logo

དེང་རབས་རྒྱ་བོད་གཞུང་ཡིག་ལོ་ཙཱའི་སྐོར་གླེང་བ།

རྩོམ་པ་པོ།:བསོད་ནམས་སྐྱིད། ཡོང་ཁུངས།:རྔ་བའི་གསར་འགྱུར། དུས་ཚོད།:2018-05-07 ཀློག་གྲངས།:

དེང་རབས་རྒྱ་བོད་གཞུང་ཡིག་ལོ་ཙཱའི་སྐོར་གླེང་བ།
བསོད་ནམས་སྐྱིད།

     དེང་རབས་བོད་ཀྱི་ལོ་ཙཱ་རིག་པ་ནི་སྔ་རབས་པའི་བཀའ་དྲིན་གྱིས་རྩ་བ་ཚུགས་ཤིང་ཕྱི་རབས་པའི་འབད་པས་རྗེས་སུ་སྐྱོང་བཞིན་གདའ། དེ་ཡང་གཞུང་ཡིག་ཅེས་པ་ནི་རྒྱལ་ཁབ་ཀྱི་སྡེ་ཁག་དང་ལས་ཁུངས། ཡང་ན་ཁེ་ལས་ལ་སོགས་པས་གཞུང་དོན་སྣ་ཚོགས་བསྒྲུབ་པའི་བྱ་རིམ་ཁྲོད་བེད་སྤྱོད་བྱེད་ཅིང་རྣམ་གཞག་ངེས་ཅན་ལྡན་པའི་རྒྱུན་སྤྱོད་ཡིག་རིགས་ཤིག་ཡིན། དེང་དུས་ཀྱི་གཞུང་ཡིག་ནི་རྒྱལ་ཁབ་དང་སྲིད་གཞུང་གི་སྲིད་ཇུས་དང་མཛད་ཕྱོགས། ཁྲིམས་སྲོལ་སོགས་ཁྱབ་བསྒྲགས་དང་། བཀའ་བསྒོ་དང་སྙན་ཞུ། གྲོས་དོན་སོགས་ཐག་གཅོད་པ་བཅས་ཀྱི་ཡོ་བྱད་གལ་ཆེན་ཞིག་རེད། དེ་བས་རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་དུ་གཞུང་ཡིག་ཅི་རིགས་འགྲེམ་སྐབས་གཞུང་ཡིག་ལོ་ཙཱ་ནི་རང་ཤུགས་ཀྱིས་མཁོ་ཡོད། ཡང་གཅིག་བཤད་ན་གཞུང་ཡིག་སྐོར་གྱི་ཤེས་བྱ་དང་གཞུང་ཡིག་ལོ་ཙཱ་མ་ཤེས་ན་མི་རིགས་ས་ཁུལ་གྱི་སྲིད་འཛིན་བྱ་བ་བསྒྲུབ་རྒྱརུ་དངོས་གནས་དཀའ་མོ་རེད། དེའི་རྒྱལ་ཁབ་དང་མི་རིགས་ཁག་གི་སྲིད་འཛིན་བྱ་བའི་ཁྲོད་དོ་དམ་གྱི་ནུས་པ་གལ་ཆེན་ཐོན་ཡོང་།
དང་པོ། སྔར་བྱུང་བོད་ཀྱི་གཞུང་ཡིག་ཁྲོད་ཀྱི་བསྡུས་ཚིག་གི་ཁྱད་ཆོས་དང་དགོས་པ་བཤད་པ།
     བསྡུས་ཚིག་ནི་དེ་སྔོན་བོད་རང་གི་གཞུང་ཡིག་ཁྲོད་བཀོལ་རྒྱ་ཆེ་ཤིང་།གཟབ་ནན་དང་གནད་ཁེལ།ཟིལ་ཤུགས་ཆེ་བ་བཅས་ཀྱི་ཁྱད་ནུས་ལྡན་པའི་ཚིག་གི་རྣམ་པ་ཞིག་རེད།“བོད་དུ་བསྡུས་ཚིག་གི་ལམ་ནས་གཞུང་ཡིག་འབྲི་བའི་བྱ་བ་འདི་ཡོན་རྒྱལ་རབས་ཚུན་གྱི་གནམ་བསྐོས་གོང་མ་རྣམས་ཀྱི་སྐབས་སུ་ཁྱབ་གདལ་དུ་ཕྱིན་ནོ།།”ཞེས་པ་ལས།གཞུང་ཡིག་དང་གཞུང་ཡིག་ལོ་ཙཱ་ནི་བོད་རང་ལ་སྔ་མོ་ནས་ཡོད་པ་བསྟན། ཡང་གཞུང་ཡིག་གི་རྣམ་གཞག་ཚད་ལྡན་ཅན་དུ་འགྱུར་བ་དང་བསྟུན།ང་ཚོའི་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསྡུས་ཚིག་གི་རྣམ་གྲངས་དེ་གཞུང་ཡིག་ལོ་ཙཱའི་ཁྲོད་བཀོལ་རྒྱུ་ཧ་ཅང་གལ་ཆེ།འདིར《བོད་ཀྱི་གཞུང་ཡིག་གི་རྣམ་གཞག》ལས་དྲངས་པའི་བསྡུས་ཚིག་རེ་འགའ་འགོད་པར་བྱ།དོན་རྩ་ཉམས་ལེན། བཀྲ་ཤིས་གཏན་ཚིགས། ཕྱོགས་གཉིས་ཕྱེད་བགོས། སྒྲུབ་སྤྲོད་ཆོད་ཡིག དགོངས་གསེང་སྙན་གསོལ། སྔར་གནས་སོར་བཞག ཅེས་པ་སོགས་དང་། གོང་ལས་བསྡུས་ཚིག་ནི་ཁ་གསལ་ལ་ཀློག་བདེ།ཚིག་ཉུང་ལ་དོན་ཟབ་པའི་ཚེག་བར་བཞི་མའི་ཚིག་གི་རྣམ་པ་ཅན་ཞིག་ཡིན་པ་གསལ།
གཉིས་པ། མིང་བརྡའི་འགྱུར་སྐྱོན་དང་དེའི་སྐྱོན་སེལ་བཤད་པ།
     དེ་ཡང་། དོན་གྱི་ངོ་བོ་སྟོན་པ་མིང་གི་མཚན་ཉིད། མིང་བརྡ་འོས་འཚམ་སྤྱོད་རྒྱུ་དང་་མ་ཡིག་ཁྲོད་ཀྱི་མིང་བརྡ་ནོར་འཆུག་མེད་པར་བསྒྱུར་རྒྱུ་ནི་གཞུང་ཡིག་ལོ་ཙཱ་ལ་འཇུག་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ནོ།། གཞུང་ཡིག་ལོ་ཙཱའི་ཁྲོད་ཀྱི་མིང་བརྡ་སྤྱོད་སྟངས་དེ་རྩོམ་རིག་ལོ་ཙཱའི་མིང་བརྡ་དང་མི་འདྲ་བར།དེ་ལ་གཟབ་ནན་རང་བཞིན་དང་གཏན་ཚིགས་རང་བཞིན་ཆེས་ཆེར་ལྡན་པས་གཅིག་ཚབ་གཅིག་གིས་གཏན་ནས་བྱེད་མི་རུང་།
གསུམ་པ། ཚིག་གི་འགྱུར་སྐྱོན་དང་དེའི་སྐྱོན་སེལ་བཤད་པ།
     དེ་ཡང་། ཡི་གེའི་ཁོངས་ནས་མིང་བྱུང་ཞིང་།།མིང་གི་ཁོངས་ནས་ཚིག་བྱུང་སྟེ།།ཞེས་པ་ལས་ཚིག་གི་རྩ་བ་མིང་ལ་རག་ལས་པ་མངོན།དེ་བས་གཞུང་ཡིག་ལོ་ཙཱ་བྱེད་སྐབས་སྒྱུར་ཐབས་ཁག་གང་ལ་གང་འཚམ་དུ་བཀོལ་བ་ལས་གང་འདོད་དུ་ཁ་གསབ་དང་འཕྲི་ལེན་བྱ་མི་འོས།
     ༡.ཚིག་གི་གོ་རིམ་སྔ་ཕྱི་འཁྲུལ་བ། ༢མིང་བརྡ་ཁ་གསབ་མཛད་པ་ཚད་དང་མི་རན་པ། ༣ཁ་སྐད་ཀྱི་ཤན་ཤུགས་ཐེབས་པ། ༤མིང་བརྡ་བཀོལ་བ་འོས་འཚམ་མིན་པ།༥མིང་བརྡ་ཆད་ལྷག་གི་འགྱུར་སྐྱོན། མིག་སྔར་བོད་ཀྱི་ལོ་ཙཱ་རིག་པའི་ཁྲོད་རྩོམ་རིག་ལོ་ཙཱ་གཙོར་འཛིན་ཞིང་གྲུབ་འབྲས་ཡང་མི་དམན་པ་ཞིག་ཐོབ་ཡོད། ཡིན་ཡང་གཞུང་ཡིག་ལོ་ཙཱ་ནི་དེ་དང་བསྡུར་ན་ཧ་ཅང་འུ་ཐུག་རེད། ལྗོངས་ཞིང་ལྔའི་གཅིག་གྱུར་གྱི་གཞུང་ཡིག་སྒྱུར་གནས་དང་ཆེད་སྒྱུར་མི་སྣ།ཡང་ན་ཞུ་དག་པ་བཅས་མེད་པས། སྐབས་ཐོག་དེའི་སྒྱུར་པ་པོ་མང་ཤས་ཀྱིས་གཞུང་ཡིག་དང་གཞུང་ཡིག་ལོ་ཙཱའི་ཤེས་བྱ་ལ་རྒྱུས་ལོན་ཅི་ཡང་མི་བྱ་བར་ཐད་ཀར་བསྒྱུར་བཞིན་ཡོད། དེ་ལྟར་འགན་གཡོལ་ཐབས་དང་གཟབ་ནན་མི་བྱེད་པར་འོལ་ཚོད་ཀྱིས་བསྒྱུར་ན། གནད་དོན་མང་པོ་འབྱུང་ཤག་ཤག་རེད།གཞུང་ཡིག་གི་ཁྲོད་དུ་གོང་རིམ་གྱིས་གནད་དོན་གང་མང་ཞིག་ཐག་གཅོད་བཞིན་པ་དང་། འོག་རིམ་གྱིས་གནད་དོན་གང་མང་ཞིག་ཞུ་འདོན་བྱེད་བཞིན་ཡོད། དེ་ནི་དུས་རྒྱུན་གྱི་སྲིད་འཛིན་དང་གཞུང་སྒྲུབ་བྱ་བར་མཁོ་བའི་དབང་གིས་གཞུང་ཡིག་ལོ་ཙཱ་ནི་རྒྱུན་མཐུད་ཚར་རྒྱུ་མེད་པའི་ལོ་ཙཱ་རིགས་ཤིག་ཡིན། དེ་བས་ང་ཚོའི་གཞུང་ཡིག་ལོ་ཙཱའི་བྱ་བར་མཐོང་ཆེན་དང་ཤུགས་སྣོན་རྒྱག་དགོས།


འབྲེལ་ཡོད་འོས་སྦྱོར།