logo

བཞད་ཀྱི་ལུང་བཤད་ཅེས་པའི་དཔེ་རྙིང་ཞིག་དང་དེ་ལས་འཕྲོས་པའི་མགར་སྟོང་བཙན་ཡུལ་སྲུང་གི་ཁྱིམ་རྒྱུད།

རྩོམ་པ་པོ།:འཇད་པ་དཔལ་ལྡན་ཚེ་རིང་། ཡོང་ཁུངས།:ཀྲུང་གོ་བོད་ལྗོངས་དྲ་བ། དུས་ཚོད།:2018-03-19 ཀློག་གྲངས།:


ནང་དོན་གནད་བསྡུས། 
དཔྱད་རྩོམ་འདིར་གཙོ་བོ་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་མེད་ན་མེད་པའི་བློན་པོ་བཞིའི་གྲས་མགར་སྟོང་བཙན་ཡུལ་སྲུང་གི་འཁྲུངས་ཡུལ་དང་རུས་ཁུངས་བཅས་ལ་བཞད་ཀྱི་ལུང་བཤད་རྣམ་དཔྱོད་སྨྲ་བའི་སྒོ་འབྱེད་མཁས་པའི་དགའ་སྟོན་ཞེས་པའི་དཔེ་རྙིང་བྲིས་མ་ཁུངས་བཙན་ཞིག་ཡོད་པ་ཞིབ་གསལ་ངོ་སྤྱོད་དང་། དེ་བཞིན་འབྲེལ་ཡོད་དཔྱད་གཞི་ཁག་གཞིར་བྱས་བཟུང་ཞིང་། ཡུལ་དངོས་སུ་བསྐྱོད་དེ་མགར་སྟོང་བཙན་ཡུལ་སྲུང་གི་འཁྲུངས་ཡུལ་དེ་བཞད་མཐོང་སྨོན་རྫོང་ཁོངས་གླང་མ་ཆུ་ཚན་གྱི་འགྲམ་དུ་ཡིན་པ་དང་། ཁོང་གི་རུས་བརྒྱུད་དེ་ཡང་བཞད་ཀྱི་ཡུལ་དུ་དམུ་རིགས་ཀྱི་རྒྱུད་ལས་འཁྲུངས་པ་སོགས་རྟོག་ཞིབ་བྱས་པའི་སྐོར་བརྗོད་ཁུལ་བྱས་ཡོད།
བརྡ་ཆད་གཙོ་བོ། བཞད་ལུང་། མགར་སྟོང་བཙན། དམུ་རིགས།
གཅིག གླེང་གཞི།
     བོད་ཀྱི་པོ་སྲོང་བཙན་སྒམ་པའི་སྐུ་དུས་སུ་མཐའ་འཁོབ་ཀྱི་ཡུལ་གྲུ་ཆམ་ལ་ཕབ་ཅིང་། རྒྱ་བལ་གྱི་བཙུན་མོ་ཐབས་ཀྱིས་བསུས། བོད་ཆེན་པོའི་རྒྱལ་ཁམས་སྟོབས་འབྱོར་མངའ་ཐང་རྒྱས་པར་མཛད་རྗེས་བླ་ན་མེད་པའི་བློན་པོ་རིག་པ་ཅན་མགར་སྟོང་བཙན་གྱི་སྐུ་ཚེའི་མཛད་པ་བསམ་གྱི་མི་ཁྱབ་པ་བྱུང་བ་དག བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཁག་ནང་གསལ་པོར་བསྟན་ཡོད་ལ། ཕྱིས་བྱོན་རྒྱ་བོད་མཁས་པ་ཇི་སྙིད་ཅིག་གིས་མགྲིན་དབྱངས་གཅིག་དུ་བསྔགས་པ་འདི་ནི་ངེས་པ་དོན་ལ་གནས་པ་ཡིན་གྱི་གཅམ་བུའི་ཚིག་གིས་ཟོལ་བསྟོད་བྱས་པ་ནི་ག་ལ་ཡིན། ཉེ་བའི་ལོ་འགའི་ནང་མགར་སྟོང་བཙན་གྱི་སྐོར་ལ་ཞིབ་འཇུག་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། བློན་པོ་དེའི་རུས་ཁུངས་ཐད་ལ་བཞེད་པ་མ་མི་འདྲ་བ་ཡོད་ཀྱང་། མང་ཆེ་བས་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་རྨུའམ་དམུ་རིགས་ལས་མཆེད་པ་གཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། འཁྲུངས་ཡུལ་སྐོར་ལ་ད་བར་དུ་རྒན་པོའི་ངག་རྒྱུན་ཐར་ཐོར་ཙམ་དང་། གནའ་ཤུལ་དུ་གྲགས་པའི་གྱང་རོ་ཁ་ཤས། མགར་ཞེས་པའི་ཚིག་ཙམ་ཡོད་པའི་གྲོང་མིང་འགའ་ལ་གཞི་གཅོལ་བ་ལས་ཁུངས་བཙན་གྱི་ཡིག་ཆ་དང་འབྲེལ་བའི་ཡུལ་དངོས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས་ར་འཕྲོད་ཐུབ་པ་ད་ཕན་བྱུང་མེད། དཔྱད་རྩོམ་འདིར་བཞད་ཀྱི་ལུང་བཤད་རྣམ་དཔྱོད་སྨྲ་བའི་སྒོ་འབྱེད་མཁས་པའི་དགའ་སྟོན་ཟེར་བའི་དཔེ་རྙིང་བྲིས་མ་ཁུངས་བཙན་ཞིག་གཞིར་བཟུང་ནས། ཡུལ་དངོས་སུ་རྟོག་ཞིབ་བྱས་པ་བརྒྱུད་མགར་སྟོང་བཙན་གྱི་འཁྲུངས་ཡུལ་བཞད་ཀྱི་གླང་མ་ཆུ་ཚན་འགྲམ་དུ་ཡིན་པའི་སྐོར་རགས་བསྡུས་གླེང་ཁུལ་བྱའོ།།
གཉིས། གསར་རྙེད་བྱུང་བའི་བཞད་ཀྱི་ལུང་བཤད་རྣམ་དཔྱོད་སྨྲ་བའི་སྒོ་འབྱེད་མཁས་པའི་དགའ་སྟོན་ཞེས་པའི་དཔེ་རྙིང་གི་སྐོར།
     སྤྱི་ལོ་༢༠༡༣ལོ་ནས་རང་ཉིད་སྐབས་དང་པོའི་རྒྱལ་ཡོངས་སྤོ་རུང་བའི་རིག་དངོས་ཡོངས་བཤེར་སྐོར་ལ་ལས་ཞུགས་བྱེད་སྐབས། བོད་ཀྱི་ས་གནས་དང་དགོན་ཁག་མང་པོར་དངོས་སུ་བསྐྱོད་པའི་གོ་སྐབས་དང་བསྟུན་ནས། དགོན་སྡེ་ཁག་དང་ས་གནས་སོ་སོའི་ལོ་རྒྱུས་ཤེས་རྟོགས་བྱ་རྒྱུར་ཅུང་ཙམ་དོ་སྣང་བྱས་ཡོད། དེའི་བརྒྱུད་རིམ་ཁྲོད་བོད་ཀྱི་རྩ་ཆེའི་རིག་དངོས་སྐུ་འདྲ་དང་། ཞལ་ཐང་། ཆོས་སྤྱོད་ཡོ་ཆས། དེ་མིན་དམངས་སྲོལ་རིག་དངོས་རྩ་ཆེན་དག་རེ་རེ་བཞིན་ལག་ཟུང་གི་རེག་ཙམ་བྱེད་པའི་སྐལ་པ་བྱུང་ལ། གནའ་བོའི་ལོ་རྒྱུས་དང་འབྲེལ་བའི་དཔེ་རྙིང་མི་ཉུང་བ་ཞིག་ཀྱང་དངོས་སུ་ཞལ་མཇལ་བྱུང་། དེའི་ཁྲོད་ནས་བཞད་ཀྱི་ལུང་བཤད་རྣམ་དཔྱོད་སྨྲ་བའི་སྒོ་འབྱེད་མཁས་པའི་དགའ་སྟོན་ཞེས་པའི་དཔེ་རྙིང་ནང་། ད་ལྟའི་བོད་ལྗོངས་གཞིས་ཀ་རྩེ་ས་གནས་བཞད་མཐོང་སྨོན་རྫོང་གི་ལོ་ངོ་བདུན་བརྒྱའི་གཡས་གཡོན་གྱི་ཞིབ་ཕྲའི་ལོ་རྒྱུས་དང་། དེ་བཞིན་ཐོག་མར་འཛམ་བུ་གླིང་གི་ཆགས་ཚུལ་དང་། བོད་ཡུལ་ཁ་བ་གངས་ཅན་གྱི་སྐོར། དེ་ནས་རིམ་པས་བཞད་ལུང་སྐྱ་མོ་དངུལ་དཀར་ཀྱི་ཕྱི་ནང་སྣོད་བཅུད་ཀྱི་གལ་ཆེའི་ལོ་རྒྱུས་སོགས་འཁོད་འདུག གཞུང་འདིའི་ནང་འཁོད་པར་བོད་ཁ་བ་གངས་ཅན་འདིར་མཁས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུ་ནས་བཞད་ལུང་འདིར་བོད་ཀྱི་ལོ་རྒྱུས་ཐོག་གྲགས་ཆེ་བའི་པཎ་གྲུབ་ཇི་ཉིད་ཅིག་བྱོན་ཚུལ་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་བསམ་ཡས་སུ་བོད་ཀྱི་གྲྭ་བཙུན་དང་པོ་སད་མི་བདུན་གྱི་ཡ་གྱལ་བསྟན་པའི་མེ་རོ་སྨད་ནས་གསོས་མཁན། བསྟན་པའི་རྩ་མི་གསུམ་གྱི་ནང་ཚན། བོ་དོང་ཆོས་འབྱུང་སོགས་སུ་གསུངས་པའི་འཇད་③མི་གཙང་རབ་གསལ་དང་། འཇད་པ་སྟོན་སྐྱབས་དང་འཇད་པ་གཞོན་བྱང་། ཇོ་བོ་རྗེ་ཨ་ཏི་ཤའི་སློབ་མ་འགོས་ལོ་ཙཱ་བ། དཔའ་ཁང་ལོ་ཙཱ་བ། དངུལ་ཆུ་དྷ་རྨ་བྷ་དྲ། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ། རྒྱལ་བ་དགེ་འདུན་རྒྱ་མཚོ། དེ་བཞིན་མང་སྲོང་མང་བཙན་གྱི་སྲས་འདུས་སྲོང་མང་པོ་རྗེའམ་སད་ན་ལེགས་འབྱིན་སྐབས་ཀྱི་རྩལ་པོ་ཆེ་མི་བདུན་གྱི་ནང་ནས། སེང་གེ་དཀར་མོའི་རྣ་བ་ནས་བཟུང་ནས་ཁྲིད་མཁན་ཨ་རྒོད་ལྡོང་བཙན་དང་། གླང་པོ་ཆེའི་ཕྲུ་གུ་གསོན་པོ་སྤང་དུ་ཁུར་མཁན་རྔོག་རིང་ནག་པོ་སོགས་བཞད་ཀྱི་ལུང་པར་འཁྲུངས་པས་བཞད་བཞུང་རིག་པའི་འབྱུང་གནས་ཞེས་མིང་དོན་མཚུངས་པར་གྲུབ་ཡོད། ལྷག་པར་བོད་བཙན་པོའི་བློན་པོ་གྲགས་ཆེ་བ་བོད་འབངས་བདེ་ལ་བཀོད་མཁན་མགར་སྟོང་བཙན་གྱི་རིགས་རུས་འཁྲུངས་ཡུལ་དང་། ཇི་ལྟར་བཙན་པོའི་བློན་པོར་གྱུར་མིན་སོགས་གསལ་པོ་འཁོད་འདུག་པ་ནི་ལོ་རྒྱུས་དེའི་ཐད་ཀྱི་དོགས་སློང་མང་པོ་ཞིག་ལ་གསལ་ཁ་ཆོད་ཐུབ་པའི་གལ་ཆེའི་རིན་ཐང་ལྡན་ཡོད།


ཕོ་བྲང་པོ་ཏ་ལའི་བདེ་གསུམ་དགེ་ལམ་སྒོ་མཆོར་ལྡེབ་རིས་ནང་གྱི་བློན་མགར་སྟོང་བཙན་རྒྱ་ནག་ཕོ་བྲང་དུ་རྩལ་འགྲན་པའི་རྣམ་པ།


བཞད་ཀྱི་ལུང་བཤད་རྣམ་དཔྱོད་སྨྲ་བའི་སྒོ་འབྱེད་མཁས་པའི་དགའ་སྟོན་ཞེས་པའི་དཔེ་རྙིང་བྲིས་མ།

     གསར་རྙེད་བྱུང་བའི་བཞད་ཀྱི་ལུང་བཤད་ཅེས་པའི་དཔེ་རྙིང་དེའི་ནང་འཁོད་པའི་ལོ་རྒྱུས་ཀྱི་གནད་དོན་དག་ཀྱང་མཛད་པ་པོའི་རང་སྣང་ལྟར་མིན་པར་དངུལ་ཆུ་ཐོགས་མེད་མ་བྱོན་གོང་དུ་རྡོག་ཨཱརྱ་དེ་བས་མཛད་པའི་བཞད་ཀྱི་ལུང་བཤད། རྩིས་འདུལ་བ་འཛིན་པ་ཆེན་པོས་མཛད་པའི་བཞད་ཀྱི་ལུང་བཤད་བཅས་གཉིས་དང་། ཕྱིས་སུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་དངུལ་ཆུའི་གནས་བཤད་ལས་འཕྲོས་པའི་བཞད་ཀྱི་ལུང་བཤད་བཅས་ཁུངས་བཙན་གྱི་ཡིག་ཆ་གསུམ་ལས་བཏུས་ཞེས་གསུངས། དེ་བཞིན་བརྗོད་བྱེད་ཀྱི་ནང་དོན་དག་ཀྱང་ཚིག་ཉུང་ལ་དོན་བསྡུས་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་དང་བོན་བཅས་ཀྱི་གྲུབ་བརྒྱུད་ཁག་གི་བླ་མ་བརྒྱུད་པ་དང་། དགོན་སྡེ། དེའི་ལོ་རྒྱུས་སོགས་ལ་འཁྱོག་བཤད་དང་བྲལ་བའི་ངང་བདེན་དོན་གསལ་པོར་བསྟན་འདུག རྩོམ་གཤིས་དང་ཚིག་གི་སྦྱོར་སྡེབ། ཡིག་གཟུགས། ཤོག་བུ་སོགས་གང་གི་ཆ་ནས་བལྟས་ཀྱང་། སྤྱི་ལོའི་དུས་རབས་བཅུ་དྲུག་བཅུ་བདུན་གྱི་ཁྱད་ཆོས་གསལ་པོར་མངོན་ཐུབ་ཀྱི་འདུག་ལ། གཞུང་འདིར་གནའ་སྔོན་ལོ་རྒྱུས་མང་པོའི་ནང་རྩོད་པ་ཅན་གྱི་བློན་པོ་མགར་གྱི་འཁྲུངས་ཡུལ་དང་། བོ་དོང་དུ་རྒྱ་གར་གྱི་པཎ་ཆེན་འབུམ་ཕྲག་གསུམ་པའི་བཤད་གྲྭའི་སྐོར། འབྲེ་ཆེན་པོ་ཤེས་རབ་འབར་ལྟ་བུའི་ཤིན་ཏུ་གྲགས་ཉུང་བའི་མཁས་གྲུབ་མང་པོ་ཞིག་གི་ལོ་རྒྱུས་རྣམ་ཐར་གསལ་བས་ན་རིན་ཐང་གཞལ་དུ་མེད་པའི་དཔེ་རྙིང་ཞིག་ལགས་སེམས་སོ།།

     མཛད་པ་པོ་ནི་དཔེ་ཆེ་དེའི་མཇུག་ཏུ་རྒྱལ་སྲས་ཐོགས་མེད་པའི་སྐྱེ་བ་ཀུན་དགའ་མཆོག་གྲུབ། གྲུབ་ཆེན་ནག་པོ་སྤྱོད་པའི་སྐྱེ་བ་ཀུན་དགའ་གྲོལ་མཆོག སྤྱན་རས་གཟིགས་ཀྱི་ངོ་བོ་ཀུན་དགའ་དཔལ་བཟང་། གྲུབ་མཆོག་དམ་པ་ཀུན་དགའ་བསྟན་གསལ་དང་བློ་མཆོག་སོགས་ཀྱི་རུས་དབོན། གྲོལ་མཆོག་ཞབས་ཀྱི་ལུང་ཟིན་གྱི་མིང་ཀུན་དགའ་ཚེ་དབང་དོན་གྲུབ་མིང་གཞན་རིག་གནས་རྒྱ་མཚོའི་ཕྲེང་བ་འཛིན་པས་བརྩམས་ཞེས་ཁ་གསལ་བསྟན་འདུག་ཀྱང་། མ་དཔེ་དེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱེད་དུས་གང་ཉིད་ཀྱི་བཤེས་གཉེན་ཇོ་ནང་ཀུན་དགའ་སྒྲོལ་མཆོག་ཞབས་སྤྱི་ལོ་༡༥༠༧ལོར་འཁྲུངས་པ་དང་། སྤྱི་ལོ་༡༥༦༦ལོར་དགོངས་པ་རྫོགས་པ་ལས་སྤྱི་ལོའི་དུས་རབས་བཅུ་དྲུག་ནང་དུ་བྱོན་པར་ངེས་ཏེ། །གཞུང་འདིའི་ནང་དོན་ཐད་ནས་ཁོང་ནི་སྤྱིར་ལོ་རྒྱུས་ལ་མཐོང་རྒྱ་ཆེ་བ་དང་། ཤེས་བྱ་རྒྱ་ཆེར་སྤྱན་དཀྱུས་ཡངས་པ། ཀུན་སློང་གཟུར་བོར་གནས་པ། ལམ་སྲོལ་ཀུན་གྱི་ཁུངས་ཆོད་པ་ཞིག་ཡིན་པ་ལས་གཞན་འཁྲུངས་འདས་སོགས་གང་ཉིད་ཀྱི་ལོ་རྒྱུས་མ་མཇལ་བས་ཁ་ཚོན་གཅོད་པར་མ་ནུས། ཕྱིས་སུ་རང་ཉིད་གནའ་དཔེ་ལེགས་སྒྲིག་ཀྱི་སྐབས་རྗེ་ཀུན་དགའ་ཚེ་དབང་དོན་གྲུབ་ནས་མཛད་པའི་གཞུང་གཞན་དབུ་ཤོག་ཏུ་ལོ་གསར་སོགས་ཕུན་གསུམ་ཚོགས་པའི་བཀྲ་ཤིས་ཀྱི་བཤད་པ་ངོ་མཚར་བའི་བློ་ཡི་འདབ་རྒྱ་མཛུམ་པའི་ལེགས་བཤད་ཅེས་པའི་མཇུག་བྱང་དུ་གཉག་སྟོན་ཤཱཀྱ་མུ་ནེའི་རིགས་བརྒྱུད་འཆི་མེད་གནས་ལས་འོངས་ཞེས་དང་རྒྱལ་སྲས་ཐོགས་མེད་པའི་སྐྱེ་བ་ཀུན་དགའ་མཆོག་གྲུབ། གྲུབ་ཆེན་ནག་པོ་སྤྱོད་པའི་སྐྱེ་བ་ཀུན་དགའ་གྲོལ་མཆོག སྤྱན་རས་གཟིགས་ཀྱི་ངོ་བོ་ཀུན་དགའ་དཔལ་བཟང་། གྲུབ་མཆོག་དམ་པ་ཀུན་དགའ་བསྟན་གསལ་དང་བློ་མཆོག་སོགས་ཀྱི་རུས་དབོན། གྲོལ་མཆོག་ཞབས་ཀྱི་ལུང་ཟིན་གྱི་མིང་ཀུན་དགའ་ཚེ་དབང་དོན་གྲུབ། མིང་གཞན་རིག་གནས་རྒྱ་མཚོའི་ཕྲེང་བ་འཛིན་པའམ་བྱང་སྨོན་གྲོང་ལོ་ཙཱ་བར་གྲགས་པས་ཕོ་བྲང་བསམ་གྲུབ་རྩེའི་དཔེ་དཀར་ཕུན་གླིང་གི་སྨོན་གྲོ་ཤག་ཏུ་རྫོགས་པར་བརྩམས་ཞེས་མཛད་པ་པོ་ཉིད་ནི་ཡོངས་སུ་གྲགས་པའི་སྨོན་གྲོང་ཡབ་སྲས་ནས་ཡབ་ཀུན་དགའ་ཚེ་དབང་དོན་གྲུབ་ཡིན་པ་ར་འཕྲོད་བྱུང་གསལ་པོར་། སྲས་འཇམ་དབྱངས་དབང་རྒྱལ་རྡོ་རྗེ་ནི་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རིག་གནས་སོགས་ཀྱི་སློབ་དཔོན་གནང་ཡོད།


གནའ་དཔེ་རྩ་ཆེན་འདི་མ་དཔེ་ཇི་བཞིན་སྤྱི་ལོ་༢༠༡༦ལོར་པར་དུ་བསྐྲུན།


ཐང་རྒྱལ་རབས་སུ་རྒྱ་ས་ཐབས་ཀྱི་བསུ་བར་བྱོན་སྐབས་ཀྱི་བློན་པོ་མགར།

གསུམ། མགར་སྟོང་བཙན་ཡུལ་སྲུང་གི་རུས་རྒྱུད་སྐོར་།

     དེ་ཡང་དེབ་ཐེར་རླངས་ཀྱི་པུ་ཏི་བསེ་རུ་ལས་ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ་④གསུངས་པ་ལྟར་མགར་སྟོང་བཙན་གྱི་འཁྲུངས་ཡུལ་སྐོར་ལ་ད་བར་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཚོའི་ཁྲོད་དུ་བོད་ལྗོངས་ལྷོ་ཁ་ས་ཁུལ་ཁོངས་གཉལ་ཞེས་པར་འཁྲུངས་པའི་བཞེད་ཚུལ་དང་། ཡང་ལྷ་ས་སྟོད་ལུང་ལྡེང་ག་དགོན་གྱི་ཉེ་འགྲམ་གྱི་མགར་ཚང་གོག་ཅེས་པའི་ཁྱིམ་དུ་འཁྲུངས་པ། གཞན་ཡང་འཕན་ཡུལ་སོགས་ནསའཁྲུངས་པ་སོགས་བཞེད་པ་མི་འདྲ་བ་འགའ་ཡོད་འདུག
     མགོན་པོ་ཀླུ་སྒྲུབ་ཀྱི་ལང་ཀར་གཤེགས་པའི་མདོ་ལས། མིང་དུ་གདགས་པར་མ་མཛད་ན། འཇིག་རྟེན་ཐམས་ཅད་རྨོངས་པར་གྱུར། དེ་བས་རྨོངས་པ་སེལ་བའི་ཕྱིར། མགོན་པོས་མིང་དུ་གདགས་པར་མཛད། ཅེས་པ་ལྟར་བོད་མིའི་རིགས་རུས་འདོགས་ཚུལ་སྐོར་ལ་ཡང་མི་རིགས་ཀྱི་ཁྱད་ཆོས་གཏིང་ཟབ་མོ་ཡོད། གྱི་ལུང་བཀྲ་ཤིས་རྒྱ་མཚོས་མཛད་པའི་བོད་མི་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལས་བོད་ཁ་བ་གངས་ཅན་གྱི་སྤྱི་མེས་ཆེན་པོ་ཕ་སྤྲེའུ་བྱང་ཆུབ་དང་མ་བྲག་སྲིན་མོ་གཉིས་ཀྱིས་རང་གི་རུས་རྒྱུད་སྤྲེའུ་ཕྲུག་ལྔ་བརྒྱ་རུ་འཕེལ་བ་རྣམས་སེ་དང་རྨུ༼དམུ༽ ལྡོང་དང་སྟོང་གི་རུས་ཆེན་བཞི་དང་། རུས་ཆུང་དབྲ་དང་འདྲུ་སྟེ་བོད་མིའུ་གདུང་དྲུག་ཏུ་བཀར་བ་དང་། དེའི་རྗེས་སུ་ཞང་པོ་རྒོ་ལྷ་རིགས་བསྣན་ཏེ་བདུན་དུ་བཀར། བོད་ཁ་བ་ཅན་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་འདི་ཡང་མི་བུ་གདུང་དྲུག་ཏུ་བགོས་པ་དང་།⑤གཞན་ཡང་མི་བུ་གདུང་དྲུག་གི་དབྱེ་བ་འབྱེད་སྟངས་སྐོར་ལ་བེེ་སེར་ནང་དུ་དགའ། ལྡོང་། འབྲུ། དབྲ། ནེ་བོ། དཔལ་དང་བཅས་མི་བུ་གདུང་དྲུག་དུ་འབྱེ་ཚུལ་འདུག⑥སྐབས་སུ་བབ་པའི་བརྗོད་བྱ་ནི་གཞུང་དེའི་ནང་བཙན་པོ་སྲོང་བཙན་གྱི་མེད་ན་མེད་པའི་བློན་པོ་བཞི་ལས་⑦མགར་སྟོང་བཙན་གྱི་རུས་ཁུངས་ལ་ཡང་ལྷ་རིགས་སྒོ་དང་རྨུ༼དམུ༽ལས་མཆེད་པའི་འདོད་ཚུལ་མི་འདྲ་གཉིས་ཙམ་བྱུང་འདུག དེ་རྣམས་ཀྱང་མགར་གྱི་ཕོ་བྲང་དུ་གྲགས་པའི་གྱང་རོ་ཙམ་དང་དམངས་ཁྲོད་ཀྱི་ཤོད་རྒྱུན་ཙམ་ལས་མ་འདས། ལྷག་པར་མགར་སྟོང་བཙན་ནི་བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཆེ་ཞིང་། ཕོ་རྩལ་སྣ་དགུ་དང་ལྡན་པ། རྨད་དུ་བྱུང་བའི་ལྷག་བསམ་དང༌། ཞུམ་པ་མེད་པའི་སྙིང་སྟོབས་ཅན་ཞིག་ཡིན་པ། སྐུ་ཚེ་གཅིག་ལ་ཡུལ་གྲུ་མང་པོར་མཛད་པ་བསྐྱངས་པས། དེང་གི་ཆར་དེའི་རིགས་རྒྱུད་ཡིན་པར་གྲགས་མཁན་མང་པོ་ཡོད་པར་ཡ་མཚན་བྱེད་དགོས་མ་མཆིས།


ཕོ་བྲང་པོ་ཏ་ལར་བཞུགས་པའི་མགར་སྟོང་སྟོང་བཙན་གྱི་འཇིམ་སྐུ་དང་གསེར་ཟངས་ལས་གྲུབ་པའི་བཞེངས་སྐུ།


དཔེ་རྙིང་འདིའི་ནང་བློན་པོ་རིག་པ་ཅན་བཞད་དུ་འཁྲུངས་པའི་སྐོར།

     མདོར་ན་མགར་གྱི་མཆེད་ཁུངས་སྐོར་ལ་དེའི་དད་ཀྱི་ཞིབ་འཇུག་པ་རྣམས་ཀྱིས་དམུ་ལས་མཆེད་པ་གཅིག་ཏུ་ངོས་འཛིན་ཐུབ་པ། མགར་བུ་འཇམ་གསར་གྱི་མགར་དང་འགར་གྱི་ཁྱད་པར་ལས་འཕྲོས་པའི་རིགས་རྒྱུད་སྐོར་རོབ་ཙམ་གླེང་བ་ཞེས་པ་ལས། མགར་གྱི་མཆེད་ཁུངས་རྨུ་ལས་མཆེད་པར་བརྗོད་དགོས་པར་ང་རང་གཅིག་པུ་མ་ཡིན་པར་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་ཁ་མཐུན་པའི་ཞལ་ཆམས་གཅིག་ཏུ་བཀོད་པ་ཡིན་ཞེས་དང་། མགར་སྟོང་བཙན་ལ་ཆེད་དུ་ཞིབ་འཇུག་གནང་མཁན་འབུམ་རམས་པ་མཐར་བ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ཀྱང་མགར་ཞེས་པ་དེ་རྩ་བའི་རུས་ཆེན་རྨུ་ལས་མཆེད་པ་ནི་ལྷ་བཙུན་ངག་དབང་ཕུན་ཚོགས་ཀྱིས་མཛད་པའི་རྗེ་འབངས་རྣམས་ཀྱི་རིགས་རུས་ཀྱི་འབྱུང་ཁུངས་གསལ་བའི་སྒྲོན་མེ་སོགས་སུ་རྒྱས་པར་གསུངས་ཡོད་⑧ གཞན་ཡང་མཁས་དབང་ནམ་མཁའི་ནོར་བུའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་སྣང་ལས་བོད་ཀྱི་རུས་ཁུངས་མཆེད་ཁུངས་འདྲེན་སྐབས་རུས་ཆེན་བཞི་ཡི་མཆེད་ཚུལ་ནི། ལྡོང་ལ་རུས་ཆེན་བཅོ་བརྒྱད་སྲིད། རྨུ་ལ་ཀོ་ལེའི་ཁྲ་བརྒྱད་སྲིད། སྟོང་ལས་རྗེ་བཞི་ཁོལ་བརྒྱད་སྲིད། སེལ༼སེ༽བྱུང་ལེགས་ཀྱི་བུ་བཞི་སྲིད། རུས་ཆེན་བཞི་ཡི་ཆད་ཚུལ་ཡིན། ཞེས་རྩ་བའི་རུས་བཞི་གསུངས་ཤིང་ནང་གསེས་རྣམས་རེ་རེ་བཞིན་དུ་དྲངས་ཡོད་དེ་རྨུའི་སྐབས་སུ། ངམ་དང་སྣུབས་དང་གཞུང་དང་གསུམ། འགར་དང་དཀར་དང་སྨོན་དང་གསུམ། སྙོས་དང་ངན་ལམ་གཉིས་ཏེ་བརྒྱད། རྨུ་ཀོ་ལེ་ཁྲ་བརྒྱད་ཟེར་བ་ཡིན། ⑨ གཞན་ཡང་རྒྱའི་ཡིག་ཚང་ཐང་ཡིག་རྙིང་མ་ལས་མགར་གྱི་རུས་དེ་ཤོ་ཡིན་ཟེར་ཡང་禄东姓蒆དེའི་འབྲེལ་པའི་ནང་ཐང་ཡིག་གསར་མའི་ནང་蒆ཟེར་བ་薛ལ་བཟོས་ཡོད། རྒྱའི་ཚིག་གཏེར་རྒྱ་མཚོའི་ནང་ཐང་རྒྱལ་རབས་སྐབས་ཡིག་གེ་འདི་དང་噶尔གཉིས་སྒྲ་གཅིག་མཚུངས་ཡིན་པ་དོགས་སེལ་གསལ་པོ་བྱས་འདུག⑩ མདོར་ན་དེའི་ཐད་ལ་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་བློན་པོ་མགར་འཁྲུངས་དུས་དང་འཁྲུངས་གནས་གཉིས་བཞེད་པ་མི་འདྲ་བ་འགའ་བྱུང་ཡང་། རུས་ཁུངས་དེ་བོད་ཀྱི་རུས་ཆེན་རྨུ་༼དམུ་༽ལས་མཆེད་པ་གཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
     མགར་ཞེས་པའི་ཐ་སྙད་འདི་ཡང་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་སྐབས་རེ་མགར་དང་སྐབས་རེ་འགར་དུ་འབྲི་བ་ལས་དོན་དུ་ཁྱད་པར་མེད་པ་བསྟན་ཡོད། སྔོན་གྱི་ཆོས་འབྱུང་ཆེན་པོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱི་མཛད་པ་དེ་ཉིད་དུ་འགར་སྟོང་ཡུལ་སྲུང་། བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན། དེབ་ཐར་སྔོན་པོ། ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཚེ་ཏན་ཞབས་དྲུང་མཆོག་གི་ཐོན་མིའི་དགོངས་རྒྱན། ཆོས་སྲིད་ཉི་ཟླའི་འོད་རླབས་སོགས་སུ་འགར་ཆེན་ཡེ་ཤེས་བཟང་པོ་དང་འགར་དམ་པ་ཆོས་ལྡིངས་སོགས་གནམ་གྱི་ས་བཀབ་པའི་བླ་མ་དེ་དག་གི་རྟོགས་བརྗོད་གླེང་སྐབས་མཐའ་གཅིག་ཏུ་འགར་བྲིས་ཡོད། ཏུན་ཧོང་ཡིག་རྙིང་ནང་། དོན་ཆེན་གནད་བསྡུས་དང་བཙན་པོ་སྲོང་བཙན་སྒམ་པོའི་རྣམ་ཐར་ཉུང་བསྡུས་སོགས་སུ་མགར་རྩན་ཡུལ་ཟུང་། མགར་སྟ་གུ་རི་ཐུང་སོགས་སུ་མགར་ཡིག་ཁོ་ན་བྲིས་ཡོད་པ་གཞིག་ན། སྐབས་འགར་མགར་དང་འགར་གཉིས་ཀྱི་དོན་ལ་ཁྱད་མེད་པ་ཐུན་མོང་གི་རུས་ཚན་གཅིག་ཡིན་པ་ཤ་སྟག་རེད།⑪
     གསར་རྙེད་བྱུང་བའི་དཔེ་རྙིང་འདིའི་ནང་བློན་པོ་རིག་པ་ཅན་མགར་སྟོང་བཙན་བཞད་དུ་འཁྲུངས་པའི་སྐོར་བསྟན་འདུག་པ་གཅིག ཡུལ་དེར་ད་བར་དུ་དམུ་རིགས་གཤེན་གྱི་རྒྱུད་པ་མ་ཆད་པར་དེའི་གདན་ས་དངོས་སུ་མཇལ་རྒྱུ་ཡོད་པ་དང་གཉིས། རང་ཉིད་ཆུང་དུས་ནས་ཡུལ་མི་སྤུན་གྲོགས་ཚོས་ཉེ་འགྲམ་གྱི་གྲོང་ཚོ་ཞིག་ན་བློན་པོ་རིག་པ་ཅན་གྱི་རྒྱུད་པ་ཡིན་པའི་དུད་ཁྱིམ་ཞིག་ཡོད་པའི་སྐོར་དང་གསུམ། དེ་བཞིན་བོད་ཀྱི་ས་ཕྱོགས་གཞན་དང་འདྲ་བར་མགར་སྟོང་བཙན་གྱིས་རྒྱ་ནག་གོང་མས་ཧོར་དང་སྟག་གཟིག་སོགས་ཀྱི་རྒྱ་བཟའ་སློང་མི་གཞན་དང་ཐབས་འགྲན་དུ་བཅུག་པའི་སྒྲུང་གཏམ་མང་པོ་རྒན་རབས་ཀྱི་ངག་རྒྱུན་ནས་ཐེངས་མང་ཐོས་མྱོང་བའི་བག་ཆགས་དང་བཞི་བཅས་ཀྱི་སྐུལ་སློང་གིས། སྔོན་བྱོན་མཁས་པས་བྲིས་པའི་མགར་སྟོང་བཙན་སྐོར་གྱི་ལོ་རྒྱུས་རྒྱུ་ཆ་དང་། དེང་མཁས་པ་ཚོས་དེའི་སྐོར་ལ་ཞིབ་འཇུག་བྱས་པའི་གནས་སྟངས་སྐོར། ད་ཐེངས་གསར་རྙེད་བྱུང་བའི་དཔེ་རྙིང་འདི་དང་འདིའི་ནང་འཁོད་པའི་ཡུལ་དངོས་ལ་རྟོག་ཞིབ་ཙམ་བྱས་ཡོད།


བཞད་ཀྱི་གླང་མ་ཆབ་ཁ་ཆུ་ཚན་ཉེ་འགྲམ་གྱི་མགར་སྟོང་བཙན་འཁྲུངས་གནས་ཀྱི་གནའ་ཤུལ།


གླང་མ་ཆབ་ཁ་ཆུ་ཚན་གྱི་ཤར་ཕྱོགས་སུ་གཞིས་ཆགས་པའི་དམུ་རིགས་གཤེན་གྱི་གདན་ས་རི་རྒྱལ་དགོན།


འབྲེལ་ཡོད་འོས་སྦྱོར།