ཨ་རིག་དགེ་བཤེས་ཆེན་མོ་དང་ཁོང་གི་མཛད་པ་གླེང་བ།
རྩོམ་པ་པོ།:དབང་མོ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-05-09
ཀློག་གྲངས།:
ཨ་རིག་དགེ་བཤེས་ཆེན་མོ་དང་ཁོང་གི་མཛད་པ་གླེང་བ།
དབང་མོ་སྐྱིད།
དང་པོ། ཨ་རིག་དགེ་བཤེས་ཆེན་མོའི་འཁྲུངས་ཡུལ་གྱི་སྐོར་བཤད་པ།
ལར་རང་རེ་རྣམས་ཀྱིས་ཨ་རིག་དགེ་བཤེས་ཆེན་མོ་ནི་ཨ་རིག་གི་སར་འཁྲུངས་ཞེས་པ་ལས། ཨ་རིག་ཞེས་པའི་ཡང་སྙིང་ད་ལྟའི་ས་ཆ་གང་ཞིག་ལ་ངོས་འཛིན་གྱི་ཡོད་པའི་སྐོར་ཤེས་མཁན་ཤིན་ཏུ་ཉུང་། རྒྱུ་མཚན་ནི་ཧ་ལམ་སྤྱི་ལོ་སྟོང་གཅིག་དང་བདུན་བརྒྱའི་ཡར་སྔོན་ཙམ་ལ་ཨ་རིག་ཅེས་པའི་མདོ་སྨད་ཕྱོགས་ཀྱི་ཚོ་བ་ཤོག་པ་ཆེ་ཤོས་དེར་མགོ་ལོག་གི་ཚོ་བ་གཞན་གྱི་འཕྲོག་བཅོམ་ཐེབས་པ་དང་། ཚོ་བ་རང་གི་ནང་དུ་ཡང་ནང་དམེ་བྱུང་སྟབས་ཁ་འཐོར་དུ་སོང་སྟེ་ས་གནས་གཞན་དུ་གནས་སྤར་བས་དེང་སང་གི་མཚོ་སྔོན་པོའི་ཨ་རིག་དང་། རྨ་ལྷོ་རྫོང་གི་གཙང་ཨ་རིག རྐང་ཚའི་ཨ་རིག་ནག་ཚང་། མདོ་ལ་རྫོང་གི་ཨ་རིག་འབྲོང་ཐུབ་མ་སོགས་སུ་གྱེས། དེ་མིན་རྔ་བ་དང་ནག་ཆུ། ཁམས་ཕྱོགས་བཅས་སུ་ཡང་ཨ་རིག་ཚོ་བའི་རྒྱུད་པ་ཡིན་ཟེར་མཁན་ཡོད་པར་བཤད། གཞན་ཨ་རིག་ཚོ་བའི་མགོ་ཁུངས་ཀྱི་ཐད་ལའང་བཞེད་པ་མི་མཐུན་པ་འགའ་རེ་ཡོད་དེ། མཁས་དབང་དོར་ཞིས་བརྩམས་པའི《མུན་འཇོམས་ནོར་བུའི་ཕྲེང་བ》ལས"སྔོན་མདོ་ལའི་རྒྱུད་དུ་ཨ་ཕྱུག་དང་དཔའ་ཕྱུག་ཅེས་བུ་གཉིས་ཡོད་པ་ལ་ཨ་ཕྱུག་གི་རྒྱུད་པ་རྣམས་འཕེལ་བས་ཨ་རིག་དང་། དཔའ་ཕྱུག་གི་རྒྱུད་པ་རྣམས་འཕེལ་བས་དཔའ་རིས་སུ་གྲགས"①ཞེས་གསུངས་ཡོད་པ་དང་། ཡང《མདོ་སྨད་ཆོས་འབྱུང》དུ། "སྔོན་རྨ་ཆུའི་ཁུག་སོ་ནུབ་ངོས་ན་ཨ་རིག་གི་ས་ཆ་ཡོད་ཅིང། འབྲོང་བ་རྡོ་རྗེའི་བུ་ཨ་རིག་དང་། པདྨ་དབང་གྲགས། བླ་མ་མགོན་གསུམ་གྱི་སྔ་མ་རྨ་ཆེན་གངས་བསྐོར་ལ་སོང་སྐབས་ཨ་ཡིག་རིག་པས་མི་རྒྱུད་ལ་མིང་དེ་ལྟར་གྲགས་ཞེས་དང་། ཡང་ཆུ་ནག་གཡའ་སྔོན་གྱི་རྫ་འདབས་སུ་གཞི་བདག་གི་བུ་ཞིག་སྐྱེས་པར་ཨ་རིག་བནྡེ་གྲགས་པ་དབང་ཕྱུག་ཟེར། དེར་བུ་དགུ་ཡོད་པའི་མི་རྒྱུད་ལས་ཨ་རིག་ཚོ་བ་ཁག་བྱུང་བ་དེང་སང་དུད་སྟོང་ལྷག་ཙམ་ཡོད་པ་འདི་ཡིན"②ཞེས་འཁོད་འདུག་པ་སོགས་བཞེད་ཚུལ་མི་མཐུན། གང་ལྟར་ད་ལྟའི་དུས་སུ་ཨ་རིག་ཅེས་པ་ནི། གཙོ་བོ་མདོ་ལའི་ཨ་རིག་ལ་གོ་དགོས་པར་སྙམ། རྒྱུ་མཚན་གང་ཡིན་ཞེ་ན། སྔར་ཨ་རིག་ལ་ཚོ་བ་བཅུ་གཅིག་ཏེ། འབྲོང་ཐུབ་དང་། དབུས་ལུང་། སྡེ་མང་། བེ་ཧུ། ཧོར་གདོང་། བེ་ཇང་། ཕོ་སྐོར། ནག་ཚང་། ཨ་ཁུ་རུ་བ། ཕུ་རྫ། མང་བཟའ་བཅས་ཡོད་པ་ལས། འབྲོང་ཐུབ་དང་ཨ་ཁུ་རུ་བ་སོགས་ཚོ་བ་དྲུག་མདོ་ལར་གནས་སྤོས་འདུག་པས་སྔར་གྱི་ཚོ་བ་བཅུ་གཅིག་གི་ཕྱེད་ལྷག་ཙམ་ཟིན་ཡོད་པ་དང། ཐོན་སྐྱེད་ཚོ་བའི་གོམས་སྲོལ་སོགས་ཀྱང་མ་ཉམས་པར་རྒྱུད་འཛིན་བྱས་ཡོད་པས་ཡིན་སྙམ། ཨ་རིག་གུར་སྒར་དུ་གྲགས་པའི་དེང་སང་འཛམ་གླིང་སྟེང་གི་གུར་ཆེས་ཆེན་པོ་དེ་ཡང་མདོ་ལའི་ཨ་རིག་དགོན་པར་ཡོད། ཡིན་ཡང་ཨ་རིག་དགེ་བཤེས་ཆེན་མོའི་འཁྲུངས་ཡུལ་ནི་རྨ་ཆེན་གངས་འདབས་ཀྱི་ཨ་རིག་ཚོ་བ་ཡིན་པར་ཐེ་ཚོམ་མི་དགོས་ཏེ། མདོ་སྨད་ཆོས་འབྱུང་སོགས་ཡིག་ཆ་མཐོང་ཚད་ཀུན་ཏུ་ཨ་རིག་དགེ་བཤེས་ཆེན་མོས་པཎ་ཆེན་སྐུ་ཕྲེང་དྲུག་པའི་བཀས་སྐུལ་ལྟར་ཕ་ཡུལ་དུ་ལོག་ནས་རྭ་རྒྱ་དགོན་པ་ཕྱག་བཏབ་ནས་འགྲོ་དོན་བསྐྱངས་ཚུལ་བྲིས་ཡོད་པ་ལས་གསལ་བོར་དཔག་ནུས། གླིང་བ་མཁས་བཙུན་བཟང་བོ་ཞེས་པས་བརྩམས་པའི་ཨ་རིག་དགེ་བཤེས་ཆེན་མོའི་རྣམ་ཐར་ལག་བྲིས་མ་ཞིག་ཏུ་ཨ་རིག་དགེ་བཤེས་ཆེན་མོ་ནི་རབ་བྱུང་བཅུ་གཉིས་པའི་མེ་ཕོ་རྟ(སྤྱི་ལོ1726)ལོར་ཨ་རིག་ཁྱེབ་ཀྱི་སའི་འཚབ་ཤུལ་ཟེར་བའི་ཚོ་བར་ཡབ་མ་ཁྱེ་འཕགས་པ་སྐྱབས་དང་ཡུམ་ཨ་སྐྱིད་བཟང་པོ་ཅོག་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས③ཞེས་འཁོད་འདུག དེ་ཡང་ཨ་རིག་ཁྱེབ་ཅེས་པ་ནི་རྨ་ཆེན་སྦོམ་རའི་ལྷོ་ཞོལ་དང་ཉེ་བའི་ས་ཞིག་ཡིན་པ་བྲག་དགོན་གྱིས་མདོ་སྨད་ཆོས་འབྱུང་དུ་གསུངས། དེས་ན་འཚབ་ཤུལ་ཞེས་པའང་དེ་དུས་ཀྱི་མགོ་ལོག་གི་ཚོ་བ་ཞིག་ཡིན་པ་ཞར་ལ་རྟོགས་ཐུབ་པོ། །
གཉིས་པ། སློབ་གཉེར་མཛད་ཚུལ་བཤད་པ།
ཨ་རིག་དགེ་བཤེས་ཆེན་མོ་འདི་ཉིད་གཞོན་ནུའི་དུས་ནས་མི་གཞི་དང་ཤེས་རབ་བཟང་བས་ཕྱོགས་དེའི་དགེ་བཤེས་རྒྱ་ལི་སྤྲུལ་སྐུ་བློ་བཟང་བསྟན་དར་ཞུ་བས་ཡབ་ཡུམ་གཉིས་ལས་བསླངས་ཏེ་གསོ་སྐྱོང་གནང་། "ཆན་ལུང་གོང་མ་ཁྲི་ལོ་བདུན་པ(1742ལོ)སྟེ་རང་ལོ་བཅུ་བདུན་པའི་སྟེང་རྗེ་དེས་མཐུན་རྐྱེན་སྦྱར་ཏེ་ལྷ་སར་བརྫངས་པས་སེ་ར་ཐེག་ཆེན་གླིང་དུ་ཕྱིན་ཏེ་སེར་བྱེས་མཁས་མང་གྲྭ་ཚང་ལ་ཞུགས། "④ ལོ་བཅུ་གསུམ་གྱི་རིང་དཀའ་སྤྱད་འབད་བརྩོན་ལ་བརྟེན་དབུ་ཕར་འདུལ་མཛོད་ཐུགས་ལ་བྱང་བར་གྱུར། རྣམ་བཤད་སྙིང་པོའི་རྒྱན་དང་མཛོད་ཊཱིཀ་ཐར་ལམ་གསལ་བྱེད་གཉིས་ཀྱིས་མཚོན། རྗེ་བཙུན་པའི་སྤྱི་ཐལ་ཕལ་ཆེར་ཐུགས་ལ་བྱང་བར་བཟུང་ནས། སེ་འབྲས་དགེ་གསུམ་གྱི་མཁས་དབང་མང་པོས་གསལ་ཁ་འབྱེད་མ་ནུས་པའི་དཀའ་གནད་མང་པོ་སོ་སོར་བཀྲལ་ནས་གོ་དཀའ་བ་རྣམས་ལ་གདུལ་བྱའི་བློ་དང་འཚམས་པའི་འགྲེལ་བ་དུ་མ་གནང་། དཔེར་ན་དགེ་བཤེས་བརྒྱ་ཕྲག་གི་དབུས་སུ་ཉན་ཐོས་ཞི་བ་འཚོལ་རྣམས་སོགས་ལ་འགྲེལ་བ་ཉེར་གཅིག་གནང་། དེ་ལྟར་རྩོད་རྒྱུགས་བློ་རྒྱུགས་གང་ནས་ཀྱང་ཆེས་བཟང་བས་ལྷ་རམས་པའི་དམ་བཅའ་འཇོག་དགོས་བྱུང་བར། "ལྷ་རམས་པའི་དམ་བཅའི་ཉིན་དང་པོར་ཀླུ་འབུམ་དགེ་བཤེས་བློ་བཟང་དར་རྒྱས་ཀྱིས་བགྲོ་གླེང་བཏང་བས་གྲངས་ཅན་པའི་ལུགས་ལ་ཨ་རིག་ལུང་བར་རྩྭ་མི་སྐྱེ་ཞེས་ཁས་བླངས་ཀྱང་ཚིག་འཁྲིར་བརྩིས་ཏེ་འགང་ཆུང་བར་བྱེད། འོན་ཀྱང་བདག་སྐྱེས་འགོག་ཚུལ་ལས་བརྩམས་པའི་རྟེན་འབྲེལ་གྱི་འཇོག་མཚམས་ཡིན་པས་དཔྱད་བྱར་སྣང་། ཉིན་གཉིས་པར་རྒྱ་སེང་གེ་སོགས་མཛོད་འདུལ་གྱི་དགེ་བཤེས་གཞོན་པ་མང་པོ་ལངས་པས་མཛོད་ནས་འཛིན་མཚམས་ལ་ནང་འགལ་འགའ་ཞིག་བྱུང་ཡང་སྤྱིར་སློབ་གཉེར་བ་གྲགས་ཅན་ཡིན་པས་ཤོར་གྲས་སུ་མེད་པར་ཨང་དང་པོ་བྱུང"⑤ཞེས་པ་ལྟར། དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་རྗེས་ཁོང་ཉིད་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ནས་སྔགས་ལ་སྦྱངས། དེ་ནས་ཕུར་བུ་ལྕོག་ཏུ་ཕྱིན་ཏེ་ལོ་དྲུག་གི་རིང་ལ་རྗེ་ངག་དབང་བྱམས་པའི་དྲུང་ནས་ཟབ་ཆོས་མང་དུ་གསན་པ་དང་སྒོམ་སྒྲུབ་ཀྱི་ཞོར་རྗེའི་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་བློར་བཟུང་སྟེ་སྐུ་འདའ་ཁའི་བར་ཞལ་འདོན་རྒྱུན་མི་འཆད་པར་མཛད། ལོ་དྲུག་ལ་བླ་མའི་རྒྱལ་ཚབ་མཛད་དེ་རྒྱལ་བའི་ཡོངས་འཛིན་ལ་བཀའ་འགྱུར་གྱི་ལུང་ཕུལ་བ་དང་ལྕང་སྐྱ་རོལ་བའི་རྡོ་རྗེའི་ཐུགས་རྫོགས་ཀྱི་ལས་སློབ་མཛད་པ་སོགས་ཁྲིད་ལུང་མན་ངག་གི་རྒྱུན་སྤེལ་བའི་ལས་མང་དུ་མཛད། པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ལ་དུས་འཁོར་གྱི་དབང་མོ་ཆེ་གནང་བའི་གྲལ་དུ་ཞུགས་ཏེ། དབང་ཡོན་དུ་རང་གི་ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པ་སྙིང་ཐག་པ་ནས་འབུལ་བའི་དམ་བཅའ་མཛད་པས་པཎ་ཆེན་མཆོག་གིས་མཐོང་ཆེན་ཆེན་པོ་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་གནང་། དགེ་བཤེས་ཚང་གིས་ད་དུང་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དང་ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་ལས་བཀའ་ཆོས་མང་དུ་གསན་ཏེ་ཆོས་འབྲེལ་ཟབ་མོ་བཙུགས་པ་དང་། རིག་པའི་ཀློང་བརྡོལ་ཏེ་མདོ་སྔགས་གཞུང་མང་དང་ལྷག་པར་དུ་དབུ་མ་ལ་རྟོགས་པ་ཁྱད་པར་ཅན་མངའ་བས་མཁས་མང་ཀུན་ཀྱིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་འཕྲུལ་དུ་བསྔགས་ལ། ཨ་རིག་དགེ་བའི་བཤེས་གཉེན་ཆེན་མོ་ཞེས་མདོ་དབུས་ཁམས་གསུམ་དུ་སྙན་པའི་གྲགས་པ་ཆེན་པོ་བྱུང་ངོ་། །
གསུམ་པ། རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཏབ་པའི་སྐོར་བཤད་པ།
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་ཨ་རིག་དགེ་བཤེས་ཆེན་མོར་མདོ་སྨད་དུ་ཕེབས་ནས་དགོན་པ་ཕྱག་འདེབས་དགོས་པར་བཀས་བསྐུལ་བ་དང་། རང་གི་ཕ་ཡུལ་ཨ་རིག་ཕྱོགས་ནས་ཀྱང་ཕ་མ་རྒན་རྒོན་གཉིས་ཀྱིས་སྤྱན་འདྲེན་ཕོ་ཉ་བཏང་སྟེ་ཕ་ཡུལ་དུ་ཕེབས་དགོས་ཚུལ་གྱི་ཞུ་ནན་ཆེ་བས་དབུས་གཙང་གི་ལོ་ངོ་བཅུ་གསུམ་རིང་གི་གྲྭ་སྐོར་རེ་ཞིག་མཚམས་བཞག སྤྱི་ལོ1755ལོར་དགེ་བཤེས་ཚང་ཀློང་རྡོལ་བླ་མ་སོགས་ཁོང་ལ་ཆོས་འབྲེལ་ཟབ་པའི་བླ་སྤྲུལ་ཆེ་ཕྲ་མང་པོའི་སྐྱེལ་མ་དང་བཅས་ལྷ་སར་ཁ་བྲལ་ནས་མདོ་སྨད་དུ་ཕེབས། མཚོ་སྔོན་ཕྱོགས་ཀྱི་བོད་སོག་གི་སྐྱ་སེར་མང་པོས་དབང་ཞུས་པ་དང་། ལྷག་པར་དུ་མཚོ་སྔོན་པོ་ཨ་རིག་ཕྱོགས་ཀྱི་ཚེ་དཔལ་མདོ་ཞེས་པའི་ས་ཆར་སོག་པོའི་དཔོན་པོ་དེའུ་ཆིང་ཞུ་བས་དགེ་བཤེས་ཚང་ལ་ནན་ཞུ་ཆེ་བས་ཕྱོགས་དེ་རུ་དབང་ལུང་རྗེས་གསུམ་འདོད་མོས་ལྟར་བསྩལ་བ་དང་། དེ་དང་མཐུན་པར་མདོ་སྨད་ཀྱི་ས་ཆ་གཞན་རྣམས་སུ་ཡང་བཀའ་ཆོས་ཅི་རིགས་གསུང་སྟེ་དད་ལྡན་མང་ཚོགས་ཀྱི་འདོད་མོས་བསྐངས་པས་དགོན་པ་ཕྱག་འདེབས་ཀྱི་འགན་འཁུར་མྱུར་མོའི་སྒོ་ནས་ལག་བསྟར་བྱེད་མ་ཐུབ་པར་རེ་ཞིག་ལུས། དགོན་གནས་འཚོལ་བ་དང་ས་འདུལ་བ། འབྲེལ་འཇོག་མཁན་གྱི་སྦྱིན་བདག་འཚོལ་བ་སོགས་ཀྱི་གྲ་སྒྲིག་ནན་ཏན་བྱས་པ་བརྒྱུད་ཆན་ལུང་ཁྲི་ལོ་སོ་བཞི་བ(1769ལོ)སྟེ་དགུང་ལོ་ཞེ་བཞི་བཞེས་པ་ས་གླང་ལོར་དགོན་པ་འདེབས་འགོ་བཙུགས། དེ་ལ་ཤིང་བཟའ་པཎ་ཊི་ཏས་མཛད་པའི་ཨ་རིག་དགེ་བཤེས་ཀྱི་རྣམ་ཐར་ཚིགས་བཅད་མ་ལས"ཞེ་བཞི་བཞེས་པར་རབ་འདོད་ས་གླང་ལོར། །བཀའ་གདམས་གླེགས་བམ་སོགས་ལས་ལུང་ཟིན་བཞིན། །དགའ་ལྡན་བཀྲ་ཤིས་འབྱུང་གནས་ཞེས་གྲགས་པའི། །ཆོས་སྡེ་གསར་བསྐྲུན་མཛད་ལ་གསོལ་བ་འདེབས། །"⑥ཞེས་གསུངས་ཡོད་པ་ནང་བཞིན། དགེ་བཤེས་ཚང་གིས་ས་དཔྱད་ལེགས་པར་བཏང་བ་ན་རྭ་རྒྱ་བཀྲ་ཤིས་ལྗོངས་ཟེར་བ་དེ་བཀའ་གདམས་གླེགས་བམ་གྱི་ལུང་གིས་གསལ་བར་ཟིན་པའི་གནས་ཁྱད་པར་ཅན་དུ་གཟིགས། དེ་ནི་བཀའ་གདམས་ཕ་ཆོས་ལེའུ་ཉེར་དྲུག་པ་ལས། "རྭ་ནི་རྡུལ་དང་བྲལ་བ་སྟེ། "ཞེས་པས་དགོན་གནས་ཀྱི་མིང་དང་། "ངེད་མཁའ་འགྲོའི་རྒྱལ་མཚན་བསྒྲེངས་པ་འདྲ། ཆོས་དགེ་བཅུའི་འོད་ཟེར་སྤྲོ་བར་བྱེད། "⑦ཅེས་པས་རྒྱལ་མཚན་འོད་ཟེར་ཞེས་དགོན་པ་ཕྱག་འདེབས་པ་པོའི་མཚན་སྒྲ་གསལ་བར་ཐོན་པ་ཡིན་འདུག དགོན་པ་ཕྱག་འདེབས་པར་ཀ་བ་དང་སྡོང་ཆེན། གླ་མིའི་ལྟོ་ཆས་སོགས་དཔལ་འབྱོར་གྱི་ཆ་རྐྱེན་ལེགས་པོ་དགོས་པས་མི་ཕལ་བ་དག་གིས་འགྲུབ་པར་དཀའ་ཡང་། དེ་དུས་དགེ་བཤེས་ཚང་ལ་སྙན་གྲགས་ཆེན་པོ་རྒྱས་ཡོད་པ་དང་། བླ་སྤྲུལ་སེར་སྐྱ་ཐུན་མོང་གི་ཁས་ལེན་ཐོབ་ཡོད་པས་མཐུན་རྐྱེན་སྦྱོར་མཁན་གྱི་ཡོན་བདག་ཀྱང་ཚེགས་མེད་དུ་བྱུང་། "ལོ་དེར་དྲི་གཙང་ཁང་ཀ་བ་ཉི་ཤུ་ཐམ་པ་ཐོག་དཔངས་སུ་བརྐྱངས་ཁྲུ་བཅུ་གཉིས་ཡོད་པ་ཞིག་གཞི་གྲུབ་པར་བགྱིས་པའི་ཀ་བ་ཉི་ཤུ་བོ་དང་། གཞན་སྡོང་ཆེན་བཅུ་བཅས་ཧོ་ཤོས་ཙང་གི་དང་། ཨི་ཅིང་ཐེ་ཇའི་སྐུ་མཆེད་ཀྱིས་ཕུལ་ཞིང་། ཨ་རིག་འཚབ་ཤུལ་གྱི་དཔོན་པོ་བཱེ་ཅིང་ཚེ་རིང་དོན་གྲུབ་དཔོན་འབངས་ཐམས་ཅད་ཀྱིས་དད་འདུན་ཁོ་ནས་སྡོང་ཆེན་ལྔ་བཅུ་ཙམ་དྲངས་ནས་ཕུལ། སླད་ནས་དྲི་གཙང་ཁང་འདུ་ཁང་གི་སྤེན་པད་ཁས་བླངས་ཤིང་གླ་མིའི་ལྟོ་ཆས་སོགས་རྒྱ་ཆེན་བསྒྲུབས།"⑧དེར་མཐུད་ལོ་གཉིས་པ་ནས་བཟུང་ཀ་བ་བཞི་བཅུ་ཅན་གྱི་འདུ་ཁང་དང་། ཀུན་དགའ་ར་བ། རུང་ཁང་ཀ་དྲུག་མ་སྟེང་ཤོད་གཉིས། ཆོས་རར་ལྷ་ཁང་ཀ་བཞི་མ་སོགས་བཞེངས་པ་དང་། སྐྱེད་ཤིང་སོགས་མང་དུ་བཙུགས་ཏེ་ཆན་ལུང་ཁྲི་ལོ་སོ་བདུན་པར(1772ལོར)དགོན་པ་གཞི་གྲུབ། དགོན་མིང་ལ་རྭ་རྒྱ་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་ཞེས་བཏགས། "པཎ་ཆེན་རིན་པོ་ཆེའི་ཞབས་དྲུང་དུ་དགོན་པ་ཕུལ་ནས་འཛིན་བདག་ཞུས་པས་ཞལ་བཞེས་མཛད་པ་མ་ཟད། དགེ་བཤེས་ཚང་ལ་བཀའ་ཤོག་ཞིབ་རྒྱས་གཟེངས་བསྟོད་དང་ཨེར་ཏེ་ནི་མེར་རྒན་མཁན་པོ་ཞེས་པའི་ཆོ་ལོ་གནང་།"⑨ རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་ལོའི་སྨིན་དྲུག་ཟླ་བའི་ལྷ་བབ་དུས་ཆེན་དང་བསྟུན་ལྷ་ཁང་ནང་དུ་གྲྭ་ཚང་བཞུགས་རྒྱུར་མཛད་པ་ལ། "ཐོག་མའི་གྲ་རྒྱུན་ལ་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཁྲི་རྒན་ཚང་ཚུད་པའི་རབ་བྱུང་བ་ཉི་ཤུ་ཙམ་དང་། དད་འདུས་ཀྱི་དགེ་སློང་དྲུག་བདུན་དང་བཅས་ཕྱོགས་འདིར་སྔར་མེད་པའི་དགེ་འདུན་གྱི་སྡེ་ཞིག་བཙུགས།"⑩རྭ་རྒྱ་དགོན་པ་གསར་དུ་བཏབ་པས་ས་ཕྱོགས་དེར་དགེ་ལུགས་པའི་བསྟན་པ་འཕེལ་བར་རྨང་གཞི་བརྟན་པོ་བཙུགས་པ་དང་། དགེ་བཤེས་ཚང་མདོ་སྨད་དུ་ཕེབས་ནས་ཡུལ་མཐའ་འཁོབ་ཏུ་བསྟན་པ་སྤེལ་བའི་ཐུགས་སྨོན་རླབས་ཆེན་དེའི་ཆ་ཙམ་ཡང་མངོན་འགྱུར་བྱུང་བ་རེད། དགོན་པར་སེར་བྱེས་ལྟར་གྱི་མཚན་ཉིད་གྲྭ་ཚང་བཙུགས་པས་རྩོད་པར་བྱང་ཞིང་གཞུང་མང་ཐུགས་ལ་ཆུད་པའི་སློབ་བུ་མང་པོ་འབྱུང་བར་སློབ་གསོའི་སྒྲིག་གཞི་ཡག་པོ་མཁོ་འདོན་བྱས་པ་རེད། རྗེས་སུ་རྭ་རྒྱ་དགོན་པར་ཤིང་བཟའ་པཎ་ཊི་ཏ་དང་ཡབ་རྗེ་གསེར་ཁང་བ་སོགས་སྐྱེས་བུ་ཆེན་པོ་ཁག་ཅིག་བྱུང་བ་ཡང་དགོན་པའི་སློབ་གསོའི་སྒྲིག་གཞི་ལེགས་པོ་དེ་དང་ཁ་བྲལ་ཐབས་མེད་དོ། །
བཞི་བ། ཆོ་ག་ཆོས་ཐོག་གི་སྲོལ་བཙུགས་པའི་སྐོར་བཤད་པ།
ཤིང་བཟའ་པཎ་ཊི་ཏས་མཛད་པའི《ཨ་རིག་དགེ་བཤེས་ཆེན་མོའི་རྣམ་ཐར་ཚིགས་བཅད་མ》ལས། "སྡེ་འདིར་བྱེས་པ་གྲྭ་ཚང་ཇི་བཞིན་དུ། །ཟླ་ཆོས་དྲུག་དང་ཟླ་ཕྱེད་དུས་ཆོས་བཟུང་། །དབྱར་གནས་རིགས་གྲྭ་དུས་སྨོན་ཆགས་མེད་རིགས། །གཏོང་ཐེབས་བཅའ་ཁྲིམས་བསྡམས་ལ་གསོལ་བ་འདེབས། །"ཞེས་པ་ནང་བཞིན། རབ་བྱུང་བཅུ་གསུམ་པའི་ས་གླང་ལོ་སྟེ་སྤྱི་ལོ1769ལོའི་ཟླ་བ་དགུ་བའི་ལྷ་བབ་དུས་ཆེན་དང་བསྟུན་ནས་ཨ་རིག་དགེ་བཤེས་ཆེན་མོས་རྭ་རྒྱ་དགོན་པར་སེར་བྱེས་གྲྭ་ཚང་དང་ཇི་བཞིན་ཡིན་པའི་ཆོས་ཐོག་གསར་དུ་བཙུགས། ཆོས་ཐོག་དེ་དག་ནི། ཟླ་དགུ་བའི་ཡར་ངོའི་ཚེས་བཅུ་བཞི་ནས་སྟོན་ཆོས་ཆེན་མོ་ཐོག་མར་བཙུགས་ནས་ཟླ་བཅུ་བའི་ཚེས་བཅུ་བཞི་བར་དུ་འཛིན་པ་དང་། བཅུ་གཅིག་པའི་ཚེས་བཅུ་དྲུག་ནས་བཅུ་གཉིས་པའི་ཚེས་བཅུ་དྲུག་བར་ནི་དགུན་ཆོས་ཆེན་མོ་དང་། ཟླ་དང་པོའི་ཚེས་བཅུ་དྲུག་ནས་གཉིས་པའི་ཚེས་བཅུ་དྲུག་གི་བར་དཔྱིད་ཆོས་དང་པོ་དང་། གསུམ་པའི་ཚེས་བརྒྱད་ནས་བཞི་བའི་ཚེས་བརྒྱད་བར་དཔྱིད་ཆོས་གཉིས་པ་དང་། བཞི་བའི་བཅུ་བདུན་ནས་ལྔ་པའི་ཚེས་གཅིག་བར་དཔྱིད་ཆོས་གསུམ་པ། ལྔ་བའི་བཅུ་བཞི་ནས་དྲུག་པའི་བཅུ་བཞིའི་བར་དབྱར་ཆོས་ཆེན་མོ་དང་། བདུན་པའི་བཅུ་བདུན་ནས་བརྒྱད་པའི་ཚེས་གཅིག་གི་བར་སྟོན་ཆོས་དང་པོ་དང་། བརྒྱད་པའི་ཚེས་བརྒྱད་ནས་དགུ་བའི་ཚེས་བརྒྱད་ཀྱི་བར་སྟོན་ཆོས་གཉིས་པ་དང་། ཟླ་བཤོལ་ཡོད་ཚེ་མར་ངོ་ཡར་ངོའི་བཅོ་ལྔའི་ཆོས་ཐོག་རེ་ངེས་པར་འཛིན་དགོས་པ་བཅས་གཏན་འབེབ་གནངས། གཞན་རྒྱུན་ཇ་ཚོགས་ཐེངས་རེར་ནམ་ཡང་ཆག་མེད་དང་། ལོ་རེ་བཞིན་ཟླ་ཆོས་དྲུག་རེ་དང་བཅོ་ལྔར་ཆོས་གཉིས་རེ་བཅས་ཆོས་ཐོག་བརྒྱད་རེ། ཆོས་ཐོག་གང་ཡིན་ལ་མང་ཇ་ཚོགས་ཐེངས་གཉིས་རེ་དང་ཆོས་གྲྭ་ཚོགས་ཐེངས་གསུམ་རེ། ཚོགས་བར་གྱི་དམ་བཅའ་རྩོད་པ་སོགས་སེར་བྱེས་ནང་བཞིན་དང་། ཆོ་འཕྲུལ་སྨོན་ལམ། ལྔ་མཆོད་སྨོན་ལམ། བཟང་སྤྱོད་སྨོན་ལམ་སོགས་དང་། དེ་དག་གི་སྐབས་རྣམས་སུ་ཕོགས་ཇ་ཚུལ། ཆོ་ག་ཕྱག་ལེན་འདི་ཕན་ཚུན་གྱི་བཅས་མཚམས་སོགས་གསལ་བོར་གཏན་ལ་ཕབ། ཆོ་ག་ཆོས་ཐོག་གི་སྲོལ་དེ་རྣམས་གསར་དུ་བཙུགས་པ་དང་བསྟུན། དགེ་བཤེས་ཚང་གིས"སེར་བྱེས་སྒྲིག་ལམ་ཡིག་ཆ་གཞིར་བྱས་པའི་སྟེང་། རྣམ་བཤད་སྙིང་པོའི་རྒྱན་དང་། ལེགས་བཤད་སྙིང་པོ། ཕར་ཕྱིན་དར་ཊཱི་ཀ་རྩ་འཇུག་གི་ཊཱི་ཀ་ཆེན། ལམ་རིམ་ཆེ་ཆུང་སོགས་གཞུང་ཆེན་མོའི་འཛིན་སྐྱོང་གཙོ་བོར་བཏོན་པའི་འཆད་ཉན་ཀྱི་སྲོལ་བཟང་བཙུགས" རིགས་གྲྭ་དང་། རིགས་ཆུང་གི་སྐོར་དང་། ལོ་རེ་རེའི་ནང་དུ་གླིང་བསྲེ་ལ་དཀའ་བཅུ་དང་། རྡོ་གཅལ་དང་། སྨོན་ལམ་རབ་འབྱམས་པའི་མིང་བཏགས་གང་ཡིན་གྱི་བཤད་པ་དམ་བཅའ་སོགས་ཐམས་ཅད་སེར་བྱེས་ནང་ལྟར་གྱི་དེབ་ཡིག་སོར་གནས་བྱས། དེ་ལྟར་རྭ་རྒྱ་དགོན་པར་དབུས་ཀྱི་གདན་ས་ཆེན་མོ་སེར་ར་ཐེག་ཆེན་གླིང་གི་སེར་བྱེས་མཁས་སྙན་གྲྭ་ཚང་ལྟར་གྱི་ཆོ་ག་ཆོས་ཐོག་དང་འཆད་ཉན་གྱི་སྲོལ་ཇི་མ་ཇི་བཞིན་ཏུ་བཙུགས་པས་དགོན་པའི་སྒྲིག་གཞི་ཚགས་དམ་པར་གྱུར་པ་དང་། གྲྭ་བའི་སློབ་གཉེར་གྱི་ཁོར་ཡུག་ཡག་པོ་ཞིག་ཆགས་པ་རེད། དེ་ནི་དུས་རབས་བཅུ་དྲུག་པའི་མདོ་སྨད་ས་ཁུལ་ལ་མཚོན་ན་དགོན་སྡེའི་སློབ་གསོའི་བཅོས་སྒྱུར་ཆེན་པོ་ཞིག་རེད་ཅེས་བཤད་ཆོག རྒྱུ་མཚན་ནི་དེའི་ཡར་སྔོན་དུ་མདོ་སྨད་ཀྱི་དགོན་སྡེ་ཁག་ཏུ་གདན་ས་སེར་འབྲས་དགེ་གསུམ་གྱི་ཆོས་ཐོག་གི་སྲོལ་ཅུང་ཟད་ཙམ་ཡང་མ་སྒུལ་བར་ཇི་མ་ཇི་བཞིན་རྒྱུད་འཛིན་བྱས་པ་ཉུང་བས་ཡིན། སྤྱིར་སངས་རྒྱས་ཆོས་ལུགས་ལ་མཚོན་ན་ཡང་ཡུལ་མཐའ་འཁོབ་པས་བསྟན་པའི་མགོ་ཁུངས་དབུས་གཙང་ལ་གཏུགས་པ་དང་། དབུས་གཙང་གིས་རྒྱ་གར་ལ་གཏུགས་པ་ཆོས་ཉིད་དུ་གྲུབ་པས། ཨ་རིག་དགེ་བཤེས་ཆེན་མོས་རྭ་རྒྱར་ཐད་ཀར་སེར་བྱེས་ལྟར་གྱི་ཆོས་ཐོག་དང་འཆད་ཉན་གྱི་སྲོལ་བཙུགས་པ་དེས་མདོ་སྨད་ཡུལ་གྲུ་གཞན་གྱི་འཆད་ཉན་གྱི་སྒྲིག་གཞིར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས་ན། དགེ་བཤེས་ཚང་གི་བསྒྱུར་བཅོས་ཆུང་ཆུང་དེས་ཨ་རིག་ཙམ་དུ་མ་ཟད་སྤྱི་མདོ་སྨད་གྱི་བསྟན་པའི་དག་ཐེར་ལ་དགེ་ཕན་ཆེན་པོ་ཐོབ་ཡོད་དོ། །
ལྔ་བ། དགེ་འདུན་པའི་བསླབ་ཁྲིམས་དག་ཐེར་མཛད་པའི་སྐོར་བཤད་པ།
ཨ་རིག་དགེ་བཤེས་ཆེན་མོ་རང་ཉིད་ནི་འདུལ་བའི་བཅས་མཚམས་ཕྲ་མོ་དག་མིག་འབྲས་ལྟར་སྲུང་མཁན་གྱི་འདུལ་འཛིན་མཁན་ཆེན་པོ་ཞིག་ཡིན་པས། ཁོང་གིས་ཐོག་མར་རྭ་རྒྱ་དགོན་པར་དབུས་གཙང་གི་གདན་ས་ཆེན་མོ་རྣམས་དང་ལྷག་པར་དུ་སེར་བྱེས་ལྟར་གྱི་དགེ་འདུན་ཐུན་མོང་གི་བཅའ་ཁྲིམས་གཏན་ལ་ཕབ་པ་དང་། སྐུ་ཚེ་མཇུག་ཏུ་གནས་ངེས་མེད་ཀྱི་དགོན་སྡེ་རྣམས་ཀྱིས་གདན་དྲངས་པ་ལྟར་ཕེབས་སྐབས་ཀྱང་གྲྭ་རིགས་རྣམས་ལ་གྲྭ་བའི་བཅའ་ཁྲིམས་སྐོར་གྱི་ཞལ་ཏ་མང་པོ་གནང་། ཁོང་གི་འབད་བརྩོན་དེ་དག་གིས་མདོ་སྨད་ཡུལ་གྲུ་ཀུན་ཏུ་དགེ་འདུན་པའི་སྤྱོད་ལམ་ཡག་པོ་ཞིག་ཆགས་པར་བྱེད་ནུས་གལ་ཆེན་བཏོན་འདུག་ཏེ། "ཨ་རིག་དགེ་བཤེས་ཀྱིས་ཁ་ཤོམ་ལག་ཤོམ་མ་བྱས་ན་མཚན་ཉིད་གྲྭ་ཚང་གི་ཐ་སྙད་མེད། "ཅེས་པའི་གཏམ་དཔེ་ལྟར་མི་རྣམས་ཀྱི་ཁ་རྒྱུན་དུ་གྲགས་ཡོད་པ་ལས་རྗེས་སུ་དཔག་ཐུབ། དུས་སྐབས་དེར་ཨ་རིག་སོགས་ཀྱི་ས་ཆ་རུ་ཆོས་སྡེ་ཐོག་མར་བྱུང་བ་ཡིན་པས་གྲྭ་བ་རྣམས་ཀྱིས་རང་གི་སྤྱོད་ལམ་ལ་དེ་འདྲའི་དང་དོད་ཆེན་པོ་བྱེད་ཀྱི་མེད། དཔེར་ན་དེ་དུས་གྲྭ་བ་ཁ་ཤས་ཀྱིས་རང་གི་སྡེ་བ་དང་ཁྱིམ་ཚང་གི་དབང་འཛིན་གྱི་ཡོད་པས། དགེ་བཤེས་ཚང་གིས། སྔོན་གྱི་དགེ་ཚུལ་སློང་རྣམས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཟེར་བ་རེད། དེང་སང་སྡོམ་པ་བླངས་ཚར་ནས་སླར་ཁྱིམ་གྱི་བྱ་བྱེད་ཐམས་ཅད་ཀྱི་དབང་གྲྭ་བས་འཛིན་གྱི་ཡོད་པས། དེ་ཚོ་རབ་བྱུང་བ་མ་རེད། དེ་ལ་མིང་ཞིག་འདོགས་ན་རབ་མཛད་ཟེར་དགོས་གསུངས་ཤིང་། ལྟ་སྤྱོད་དེ་རིགས་གཙང་སེལ་བྱས་ནས་དགོན་པའི་འདུལ་ཁྲིམས་ལ་དག་ཐེར་མཛད། དགེ་བཤེས་ཚང་གིས་དེར་ཡོད་དགེ་འདུན་པ་རྣམས་ལ་ཆོས་ཐོག་གི་སྒྲིག་ལམ་དང་ཆོས་མཚམས་ཀྱི་བཅའ་ཁྲིམས་གཉིས་གཏན་འབེབ་བྱས་ཡོད་པ་ནི། ཆོས་ཐོག་གི་སྒྲིག་ལམ་ལ་ཁོང་གིས་དགེ་འདུན་རྣམས་ཀྱི"ཚོགས་བཞུགས་ཀུན་སྤྱོད་བཞེས་པ་བཞེས་ལུགས། ཞལ་འདོན་གསུང་ལུགས། ན་བཟའ་མནབ་ལུགས། སིལ་སྙན་དཀྲོལ་ལུགས། ཕྱག་རྒྱ་འཕྱང་ལུགས། ནང་མཆོད་འཐོར་ལུགས། དྲིལ་སྟོབས་གནང་ལུགས། གདངས་རིང་ཐུང་། མདོར་ན་ཚིག་ཕྲད་སྦྱོར་ལུགས། སྐུ་མཚམས་བྱེད་ལུགས། ཐ་ན་གནས་ཁང་བྱི་དོར། སྐུ་གསུང་ཐུགས་རྟེན་བཀྲམ་ལུགས། མཆོད་པ་བཤམས་ལུགས། ཕྱག་འཚལ་ལུགས། མཎྚལ་འབུལ་ལུགས། གང་ཡིན་གྱི་སྐབས་སུ་འདོན་པ་གསུང་ལུགས"ཞེས་པ་སོགས་གསལ་བོར་གཏན་ལ་ཕབ་པ་དང་། ཆོས་མཚམས་ཀྱི་བཅའ་ཁྲིམས་སྐོར་ལ་སྟོན་དུས་འབྲུ་སྒྲུབ་ལ་དགེ་སྐོས་ཀྱིས་གནང་བ་བྱུང་ན་སོང་ཆོག་ཀྱང་ལམ་བར་དུ་སོག་ཆས་སྤྲས་པ་དང་། མདའ་གཞུ་དང་། མེ་མདའ་སོགས་ཐོགས་ས་མེད་ཅེས་དང་། གྲོང་ཆོག་སོགས་སུའང་གྲྭ་བ་བཞི་ཙམ་ཚོགས་ཕྱིན་འདོན་ཆ་བཞུགས་ཚུལ་སོགས་ཆོས་སྡེ་རང་གི་ཁྲིམས་ལ་གནས་དགོས་པ། "ཁྲིམས་གྲོགས་མེད་པར་བུད་མེད་དང་ལྷན་ཅིག་གནས་པའི་གླེང་གཞི་བྱུང་ཕྱིན་ཆོས་སྲུང་དཔང་བཞུགས་ཀྱི་ཕྱག་འཚལ་བ་དང་དག་མ་ཐོན་ན་གནས་དབྱུང་བྱ་དགོས་པ"སོགས་སྒྲིག་ལམ་ཕྲ་ཞིང་ཞིབ་པ་མང་པོ་གཏན་འབེབ་བྱས་ཡོད། དེ་དག་ཞིབ་རྒྱས་ཁོང་གིས་བརྩམས་པའི་བཅའ་ཡིག་བློ་གསལ་གཉིས་འཐུང་འགུགས་པའི་ལྕགས་ཀྱུ་རུ་གསལ་བས་ཤེས་འདོད་མཁན་ཚོས་དེར་གཟིགས་འཐུས་སོ། །
དྲུག་པ། བུ་སློབ་བསྐྱངས་པའི་སྐོར།
དགེ་བཤེས་ཚང་གིས་སྐུ་ཚེ་གང་བོར་བསྟན་པའི་ཁུར་ཆེན་བཏེགས་ནས་བུ་སློབ་མང་པོ་ཞིག་བསྐྱངས། དེའི་ཁྲོད་ཐུགས་ཀྱི་སྲས་ལྟ་བུར་འཁུམས་པ་ནི་ཤིང་བཟའ་པཎྡི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་ཡིན་འདུག དེ་བས་མི་རྣམས་ཀྱི་རྗེ་འདི་གཉིས་ལ་ཤིང་བཟའ་དཔོན་སློབ་ཞེས་ཀྱང་འབོད། དགེ་བཤེས་ཚང་གིས་ཤིང་བཟའ་པཎ་ཊི་ཏ་འདི་ཉིད་ཆུང་ངུའི་དུས་ནས་ཐུགས་ཞིབ་མོས་གསོ་སྐྱོང་གནང་བ་དང་དེ་ཉིད་དགུང་ལོ་བཅུ་བདུན་ལ་སོན་སྐབས་བདག་རྐྱེན་གང་ལེགས་སྦྱར་ཏེ་ལྷ་སར་བརྫངས། སེར་བྱེས་བྱ་བྲལ་ཁམས་ཚན་དུ་ཞུགས་ནས་རབ་བྱུང་བཅུ་གསུམ་པའི་མེ་མོ་ལུག་ལོར་ལྷ་སའི་སྨོན་ལམ་གྱི་གྲྭ་སྐོར་མཛད་ནས་ལྷ་རམས་པ་ཨང་དང་པོའི་ཐོབ་ཐང་བླངས་པས་བོད་གཞུང་ས་མཆོག་ནས་པཎྡི་ཏའི་བཀའ་ཤོག་གནང་། དེ་ནས་རྗེ་འདི་བ་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་རྒྱུད་གྲྭར་འགྲིམས་ཏེ་སྔགས་ཀྱི་དམ་བཅའ་ཆེན་མོ་དང་། དགེ་བསྐོས་ཐོན་པར་མཛད། རབ་བྱུང་བཅུ་གསུམ་པའི་ཁྱི་བྱི་ལོར་ཕྱིར་རང་དགོན་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ལ་སླེབས་ཏེ། མཚན་ཉིད་གྲྭ་ཚང་སྔར་ཡོད་ཀྱི་སྟེང་དུ་རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་། རྟ་མགྲིན་གྲྭ་ཚང་སོགས་རིམ་གྱིས་གསར་འཛུགས་གནང་བ་ཡིན་ནོ། །
ཨ་རིག་དགེ་བཤེས་ཆེན་མོར་ཤིང་བཟའ་པཎྡི་ཏ་ལས་སྲས་ཀྱི་ཐུ་བོ་གཞན་ཞིག་ཡོད་པ་ནི་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་ཡིན། འདི་བ་ཨ་རིག་ཆུ་སྟོད་དུ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་ལོར་འཁྲུངས། དགེ་བཤེས་ཚང་གིས་ར་ཡོབ་འཇམ་དབྱངས་ཀུན་དགའི་སྤྲུལ་སྐུར་ཐག་བཅད་པ་དང་། འཇིགས་བྱེད་ཀྱི་དབང་དང་ལམ་རིམ་ཆེན་མོ་སོགས་ཀྱི་ལུང་བསྩལ། རྗེ་འདི་བ་རྭ་རྒྱའི་ཉེ་འཁོར་རྒོད་པོ་རྫོང་དང་མཚོ་སྙིང་སོགས་སུ་སྐུ་མཚམས་བསྡད་མྱོང་། གསེར་ཁང་དུ་འདུག་སྦྱར་གྱིས་ལོ་མཚམས་ཁ་ཤས་གནང་བས་གསེར་ཁང་པར་གྲགས། བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་ལ་སོང་བ་དང་། སྔ་གཞུག་ཏུ་བྱ་ཁྱུང་དང་། ཁྲི་ཀ ལ་མོ་བདེ་ཆེན། རོང་བོ། དཔའ་རིས་མཆོད་རྟེན་ཐང་། དགོན་ལུང་། གསེར་ཁོག སྐུ་འབུམ། ཏན་ཏིག རི་བོ་རྩེ་ལྔ་སོགས་ལ་ཕེབས་ཏེ་འགྲོ་དོན་བསྐྱངས་མྱོང། སྤྱིར་བཏང་དུ་མི་རྣམས་ཀྱིས་ཨ་རིག་དགེ་བཤེས་ཆེན་མོ་དང་། ཤིང་བཟའ་པཎྡི་ཏ། ཡབ་རྗེ་གསེར་ཁང་པ་གསུམ་ལ་ཨ་རིག་དགེ་བཤེས་ཆེན་མོ་ཡབ་སྲས་གསུམ་དུ་འདྲེན་གྱིན་ཡོད།
རབ་བྱུང་བཅུ་གསུམ་པའི་ཆུ་གླང་ལོ་སྟེ(1773ལོ)རང་ལོ་དྲུག་ཅུ་རེ་བདུན་པ་ནས་བཟུང་དགེ་བཤེས་ཚང་གིས་གདན་ས་ཤིང་བཟང་པཎྡི་ཏར་གཏད་ནས་རང་ཉིད་བྱ་བཏང་གི་ཚུལ་གྱིས་མདོ་སྨད་ཀྱི་ཡུལ་གྲུ་ཀུན་ཏུ་ཕེབས་ནས་བསྟན་པ་དག་ཐེར་དང་བུ་སློབ་གསོ་སྐྱོང་གི་ལས་ལ་ཞུགས། སྐབས་དེར་དགོན་པ་མང་པོས་སྤྱན་དྲངས་པ་ལྟར་ཕེབས་ཏེ་དབང་ལུང་མན་ངག་གི་ཆོས་འཁོར་ཡང་ཡང་བསྐོར། དེ་ལ་གཙོ་བོར"ལྕང་སྐྱ་རིན་པོ་ཆེས་རིགས་བརྒྱའི་ཅོད་པན་དུ་སྤྱན་དྲངས་པ་ལ་ཕེབས་ཏེ་དབང་དཀའ་བཤད་དཀའ་ཁྲིད་ལུང་སོགས་ཟབ་ཆོས་ཡང་ཡང་བསྩལ"ཏེ། སློབ་བུ་མང་པོར་ཆོས་འབྲེལ་བཙུགས་པ་དང་། ཡང་ཁོང་གི་སློབ་མའི་གཙོར་གྱུར་པ་གཙང་སྤྲུལ་བསྟན་པ་རྒྱ་མཚོ་མཆོག་གིས་གདན་དྲངས་པ་ལྟར་གཙང་དགོན་དོན་འགྲུབ་རབ་བརྟན་གླིང་དུ་ཕེབས་ཏེ་གཙང་པཎྜི་ཏ་གཙོས་སྐྱེས་ཆེན་དང་བླ་གྲྭ་ཡོངས་ལ་དབང་ལུང་མན་ངག་མང་པོ་གནང་སྟེ་སློབ་བུའི་འཁོར་ཚོགས་བསྐྱངས་པ་དང་། རོང་བོ་ནོ་མོན་ཧན་ཤར་སྐལ་ལྡན་རྒྱ་མཚོས་ཁོང་བླ་མར་བསྟེན་ནས་ཞུས་པས་ཕྱོགས་དེར་ཕེབས་ནས་དབང་ལུང་བཀའ་ཆོས་མང་དུ་བསྩལ་བ་དང་། གཡེར་གཤོང་རྡོ་རྗེ་འཆང་གིས་ཁོང་དགེ་རྒན་དུ་བསྟེན་ནས་ནན་ཏན་ཆེན་པོས་ཞུས་པ་ལ་ཕེབས་ཏེ་བཀའ་ཆོས་མང་དུ་གསུང་སྟེ་སློབ་བུའི་འཁོར་རྣམས་བསྐྱངས་པ་དང་། ལཱ་མོ་ཆོས་ཀྱི་རྒྱལ་བོས་ཞུས་པ་ལྟར་བདེ་ཆེན་དགོན་དུ་ཕེབས་ནས་ཕྱོགས་དེའི་དད་ལྡན་སློབ་འབངས་ལ་དབང་ལུང་ཅི་རིགས་བསྩལ། དེ་ལྟར་དགེ་བཤེས་ཚང་སྔ་གཞུག་ཏུ་སྐུ་འབུམ་བྱམས་པ་གླིང་དང་། བཙན་པོའི་དགོན་ཆེན། བྱ་ཁྱུང་། ཆོས་བཟང་དགོན། སྟོང་སྐོར་དགོན། རོང་བོ་དགོན་ཆེན་སོགས་ལྷོ་རྒྱུད་དང་བྱང་རྒྱུད་ཀྱི་དགོན་སྡེ་ཆེ་ཕྲ་མཐའ་དག་ལ་ཕེབས་ཏེ་བོད་སོག་གི་བླ་དཔོན་ཆེ་ཕྲ་ཅི་རིགས་ལ་རང་རང་འདོད་མོས་ལྟར་དབང་ལུང་བཤད་ཁྲིད་མང་པོ་གནང་པའི་སྒོ་ནས་སློབ་བུ་མང་དུ་བསྐྱངས་ཡོད། དེའི་ཁྲོད་དུ་མཁས་པ་ཆེན་པོར་གྱུར་ཏེ་བསྟན་པའི་ཁུར་ཆེན་འདེགས་མཁན་བྱུང་བ་ལ་གཙོ་བོར་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་། སྨིན་གྲོལ་བཙན་པོ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས། ཚ་གན་ནོ་མོན་ཧན་རིན་པོ་ཆེ། སྟོང་སྐོར་འཇམ་དབྱངས་རྒྱ་མཚོ། ལྭ་མོ་གསེར་ཁྲི་ངག་དབང་ཐུབ་བསྟན་དབང་ཕྱུག་དཔལ་ལྡན་འཕྲིན་ལས་རྒྱ་མཚོ། གཙང་པཎྡི་ཏ་བསྟན་པ་རྒྱ་མཚོ། རོང་བོ་ནོ་མོན་ཧན་ཤར་སྐལ་ལྡན་དགེ་འདུན་འཕྲིན་ལས་རབ་རྒྱས། གཡེར་གཤོང་དགེ་འདུན་ཟླ་གྲགས། ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་སོ། །
བདུན་པ། ཐབས་མཁས་ཀྱི་སྒོ་ནས་ཁ་མཆུ་འཁྲུག་རྩོད་བསྡུམས་པའི་སྐོར་བཤད་པ།
རྣམ་ཐར་གསོལ་འདེབས་ཚིགས་བཅད་མ་ལས། "སྐད་དང་ཆ་ལུགས་མི་མཐུན་རྒྱ་བོད་ཀྱི། །འཁྲུགས་ཆེན་མེ་དཔུང་མཆེད་ནས་བཟློག་དཀའ་རྣམས། །ཐབས་མཁས་ཆར་གྱིས་དེ་མ་ཐག་ཏུ་བཅིལ། །མགོན་པོ་ཐུགས་རྗེའི་གཏེར་ལ་གསོལ་བ་འདེབས། །"ཞེས་པ་ནང་བཞིན། དགེ་བཤེས་ཚང་གིས་རང་ཉིད་ཕེབས་ས་དང་བཞུགས་ས་གང་དུ་ཡང་གཞུང་མང་མཁྱེན་པའི་བློ་རྩལ་དང་རྒྱ་བོད་སོག་གསུམ་གྱི་སྐད་རིགས་མཁྱེན་པའི་ལེགས་ཆ་སྤྱད་ནས་མི་རིགས་ཕན་ཚུན་བར་བྱུང་བའི་ཁ་མཆུ་རྩོད་གླེང་མང་པོ་བསྡུམས་པ་རེད། དཔེར་ན། "ཁོང་ཉིད་དབུས་གཙང་ནས་ཕྱིར་མདོ་སྨད་དུ་ཕེབས་ནས་བཞུགས་སྐབས་ཤིག་ལ། ཆིན་དབང་བསྟན་འཛིན་དབང་ཕྱུག་གི་བུ་གསུམ་པ་རྡོ་རྗེ་ཕ་ལམ་ཞེས་པ་དེས་ཆིན་རྒྱལ་རབས་ལ་འབྲེལ་འདྲིས་དམ་པོར་བཟུང་ནས། གོང་མར་ཡང་ཡང་མཇལ་མྱོང་། ཐེངས་ཞིག་ལ་མཇལ་འཕྲིན་གནང་སྐབས་མཚོ་སྔོན་ཕྱོགས་སུ་བདེ་འཇགས་ཡིན་ནམ་ཞེས་བྲིས། རྡོ་རྗེ་ཕ་ལམ་གྱིས་བདེ་འཇགས་ཡིན། འོན་ཀྱང་ལྷོ་ཕྱོགས་སུ་མགོ་ལོག་བཙན་ཤུགས་ཆེ་བས་དབུས་གཙང་ལ་འགྲོ་མིའི་ལམ་ཁ་དཀའ་བར་འདུག་ཞུས། ཆིན་དབང་གི་དམག་ཕུལ་ཏེ་མགོ་ལོག་ཕྱོགས་སུ་དཔུང་འཇུག་བྱས་ནས་རྒྱ་བོད་ཀྱི་བར་ལ་ཟློག་དཀའ་བའི་འཁྲུག་ཆེན་བྱུང་། སྐབས་དེར་ཨ་རིག་དགེ་བཤེས་ཚང་ཕེབས་ཏེ་རྒྱ་བོད་སོག་གསུམ་གྱི་སྐད་རིགས་གང་ཡིན་ཡང་མི་མཁྱེན་པ་མེད་པའི་ཐབས་དང་ཤེས་རབ་ཀྱི་ལམ་ནས་རྒྱ་དམག་གི་བློ་ཁ་ཆོས་སུ་བསྒྱུར་བར་མ་ཟད་དམག་མང་ཕྱིར་རང་སར་བསྐྱོད་པ་རེད། "གཞན་ཨ་རིག་སོགས་ཀྱི་ས་ཆ་རུ་འབྲོག་པའི་ཚོ་བ་དང་རུ་སྐོར་བར་དུ་རྩ་ས་རྩོད་གླེང་དང་ཇག་རྐུན་འཕྲོག་བཅོམ་སོགས་ཀྱི་དོན་རྐྱེན་རྒྱུན་པར་འབྱུང་བ་ཡིན་ཡང་དགེ་བཤེས་ཚང་གིས་དེ་དག་ལ་ཐབས་མཁས་ཀྱི་སྒོ་ནས་གོ་སྐོན་བློ་འགུག་གི་བསླབ་བྱ་གནང་སྟེ་རྩོད་པ་ཞི་བར་བྱས་པའི་དཔེ་ཤིན་ཏུ་མང་། དཔེར་ན"རྒྱ་ཟའི་ཚག་ལོ་དང་བོང་སྟག་རུ་ལོ་ཟེར་བ་དེ་གཉིས་ཀྱིས་རྨ་ཉིན་སྲིབ་ཀུན་ལ་ཇག་རྐུན་འཁྱམ་གསུམ་བྱས་པ་དང་དགོན་པའི་རྟ་ཟོག་མང་དུ་བརྐུས་ཀྱང་སུ་ཡིས་འགོག་མ་ཐུབ་པར་དགེ་བཤེས་ཚང་ལ་ཞུས་པར། དེ་གཉིས་མདུན་དུ་བོས་ཏེ་ཁོང་གི་ཞལ་ནས་འུ་ཅག་མིང་གི་འདོགས་ལུགས་གཅིག་ཡིན། ངེད་ཚོ་དགེ་བའི་བཤེས་གཉེན། ཁྱེད་ཚོ་མི་དགེ་བའི་བཤེས་གཉེན། དེང་སང་མི་དགེ་བའི་བཤེས་གཉེན་དང་རྒྱུ་ཅན་ལ་ནུས་པ་ཆེ་ལ། དགེ་བའི་བཤེས་གཉེན་ཡོན་ཏན་ཅན་ལ་ནུས་པ་ཆུང་བས་ཁྱེད་ཚོར་དགོན་པ་གཏོད་ཟེར་བ་དང་། དགོན་པར་རྟ་ཁ་ཤས་ཡོད་པའི་ནང་ནས་འདམ་ཁ་བཏང་སྟེ་རེ་རེ་ལོངས། ངས་ཨ་མཆོད་དགུང་ཞག་གི་བསམ་པ་འཛིན། ད་ཕྱིན་ཆད་དམག་ཁ་ཇག་ཁ་དགོན་པ་དང་ལྷ་སྡེ་གང་ཡིན་ལ་མ་སྐོར། སྐོར་མཁན་བྱུང་ན་ཁ་བརྡ་ཤོད་ཅེས་བསླབ་བྱ་དང་ཆོས་བསྟན་ནས་སེམས་རྒྱུད་བཏུལ་བས་ཁོ་གཉིས་ནས་རྗེས་ཕྱོགས་བརྐུ་འཕྲོག་བཅོམ་གསུམ་མི་བྱེད་པའི་དམ་བཅའ་བཞག་ཅིང་ཕྱི་ཉིན་ནས་ཡ་རབས་གཤིས་བཟང་གི་མི་སྣ་གཉིས་སུ་གྱུར་པར་ཀུན་མཚར་སྐྱེས"དེ་ལྟར་དགེ་བཤེས་ཚང་གི་རང་གི་ཤེས་རབ་དང་ཐབས་རྩལ་ལ་བརྟེན་ནས་གྱོད་གཞི་དང་རྩོད་གླེང་མང་པོ་ཞི་བར་བྱས་པའི་རྣམ་ཐར་མང་དུ་ཡོད་ཀྱང་འདིར་ཡིག་ཚོགས་ལ་འཇིགས་ནས་རེ་རེ་བཞིན་མ་སྤྲོས་པ་ཡིན་ནོ། །
བརྒྱད་པ། ཨ་རིག་དགེ་བཤེས་ཆེན་མོའི་གསུངས་ཆོས་ཀྱི་སྐོར་བཤད་པ།
ཨ་རིག་དགེ་བཤེས་ཆེན་མོ་ནི་ངེས་དོན་རྩོད་བྲལ་གྱི་མཁས་པའི་དབང་བོ་ཡིན་པས་གསུང་རྩོམ་གཏོས་ཆེ་བ་བརྩམས་ཡོད་ཀྱང་ད་ལྟ་ལག་ཟིན་ཏུ་ཡོད་པ་ནི་དེའི་ཆ་ཤས་ཕྲ་མོ་ཙམ་དུ་ཟད་པས་ཤིན་ཏུ་ཕངས། བཞུགས་ཡོད་པ་དག་མགོ་ལོག་དཔེ་རྙིང་དཔེ་ཚོགས་འཚོལ་སྡུད་དག་སྒྲིག་དཔེ་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་རྣམ་པའི་ལྷག་བསམ་དག་པའི་བསྡུ་སྒྲིག་ལ་བརྟེན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་སྐལ་ལྡན་རྣམས་ཀྱི་མིག་ལམ་དུ་བཀྲམ་འདུག དེར་འཁོད་གསུང་རྩོམ་ལ《ལམ་རིམ་ཆེན་མོའི་ཟིན་བྲིས་དམ་པའི་མན་ངག་ཕན་བདེའི་དཔལ་སྟེར》དང་། 《དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་བཅའ་ཡིག་བློ་གསར་ཡིད་ཀྱི་གཉིས་འཐུང་འགུགས་པའི་ལྕགས་ཀྱུ》《དགེ་བསྙེན་རབ་གཟིགས་ཀྱི་བསང་མཆོད》《མཐུ་ཆེན་དྲེགས་པའི་དབང་ཕྱུག་རྨ་གཉན་ཆེན་པོ་ཧེད་པོ་ཁྱུང་མགོན་ཡར་སེང་བྱ་རོག་གདོང་ཞེས་གྲགས་པ་གཙོ་གྱུར་གྱི་གསོལ་མཆོད་འདོད་དགུའི་ཆར་འབེབས་རེ་བ་ཀུན་སྐོང》བཅས་ཡོད། གཞན《གསང་འདུས་བསྙེན་ཡིག》དང་། 《ཀུན་རིག་བསྙེན་ཡིག》《ཐུགས་ཆེན་སྨོན་ལམ》《ཀླུ་དབང་བསྙེན་ཡིག》དང་། 《ཀླུ་དབང་རྒྱལ་པོའི་བུམ་སྒྲུབ》གཙོས་གསུང་རྩོམ་མང་དུ་བརྩམས་ཡོད་ཀྱང་བསྟན་པའི་གེགས་ཆག་གི་དབང་གིས་ནུབ་སྟེ་ད་ལྟ་འཐོར་རེ་བ་ཙམ་ལས་མེད་དོ། །
མཇུག་བསྡུ་བའི་གཏམ།
ཨ་རིག་དགེ་བཤེས་ཆེན་མོ་འཚོ་གཞེས་ཀྱི་སྐུ་ཚེའི་དུས་སྐབས་སུ་བོད་དུ་གོང་མ་ཆན་ལུང་གིས་དགེ་ལུགས་པའི་གྲུབ་མཐར་རྒྱབ་སྐྱོར་བྱས་པར་བརྟེན་བསྟན་པ་འཕེལ་རྒྱས་ཀྱི་གོ་སྐབས་ལེགས་པོ་ཞིག་བྱུང་བ་དང་། རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ་དང་། ཁྲི་ཆེན་ངག་དབང་མཆོག་ལྡན། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ཀྱི་འབད་བརྩོན་དང་ཐུགས་རྗེ་ལ་བརྟེན་བོད་ཀྱི་ཆོས་སྲིད་ལུགས་གཉིས་ལ་སྔ་ན་མེད་པའི་འཕེལ་རྒྱས་བྱུང་བའི་སྐལ་བཟང་གི་དུས་ཤིག་རེད། ཡིན་ཡང་མདོ་སྨད་ཨ་རིག་གི་ས་ཆ་སྟེ་དེང་སང་གི་མགོ་ལོག་རྒྱུད་དུ་དགེ་ལུགས་པའི་གྲུབ་མཐའ་ཅུང་ཉག་ཕྲ་ཚོད་འདུག ཨ་རིག་དགེ་བཤེས་ཆེན་མོ་དབུས་སུ་གྲྭ་སྐོར་ལ་ཕྱིན་ཏེ་ལྷ་རམས་པའི་དམ་བཅའ་བཞག་རྗེས་ཕྱིར་ཨ་རིག་གི་ས་ཆར་ཕེབས་ནས་ཡུལ་དེར་སྔ་ན་མེད་པའི་དགེ་ལུགས་པའི་དགོན་པ་ཐོག་མ་སྟེ་རྭ་རྒྱ་དགོན་པ་བཏབ་པ་དང་། དེ་རུ་འཆད་ཉན་གྱི་སྲོལ་དང་དགེ་འདུན་པའི་སྒྲིག་ལམ་བཙུགས་པ། ཤིང་བཟང་པཎྡི་ཏ་དང་ཡབ་རྗེ་གསེར་ཁང་བ་སོགས་ས་གནས་རང་གི་བུ་སློབ་མང་པོ་གསོ་སྐྱོང་དང་དེ་དག་ལ་མཐུན་རྐྱེན་སྦྱར་ཏེ་དབུས་སུ་སློབ་གཉེར་དུ་བརྫངས་པ་སོགས་ཀྱི་འབད་བརྩོན་བརྒྱུད་མགོ་ལོག་གི་རྒྱུད་དུ་དགེ་ལུགས་པའི་གྲུབ་མཐའ་དར་རྒྱས་ཆེན་པོ་བྱུང་། གཞན་དུ་ན་ཨ་རིག་དགེ་བཤེས་ཆེན་མོ་འདི་བ་སེར་བྱེས་ན་ཡོད་དུས་རྒྱལ་དབང་སྐུ་ཕྲེང་བདུན་པ་དང་། པཎ་ཆེན་སྐུ་ཕྲེང་དྲུག་པ། ཡོངས་འཛིན་ཁྲི་ཆེན་ངག་དབང་ཆོས་གྲགས། ལྕང་སྐྱ་སོགས་ལ་ཆོས་འབྲེལ་ཟབ་མོ་ཆགས་ཡོད་པ་དང་། ཕྱིས་སུ་རྭ་རྒྱ་དགོན་པ་བཀྲིས་ལྷུན་པོའི་པཎ་ཆེན་སྐུ་ཕྲེང་དྲུག་པར་ཕུལ་ནས་དགོན་བདག་མཛད་དུ་བཅུག་པ་སོགས་ཀྱི་འབད་བརྩོན་བརྒྱུད་སྐབས་དེའི་དབུས་གཙང་དང་མདོ་སྨད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་འདུག་སྙམ། ཨ་རིག་དགེ་བཤེས་ཆེན་མོ་འདི་བ་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་ཐུགས་ཐོག་ནས་ཤར་ཤར་འདོན་མཁན་ཞིག་ཡིན་ལ། གཞུང་ཆེན་པོད་ལྔར་ཤིན་ཏུ་མཁས་པས་དབུ་མ་སོགས་སྔོན་གྱིས་མཁས་པས་མ་མཁྱེན་པའི་ཁྱད་པར་ཕྲ་མོ་རྣམས་གསལ་བར་བཀྲལ་ཡོད་པར་གྲགས། དགེ་འདུན་ཆོས་འཕེལ་གྱི་ཀླུ་སྒྲུབ་དགོངས་རྒྱན་དུ་ཡང་། "ཨ་རིག་དགེ་བཤེས་ཆེན་མོ་དབལ་མང་པཎ་ཊི་ཏས་མཇལ་བར། ཁྱོད་པོ་ཏི་ལྔ་ལས་ཅི་ལ་མཁས་ཞེས་གསུངས། དབུ་མ་ལ་སྦྱངས་པ་ཆེ་ཙམ་ཡིན་ཞེས་ཞུས་པས། འོ་ན་ཐལ་འགྱུར་བའི་ལུགས་ལ་འདི་ཇི་ཡིན་གསུང་ནས་མདུན་ན་ཅོག་ཙེ་ཞིག་ཡོད་འདུག་པ་ལ་ཕྱག་མཛུབ་ཀེར་ཀེར་མཛད། དེ་ཅོག་ཙེ་ལགས་ཞུས་པས། ཅོག་ཙེ་མ་ཡིན་པར་ཐལ། ཅོག་ཙེའི་གདགས་གཞི་ཡིན་པའི་ཕྱིར་གསུང་པར་ལན་ཅི་ཡང་མ་རྙེད་པར་ལུས་གསུངས་པ་འདི་ངེས་པར་ཐལ་རང་གི་ལྟ་བའི་གནད་ཡིན་པར་འདུག་སྙམ"ཞེས་བཀོད་འདུག་པར་དཔག་པས་ཨ་རིག་དགེ་བཤེས་ཀྱི་དབུ་མའི་སྐོར་གྱི་རྟོགས་པ་ཚད་ཧ་ཅང་མཐོན་པོར་སླེབས་ཡོད་པ་རྟོགས་ནུས། རྗེ་འདི་བ་མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་འཕྲུལ་དུ་གྲགས་པ་ཡང་རྐྱེན་འདི་འདྲར་གཞིགས་ནས་བཤད་པ་མིན་ནམ་སྙམ། དེང་གི་དུས་སུ་ཨ་རིག་དགེ་བཤེས་ཆེན་མོའི་བརྩམས་ཆོས་མང་པོ་དུས་དབང་དུ་གྱུར་ནས་མི་གནས་པས་མཁས་པ་ཆེན་པོ་ཁོང་ཉིད་ཤེས་མཁན་དང་། ཁོང་གི་མཛད་རྗེས་རླབས་པོ་ཆེར་གདེངས་འཇོག་བྱེད་མཁན་དེ་བས་ཉུང་། དེས་ན་ང་ཚོས་ཨ་རིག་དགེ་བཤེས་ཆེན་མོ་ལྟ་བུའི་མཁས་པ་ཆེན་པོའི་མཛད་རྣམ་ལ་སློབ་སྦྱོང་དང་། ཡོན་ཏན་ལ་གོང་བཀུར། མཛད་རྗེས་ལ་ཡི་རང་བྱ་བ་མཚོན་པར་བྱེད་པ་ལ་རྩོམ་འདི་བྲིས་སོ།།
འབྲེལ་ཡོད་འོས་སྦྱོར།