྔའི་ཟླ་བ། སྤྱན་ཁྲ་ཆུང་ནམ་མཁའི་སྐར་ཆེན། རྒྱ་ལམ་མགྲོན་པོ་རྣམས་ཀྱིས་མཐོང་ན་ཕྱི་མིག་བལྟ་ལེ། ཁྲི་ཁའི་བླ་མ་རྣམས་ཀྱིས་མཐོང་ན་སྤྱན་ཟུར་ཤོར་ལེ། ཕོ་གསར་མགོ་ཆུང་དག་གིས་མཐོང་ན་ཡིད་དབང་འཕྲོག་ལེ། ཞེས་པ་ལྟར་གླིང་སྒྲུང་ལས་མོ་སྨན་འགའ་ཞིག་དཔེ་རུ་དྲངས་ཏེ་མཛེས་ཆོས་ཡང་ནས་ཡང་བཀོད་པ་དེས། འཕྱོར་ཆས་དང་སྒེག་རྫས། མཛེས་བཟོ་གང་ཡང་མ་བྱས་པའི་ལྷན་སྐྱེས་ཀྱི་མཛེས་པ་དེས་བོད་མིས་མོ་སྨན་ལ་འཛིན་པའི་ཕྱིའི་བྱད་གཟུགས་དང་ནང་གི་གཤིས་རྒྱུད་དེ། མཛེས་མཛངས་གཉིས་ཀའི་ལྟ་ཚུལ་དེ་ཡིན་པར་མཚོན་གྱི་འདུག་ཅེས་བརྗོད་འདོད་པ་ཡིན། འོན་ཀྱང་གླིང་སྒྲུང་དུ་བུད་མེད་མི་སྣ་ཚང་མར་སྐྱེ་གཟུགས་དང་གཤིས་སྤྱོད་གང་ལའང་སྐྱོན་གྱི་དྲི་མས་མ་གོས་པ་དག་དག་མ་ཡིན་པར། འགྲོ་བ་མིའི་རིགས་ལ་ལྷན་སྐྱེས་སུ་ཡོད་པའི་ཉོན་མོངས་ཀྱི་ཆ་ཅུང་ཟད་ཙམ་མེད་པ་ག་ལ་སྲིད། གེ་སར་བྱང་བདུད་འདུལ་དུ་ཕེབས་སྐབས། འབྲུག་མོས་མེ་བཟའ་ལ་ཆགས་སྡང་བྱས་ཚུལ་དེས་བུད་མེད་ཀྱི་གཤིས་སྤྱོད་མངོན་ཡོད་ལ། མ་ཟད་ཁྲོ་ཐུང་བུ་མོ་ཁྲོ་མཚོ་ལྟ་བུ་སྤྲོ་ཐུང་ཡང་ཡོད་པས་གླིང་སྒྲུང་ནི་བོད་ཀྱི་མི་ཆོས་དང་འཚོ་བའི་ཚབ་མཚོན་གྱི་དཔེ་གཞི་རུ་འཛིན་དོན་དེ་བས་ཡིན།
གཉིས། མཛེས་མཛངས་གཉིས་དང་བོད་ཀྱི་མོ་སྨན།
སྤྱིར་སྐྱེས་པ་དང་བུད་མེད་ཀྱི་ཁྱད་པར་ལུས་ཁམས་དང་ལུས་སྟོབས་ལས་གཞན་སེམས་ཁམས་སྲ་སྙི་དང་། ཚོར་ཤེས་རྣོ་རྟུལ་སོགས་ཀྱི་ཁྱད་པར་ཡོད། དེ་བས་ཁྱིམ་ཚང་ཞིག་ལ་མཚོན་ན། ཕྱིའི་འཚོ་བའི་བཀོད་སྒྲིག་སྐྱེས་པས་བྱེད་པ་དང་། ནང་གི་ཁྱིམ་ལས་བཟའ་བཏུང་གཡོ་བསྐོལ། བཀོད་ཆས་བྱི་དོར་སོགས་སྐྱེས་མས་བྱེད་དགོས་པ་ལྟ་བུར་གྱུར་ཡོད། སྐྱེས་པ་ནི་རྟ་རྒྱུག་མདའ་འཕེན་གཡུལ་ཞུགས་སོགས་ལ་དགའ་ཞིང་། བོད་ཀྱི་ལོ་རྒྱུས་ཐོག་ཕོ་མོ་རང་རང་གི་འོས་བབ་བཞིན་བུད་མེད་ཀྱིས་སྲིད་སྐྱོང་དང་དམག་དོན་གཉེར་བའི་ལོ་རྒྱུས་ཉུང་། འོན་ཀྱང་དགོས་དབང་གིས་འཚོ་བའི་ཁྲོད་དུ་བྱུང་མྱོང་བ་ཧོར་གླིང་ལས། འབྲུག་མོས་གྱོན་མ་མྱོང་རྡོ་རྗེའི་གོ་ཁྲབ་གྱོན། ཁུར་མ་མྱོང་མདའ་གཞུ་ལག་ཏུ་ཁྱེར། གླིང་དམག་གི་མགོ་འཛིན་གྱིས་ཧོར་ལ་དམར་འཛིང་བྱས་པ་དེ། ཁོ་རང་མེད་པའི་མོ་རང་དེ། གཏམ་ལ་མ་མཁས་རང་མཁས་རེད། དེ་བཞིན་བོད་ཀྱི་རྒྱལ་རབས་དང་རྒྱལ་ཕྲན་ཚོ་བ་སོགས་སུ་བུད་མེད་ཀྱིས་སྲིད་བསྐྱངས་པའང་ཡོད། ལར་ཕོ་མོ་རང་རང་གི་ཁམས་དང་དབང་པོར་འཚམས་པའི་བྱ་བ་རེ་ཡོད་པ་གཞིར་བཞག དགོས་སུ་མི་རིགས་སུ་ལའང་བྱ་བ་འགའ་ཞིག་བུད་མེད་ཀྱིས་བྱེད་སྲོལ་ཡོད་མེད་ཐད་ཁྱད་པར་ཆེན་པོ་ཡོད་དེ། བོད་རིགས་ལ་མཚོན་ན། བུད་མེད་ཀྱིས་ཉ་དང་བྱ་སོགས་ཀྱི་སྲོག་མི་གཅོད། ཤོ་བག་ཆང་དང་ཐ་མག་བྱེད་མཁན་ཧ་ཅང་ཉུང་། མ་ཟད་སྐྱེས་པས་སྲིད་སྐྱོང་དམག་ཇག་བྱེས་འགྲོ་ཚོང་ཁེ་སོགས་ཁྱིམ་གཞིའི་ཕྱི་ཡི་བྱ་བ་གཉེར་བ་ན། བུད་མེད་ཀྱིས་ནང་གི་ཁྱིམ་སྐྱོང་དང་ཞིང་འབྲོག་གི་ལས་ཀ་ནུས་ཚོད་ལྟར་སྒྲུབ་ཐོག སྐྱེས་པ་དེའི་བྱ་བའི་རྒྱབ་རོགས་པ་རུ་གྱུར་ཡོད་དེ། གླིང་སྒྲུང་ལས། ཞལ་ཏ་མ་ཉི་ཤུས་བསྐོར་ཏེ། སྐྱེམས་པོ་ཆང་ལ་སྔ་གཏམ། ཁུ་དམར་ཇ་ལ་དགུ་ཞུས། ཤ་ཐུད་གཉིས་ལ་ཚོ་འདྲེན། དཀར་པོ་འབྲས་ལ་སྡེར་ཁ། ཕུན་སུམ་ཚོགས་པའི་འཚོ་བ་དྲངས། ཞེས་སྐྱེས་པའི་ལས་དང་བྱ་བ་ལ་རང་གི་བཟའ་ཟླ་ནི་དེའི་རྒྱབ་སྐྱོར་དང་རོགས་སྒྲུབ་པ་ཞིག་ཡིན་ལ། སྐྱེས་པ་ཡུལ་སྐྱོད་དང་གཡུལ་ཞུགས་སོགས་ལ་མོ་སྨན་གྱིས་སྐྱེལ་བསུ་བྱེད་པ་དེས་ཚེ་རོགས་བཟང་པོའི་སྨོན་ལམ་དང་ནང་སེམས་ཀྱི་བརྩེ་དུངས་རྣལ་མ་མཚོན་ཡོད། ད་དུང་འཚོ་བའི་ཁྲོད་མོ་དུད་མས་ཁྱིམ་ཚང་འཆོས་པ་དང་། ཁྱིམ་བདག་མ་མེད་པའི་ཕོ་དུད་ལ་ཁྱིམ་ཚང་གི་ཚུལ་དང་མི་ལྡན། དེ་ལྟར་ཁྱིམ་པ་འཇིག་རྟེན་པ་ལ་བུད་མེད་ནི་མེད་ན་ཐབས་མེད་དང་། མོ་སྨན་རིག་གནས་ནི་བུད་མེད་ཀྱི་ཕྱི་རྣམ་ཙམ་མིན་པར་སེམས་ཁམས་གཤིས་སྤྱོད་སོགས་དུ་མ་ལ་བརྗོད་པ་རེད། ཁྱོན་ཡོངས་དང་བསྡུར་ན། བོད་ཀྱི་བུད་མེད་ནི་སྐྱེ་ལོ་ཡག གཟུགས་རིང་ཐུང་འཚམས། གཤིས་ཀ་འཇམ། སྐྱེ་མཆེད་སྒྲོས།གསུམ། མཇུག་བསྡུ་བ།
གླིང་སྒྲུང་དུ་འཇང་བཟའ་པདྨ་ཆོས་སྒྲོན་དང་མོན་བཟའ་མེ་ཏོག་ལྷ་མཛེས་སོགས་རྒྱལ་ཁག་གཞན་གྱི་མོ་སྨན་ལ་ས་ཁུལ་རང་རང་གི་ཆས་གོས་གསལ་དགོས་པ་ལ་ཆེར་མི་འདུག དེ་ནི་སྐབས་འདི་དང་འབྲེལ་བ་མི་ཆེ་ཡང་དཔྱད་གཞིར་ལྟ་ཀློག་སྐབས་དེ་ལྟ་བུའི་ཚོར་སྣང་བྱུང་། འདི་ནས་ལྟ་ཚུལ་ཞིག་འདོན་འདོད་པ་ནི། མི་རིགས་རང་གི་ལུགས་དང་མཐུན་པའི་གོས་རྒྱན་མཛེས་བཟོ་ལ་ཡིད་འཇོག་བྱེད་རྒྱུ་ནི་དེང་དུས་ཀྱི་མོ་གསར་མ་དག་གིས་བོད་མོའི་མཛེས་ཆོས་ཀྱི་ལ་རྒྱ་ཞིག་གོ །བརྒྱ་བཤད་སྟོང་གི་སྙིང་པོ། འོ་མ་དཀྲོགས་པའི་མར་ལོ་རུ། བོད་མོ་ནི་སྐྱེ་གཟུགས་ལེགས། གཤིས་རྒྱུད་འཇམ། མཐོ་སྒང་འདིར་གནའ་ནས་ཁོར་ཡུག་དང་སྒྲིག་འཛུགས་དབང་གིས་སློབ་གསོ་རྗེས་ལུས་ཡིན་བཞིན། ལྷག་ཏུ་བུད་མེད་ལ་ཆུང་དུས་ནས་ཞིང་འབྲོག་དང་ཁྱིམ་ལས་ཕྲུག་གུ་སྙོར་སྐྱོང་སོགས་ཀྱི་རྐྱེན་པས་སློབ་སྦྱོང་གི་གོ་སྐབས་ཕྲ། མི་གསོ་སྐྱོང་ལ་མི་འདང་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་དེ་ད་དུང་ལུང་ཁུག་དག་ཏུ་གནས་པ་དེར་བསྒྱུར་བཅོས་དང་། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུར་གལ་ཆེ། །
རྩོམ་པ་པོ་ངོ་སྤྲོད།
བེ་རི་ཚུལ་ཁྲིམས་ནི་རྫ་སྟོད་རྫོང་སུ་རུག་ཡུལ་ཤོག་སྟོད་ཤོག་འབྲོག་སྡེ་རུ་སྐྱེས། སྔ་ཕྱི་རུ་གྲོང་སྡེའི་སློབ་ཆུང་དང་། ཁུལ་ནང་བསྟན་སྤྲུལ་སྐུའི་སློབ་གྲྭ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། མཚོ་སྔོན་མི་རིགས་སློབ་ཆེན་ཡུལ་ཤུལ་བོད་ཡིག་ཆེད་སྦྱོང་འཛིན་གྲྭ། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་གནས་སྐད་ཡིག་སློབ་གླིང་སོགས་སུ་སློབ་གཉེར་བྱས།1997ལོར་རྫ་སྟོ་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་གཉེར། 2010ལོར་རྫོང་སློབ་གསོ་ཅུའུ་སློབ་གསོ་སློབ་ཁྲིད་ཞིབ་འཇུག་ཁང་དུ་ལས་བསྒྱུར་བྱས། 2015ལོའི་ཟླ་ལྔ་པར་རྗོང་རིག་གནས་ཅུའུ་རུ་ལས་བཀོད་བྱས་ནས་ད་བར་དུ་མངོན་མིན་ཤུལ་བཞག་རིག་གནས་ཚན་ཁག་ཏུ་བྱ་བ་སྒྲུབ་བཞིན་མཆིས།
བེ་རི་ཚུལ་ཁྲིམས་ནི2007ལོ་ནས་བཟུང་ད་བར་མི་རིགས་རིག་གནས་སྔོག་འདོན་འཚོལ་སྡུད་དག་སྒྲིག་པ་ཞིག་ཏུ་གྱུར། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཤུགས་ཆེན་རྒྱབ་སྐྱོར་འོག ལེའུ་དགུ་ཅན་གྱི་དམངས་ཁྲོད་གཏམ་རྒྱུད་སྣ་ཚོགས་བརྒྱ་དང་སུམ་ཅུ་ཅན།《སྲིད་པའི་གནའ་སྒྲུང་རིང་མོ།》ཞེས་པ་དང་། གླུ་ཤགས། ལ་ཡུ་དང་། འབྲོག་གླུ། མགུར་མོ་སྟེ་ལེའུ་བཞི་ལ་གླུ་ཚན་ཆིག་སྟོང་ལྔ་བརྒྱ་ལྷག་འདུས་པའི་《གླུ་འབུམ་པོ་ཏི་དགུ་སྒྲིལ།》ཞེས་པ་2013ལོའི་ཟླ་8པར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས། 2015ལོར་ཡུལ་ཤུལ་གཙོ་བོར་བྱས་པའི་སྡེ་དགེ ཆབ་མདོ། སྨར་ཁམས། བདེ་ཆེན། དཀར་མཛེས། སྟེང་ཆེན་བཅས་ཁམས་ཁུལ་གྱི་བྲོ་གཞས། འབྲོག་པའི་ངལ་རྩོལ་གྱི་གཞས་བཅས་གཞས་བྲོ་བརྒྱ་ཕྲག་དུ་མ་ཡོད་པའི་《དམངས་གཞས་བྲོ་ར་ཁྲ་མོ།》དང་། འབྲི་སྟོད་ཀྱི་གླུ་མ་གྲགས་ཅན་ཨོ་ལོའི་ལ་ཤགས་ཆེད་བསྒྲིགས་《ལ་ཤགས་གླུ་ཡིག་ཁྲ་མོ།》དང་། གནས་ཁང་། བཟའ་བཏུང་། གོས་རྒྱན། གཉེན་སྟོན། རྟེན་འབྲེལ་ཁ་གཡང་། རྩེད་མོ། སྒོ་ཕྱུག གོ་མཚོན། བསྟོད་གསོལ། ངལ་རྩོལ། གནས་བཤད་སོགས་ལེའུ་བཅུ་གཉིས་ལྡན་པའི་དམངས་ཁྲོད་བཤད་པ་ཅི་རིགས་བརྒྱ་ཕྲག་ལྷག་དང་།《བོད་ཀྱི་དམངས་ཁྲོད་བཤད་པ།》དང་།《བོད་ཀྱི་དམངས་ཁྲོད་གཏམ་དཔེ།》ཞེས་པར་གཏམ་དཔེ་སྟོང་ཕྲག་ལྷག་ཡོད་པ་དཔར་བསྐྲུན་བྱས། བརྩམས་ཆོས་དེ་དག་ལ་ཆེད་མཁས་པ་དང་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད་བོད་རིག་པའི་དཔྱད་གཞི་ཀློག་དེབ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་མིན་ལྡེའུ་སྣ་ཚོགས་རང་བྱུང་ཁམས་དང་། སྐྱེ་དངོས། སྲོག་ཆགས། མི་ལུས། བཟའ་བཏུང་། ཡོ་ཆས། བྱ་བྱེད་འགུལ་སྐྱོད། གྲངས་ཀ་ཅན། གབ་ཡིག ཁ་མགྱོགས་བཅས་ལེའུ་བཅུ་ཅན་གྱི《ལྡེའུ་རིག་པའི་སྒོ་འབྱེད》དང《དམངས་སྲོལ་རིག་པའི་གཏེར་མཛོད》《བོད་ཀྱི་འབྲོག་པའི་རིག་གནས།》བཅས་དཔར་སྐྲུན་གྱི་སྟ་གོན་གྲུབ་པ་ལས་གཞན་ཡང་བོད་ཀྱི་ཤུགས་བསྟན་ངག་སྒྲུང《བྱ་སྒྲུང་བྱེའུ་སྒྲུང》སློབ་གསོ་སློབ་ཁྲིད་བྱེད་ཐབས་སུ་གཏོགས་པའི《དགེ་རྒན་གྱི་ཟུར་ལྟའི་ཀློག་དེབ》གཉིས་པར་བསྐྲུན་བྱས།
ས་གནས་རང་བཞིན་གྱི་རྩ་ཆེན་རིག་གནས་རྫ་སྟོད་རྫོང་གི་མུ་འབྲེལ་རིག་གནས་དཔེ་ཚོགས《རྫ་སྟོད་རྫོང་གི་རི་ཆུའི་རིག་གནས》ལག་བསྟར་རྩོམ་སྒྲིག་བྱས་པ་མ་ཟད། 《རྫ་སྟོད་རྫོང་གི་ས་མིང་རིག་གནས་བརྡ་འགྲེལ།》《རྫ་སྟོད་རྫོང་གི་མངོན་མིན་ཤུལ་བཞག་རིག་གནས》《རྫ་སྟོད་རྫོང་གི་གནའ་ཤུལ་རིག་གནས》བཅས་རྩོམ་བསྒྲིགས་བྱས་ཏེ་ཀྲུང་གོ་རྒྱལ་སྤྱིའི་སྐད་ཡིག་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། དེ་མིན《རྫ་སྟོད་རྫོང་གི་གེ་སར་རིག་གནས་དཔེ་ཚོགས》ཅེས་པར་ས་གནས་ཀྱི་གསར་སྐྱེས་སྒྲུང་པས་བཤད་པ་དང་སྒྲུང་དཔེ་རྙིང་པ་ཅི་རིགས་དེབ་བརྒྱད་ཅན་མི་འགྱང་བར་ཀློག་པ་པོ་རྣམས་ལ་གཟིགས་འབུལ་ཞུ་རྒྱུ་རེད།
ཁོང་ལ་2002ལོར་རྫོང་རིམ་པའི་ཕུལ་བྱུང་དགེ་དང་། 2003ལོར་གངས་རྒྱན་ན་ཆུང་ཚགས་པར་ཁང་གིས་བྱ་བཞག་རྒྱབ་སྐྱོར་པའི་དགའ་དང་། 2012ལོར་རྫོང་རིམ་པའི་སློབ་ཁྲིད་ནུས་རྩལ་ལྡན་པའི་གཟེངས་རྟགས་དང་། 2013ལོར་རྫོང་རིམ་པའི་ཕུལ་བྱུང་སློབ་གསོ་ལས་སྒྲུབ་པའི་མཚན་སྙན་དང་། ལོ་དེར་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁུལ་ཡོངས་ཀྱི་ཕུལ་བྱུང་རིག་རྩལ་ལས་སྒྲུབ་པའི་གཟེངས་རྟགས་ཕུལ། 2014ལོར་རྫོང་རིམ་པའི་ཕུལ་བྱུང་སློབ་གསོ་སློབ་ཁྲིད་ཞིབ་འཇུག་པའི་གཟེངས་རྟགས་དང་། ལོ་དེར་ཁུལ་རིག་རྩལ་ཚོགས་པས་སྔོན་ཐོན་རིག་རྩལ་ལས་སྒྲུབ་པའི་བྱ་དགའ་དང་། 2015ལོའི་ཟླ་5པར་ཁུལ་རིག་གནས་ཅུའུ་ཀྱིས་མི་རིགས་རིག་གནས་སྲུང་སྐྱོབ་པའི་མི་སྣ་གསར་པའི་གཟེངས་རྟགས་བཅས་ཀྱི་བྱ་དགའ་ཐོབ། ཡང་2015ལོར་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་དེའི་ཁུལ་རིག་རྩལ་ལས་རིགས་ཁྲོད་གྲུབ་འབྲས་འབུར་ཐོན་གྱི་གཟེངས་རྟགས་དང་། 2016ལོར་ཁུལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་། ཁུལ་རྩོམ་སྒྱུ་ལྷན་ཚོགས་གཉིས་ཀྱིས་རིག་རྩལ་ལས་དོན་ཕུལ་བྱུང་བྱས་རྗེས་ཀྱི་བྱ་དགའ་དང་། རྫ་སྟོད་རྫོང་གི་གཙང་གསུམ་འབྱུང་ཡུལ་སྐབས་གཉིས་པའི་ནོར་ནག་དུས་ཆེན་དང་། སྐབས་དང་པོའི་རྫ་ཆུའི་གངས་ལྗོངས་འབྲོག་གླུའི་དུས་ཆེན་སྐབས་ཕུལ་བྱུང་ལས་སྒྲུབ་པ་དང་སྔོན་ཐོན་མི་གཉིས་ཀྱི་བྱ་དགའ་ཐོབ།
རྩོམ་རིག་སྒྱུ་རྩལ་གསར་རྩོམ་གྱི་ཐད་ནས《བོད་ཀྱི་དམངས་སྲོལ》《བོད་ཀྱི་སློབ་གསོ》《གཙང་གསུམ》《གེ་སར་རིག་པ་ཞིབ་འཇུག》སོགས་དུས་དེབ་དང་རིག་དེབ་ཏུ་དཔྱད་རྩོམ་དང་བརྩམས་ཚོས་གང་མང་སྤེལ། དེ་དང་ཆབས་ཅིག་2007ལོར་མཚོ་སྔོན་བརྙན་འཕྲིན་ཁང་གི་ལོ་གསར་མཚན་ཚོགས་སུ་སྤེལ་བའི《ཕ་མ་དྲན་གླུ》དང་།《བྲོ་ར་ཁྲ་མོ》གཉིས་ཀྱི་གླུ་ཚིག་ལ་འདེང་འཇོག་ཆེན་པོ་ཐོབ། གཞན་ཡང《གདུང་འབོད》དང《ཨ་མ་དྲན་གླུ》《དྲིན་ཆེན་ཕ་མ》《ཨ་ཁུ་འབྲོག་པ》སོགས་གླུ་ཚིག་གང་མང་ཞིག་གསར་སྐྱེས་གླུ་པ་གླུ་མ་རྣམས་ཀྱིས་ངག་རྟར་དྲངས་བ་མ་ཟད་ཁོང་གི་གླུ་ཚིག་ལ་མང་ཚོགས་ཀྱིས་ཧ་ཅང་དགའ་བསུ་བྱེད་ཅིང་། བརྗོད་དོན་གླུ་ཚིག་གཙོས་པའི་གླུ་ཚིག་དང་འཁྲབ་གཞུང་གང་མང་གསར་རྩོམ་མཛད།
སྐབས་གཉིས་པའི་རྒྱལ་ཡོངས་ས་མིང་ཞིབ་བཤེར་སྐབས་བློ་འདྲི་ས་དང་། ཡོངས་འཛིན་རིག་མཛོད་རྫ་སྟོད་ཚན་པའི་ལག་བསྟར་འགན་ཁུར་པ་དང་། སྲིད་གྲོས་ཡུལ་ཤུལ་ཁུལ་གྱི་དེང་རབས་རིག་གནས་མཁས་ཅན་ལོ་རྒྱུས་བསྡུ་རུག་སྐབས་རྫ་སྟོད་ཚན་པའི་ལག་བསྟར་བསྡུ་རུག་པའི་འགན་ཁུར་ཞིང་། རྫ་སྟོད་ས་གནས་སློབ་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ། སྲིད་གྲོས་རྫ་སྟོད་རྫོང་སྐབས་བཅུ་བཞི་པའི་ཨུ་ཡོན་དང་། སྲིད་གྲོས་སྐབས་བཅུ་བཞི་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཨུ་ཡོན་ཡང་ཡིན།
བོད་ཀྱི་དམངས་ཁྲོད་རིག་གནས་ནི་ངལ་རྩོལ་མི་དམངས་ཀྱི་རིག་རྩལ་འཚོ་བ་དང་དམ་དུ་འབྲེལ་ཡོད། བེ་རི་ཚུལ་ཁྲིམས་ཀྱིས་བློ་གཅིག་སེམས་གཅིག་གིས་རྒྱུན་ཆད་ལ་ཉེ་བའི་བོད་ཀྱི་དམངས་ཁྲོད་རིག་གནས་སྔོག་འདོན་དང་བསྡུ་སྒྲིག ཉམས་གསོ་དང་གོང་འཕེལ་གཏོང་བར་རང་ནུས་ཅི་ལྕོགས་འདོན་གྱིན་ཡོད་ལ། མདོར་ན་ཁོང་ནི་མི་རིགས་དང་ས་གནས་ཀྱི་རིག་གནས་ལ་ཡོད་ཚད་འབུལ་ནུས་པ་ཞིག་ཡིན།
འབྲེལ་ཡོད་འོས་སྦྱོར།