logo

བོད་སྐད་དང་སྡེབ་སྦྱོར་རིག་པའི་འབྲེལ་བའི་སྐོར་རོབ་ཙམ་གླེང་བ།

རྩོམ་པ་པོ།:དཔལ་མགོན། ཡོང་ཁུངས།:རྔ་བའི་གསར་འགྱུར། དུས་ཚོད།:2018-05-28 ཀློག་གྲངས།:

བོད་སྐད་དང་སྡེབ་སྦྱོར་རིག་པའི་འབྲེལ་བའི་སྐོར་རོབ་ཙམ་གླེང་བ།
དཔལ་མགོན།

     ལར་སྲིད་པའི་ཁམས་ཀྱི་སྐད་དང་ཡི་གེ་ཡོད་པའི་མི་རིགས་རང་མཚན་པ་སོ་སོར། རང་གི་སྐད་ཡིག་གི་ཆོས་ཉིད་དང་ཁྱད་ཆོས་སོགས་དང་འཚམས་པའི་སྡེབ་སྦྱོར་རིག་པའི་གནད་དོན་རེ་ངེས་པར་མཆིས་ཤིང་། སོ་སོའི་སྐད་ཡིག་ནི་སྡེབ་སྦྱོར་རིག་པར་བརྟེན་ཞིང་འབྲེལ་ནས་ཡོད་པར་མ་ཟད། སྡེབ་སྦྱོར་རིག་པའི་ལམ་ནས་སོ་སོའི་སྐད་ཡིག་གི་ཡི་གེ་དང་ཐ་སྙད། རྣམ་དབྱེ་དང་ཚིག་ཕྲད། ཚིག་བཅད་དང་སྒྲ་གདངས་སོགས་ཀྱི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་གྲུབ་ཚུལ་ལ་སོགས་པར་ཞིབ་འཇུག་དང་དབྱེ་ཞིབ་ཟབ་མོ་གནང་བ་བརྒྱུད་དེ། སྐད་ཡིག་གང་དེ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་གཏོང་མུས་སུ་མཆིས། ང་ཚོའི་བོད་སྐད་ཀྱང་དེ་ལས་མ་འདས་པར་སྡེབ་སྦྱོར་རིག་པ་དང་འབྲེལ་བ་ཤིན་ཏུ་ཟབ་སྟེ། རིག་པའི་གནས་ལྔ་ཞེས་པའི་ནང་ཚན་གྱི་སྒྲ་རིག་པའི་ཡན་ལག་གམ། རིག་གནས་ཆུང་བ་ལྔར་གྲགས་པའི་སྙན་ངག་དང་མངོན་བརྗོད། སྡེབ་སྦྱོར་དང་ཟློས་གར། སྐར་རྩིས་བཅས་སུ་དབྱེ་བ་ལྟར། བོད་ཀྱི་སྐད་ཡིག་དང་རིག་གནས་ལ་མཚོན་ན་སྡེབ་སྦྱོར་རིག་པས་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པ་ཝ་ལེར་རྟོགས་ཐུབ།
     སྔོན་བྱོན་མཁས་པས་ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས། སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས་ཞེས་སུ་བསྔགས་པ་ལྟར། སྡེབ་སྦྱོར་དང་མངོན་བརྗོད་གཉིས་ནི་སྙན་ངག་རྩོམ་པར་ཉེ་བར་མཁོ་ཞིང་། འདི་ལས་སྡེབ་སྦྱོར་རིག་པ་དང་ཚིགས་བཅད་སྙན་ངག་བར་གྱི་འབྲེལ་བ་ལེགས་པར་བསྟན་ཡོད། བོད་རང་ལ་མཚོན་ན་སྲོལ་རྒྱུན་རིག་གནས་ཐམས་ཅད་སྔོན་བྱོན་སྐྱེས་བུ་དམ་པས་ཚིགས་བཅད་ལྷུག་སྤེལ་མ་ལས། མང་ཆེ་བ་ཚིགས་བཅད་ཀྱི་ལམ་ནས་ཡི་གེར་ཕབ་ཡོད་པས། ཚིགས་བཅད་སྙན་ངག་གི་ཚེག་བར་གྱི་རིང་ཐུང་དང་མང་ཉུང་། ཚིག་གི་གཅོད་མཚམས་དང་རྒྱན་གྱི་སྦྱོར་ཚུལ་ལ་སོགས་པ་སྡེབ་སྦྱོར་རིག་པར་བརྟེན་ཞིང་། སྡེབ་སྦྱོར་རིག་པའི་ལམ་ནས་ཚིགས་བཅད་ཀྱི་སྦྱོར་སྟངས་སྔར་ལས་ཕུན་ཚོགས་སུ་བཏང་ཡོད་པས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས་ཞེས་པར་གཞིགས་ན། ཚིག་རྒྱན་སྣ་ཚོགས་སུ་སྦྱར་བའི་ཚིགས་བཅད་སྙན་ངག་ལེགས་པོ་ཞིག་འཁྱོངས་པར། ངེས་པར་དེར་འབྲེལ་གྱི་སྡེབ་སྦྱོར་རིག་པར་བྱང་དགོས་པ་ལེགས་པར་རྟོགས་ཐུབ། གོང་གསལ་ལས་གཙོ་བོ་སྡེབ་སྦྱོར་རིག་པས་ཚིགས་བཅད་སྙན་ངག་ལ་ཐོན་པའི་དགེ་མཚན་དང་ཕན་ནུས་བསྟན་ཡོད། ཡིན་ནའང་སྡེབ་སྦྱོར་རིག་པ་ནི་རིག་ཚན་རྐྱང་བ་ཁོ་ནར་འཇུག་པ་ཙམ་མིན་པར། དེར་རིག་ཚན་མི་འདྲ་བ་སོ་སོར་འཚམས་པའི་སྡེབ་སྦྱོར་གྱི་ཕན་ནུས་མི་འདྲ་བ་རེ་ཡོད་ངེས།


འབྲེལ་ཡོད་འོས་སྦྱོར།