logo

ས་མིང་ཚད་ལྡན་གྱི་གཞི་རྩའི་གོ་དོན་དང་གལ་ཆེའི་དོན་སྙིང་སྐོར་གླེང་བ།

རྩོམ་པ་པོ།:མཚེ་ཀེ་བསོད་ནམས་དོན་གྲུབ་ཀྱིས་ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-10-16 ཀློག་གྲངས།:

ས་མིང་ཚད་ལྡན་གྱི་གཞི་རྩའི་གོ་དོན་དང་གལ་ཆེའི་དོན་སྙིང་སྐོར་གླེང་བ།
པདྨ་རིན་ཆེན་གྱིས་བརྩམས།
མཚེ་ཀེ་བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆའི་དགོངས་དོན་རྒྱབ་རྟེན་དུ་བཅོལ་ཞིང་། ས་མིང་བདག་གཉེར་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་སྲོལ་ཡིག་དག་གཞིར་བཟུང་སྟེ། ཡིག་འབྲུ་ཉུང་ལ་དོན་འདུས་པའི་སྒོ་ནས་ས་མིང་ཚད་ལྡན་ཅན་དུ་གཏོང་བ་དང་དེའི་གཞི་རྩའི་གོ་དོན། གལ་ཆེའི་དོན་སྙིང་། ས་མིང་བདག་གཉེར་བྱེད་ཐབས་བཅས་ཀྱི་སྐོར་གལ་བོ་ཆེ་ལ་ནན་ཏན་བརྗོད་ཡོད།
གནད་ཚིག་མིང་། ཚད་ལྡན། བདག་གཉེར་བྱེད་ཐབས།
     ས་མིང་ཚད་ལྡན་ལ་མི་རིགས་ཀྱི་ས་མིང་ཚད་ལྡན་དང་རྒྱལ་ཁབ་ཀྱི་ས་མིང་ཚད་ལྡན།  རྒྱལ་སྤྱིའི་ས་མིང་ཚད་ལྡན་བཅས་ཁག་གསུམ་འདུས་ཡོད།  རྒྱལ་སྤྱིའི་ས་མིང་ཚད་ལྡན་དང་རྒྱལ་ཁབ་ཀྱི་ས་མིང་ཚད་ལྡན་ནི་མི་རིགས་ཀྱི་ས་མིང་ཚད་ལྡན་གྱི་རྨང་གཞིའི་སྟེང་དུ་གཞི་གྲུབ་པ་ཡིན།  རྒྱལ་སྤྱིའི་ས་མིང་ཚད་ལྡན་གྱི་རྩ་དོན་དང་དམིགས་ཡུལ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་མིང་ཚད་ལྡན་གྱི་ཚོགས་འདུ་སྐབས་གཉིས་པའི་གྲོས་ཆོད་དུ་གསལ་འགྲེལ་གནང་བ་གཤམ་གསལ་ལྟར།  ས་མིང་གི་རྒྱལ་སྤྱིའི་ཚད་ལྡན་ནི་རྒྱལ་ཁབ་ཀྱི་ཚད་ལྡན་ནམ་ཡང་ན་འབྲི་ཚུལ་མི་འདྲ་བར་རྒྱལ་སྤྱིའི་གྲོས་མཐུན་བྱུང་བ་ལ།  སའི་གོ་ལའི་སྟེང་གི་ས་མིང་སོ་སོ་དང་ཉི་མའི་ཁྱིམ་རྒྱུད། གོ་ལ་གཞན་པའི་སྟེང་གི་ས་མིང་གི་འབྲི་ཚུལ་བཅས་ལ་རྩ་བའི་ཆ་ནས་གཅིག་གྱུར་ཡོང་ཐུབ་དགོས་པ་ལ་ཟེར།  ཆེ་ཕྱོགས་ནས་གཙོ་བོར་ནང་དོན་ཕྱོགས་གསུམ་གྱི་ཆ་འདུས་པ་སྟེ།  1 རྒྱལ་ཁབ་སོ་སོས་འབྲི་ཚུལ་རྣམ་པ་གཅིག་སྤྱད་དེ་རྒྱལ་ནང་གི་ས་མིང་ཚད་ལྡན་དུ་གཏོང་དགོས།  2 རོམ་གྱི་གསལ་བྱེད་ཡི་གེ་སྤྱོད་ཀྱིན་མེད་པའི་རྒྱལ་ཁབ་ལ་རོམ་གྱི་གསལ་བྱེད་སྦྱོར་འབྲིའི་བྱེད་ཐབས་མཁོ་སྤྲོད་བྱ་དགོས།  3 རྒྱལ་སྤྱིའི་སྟེང་ཐུན་མོང་གིས་ཁས་ལེན་པའི་འབྲི་ཚུལ་མ་ལག་མི་འདྲ་བར་ཁ་གཏད་པའི་འབྲི་ཐབས་གཏན་ལ་དབབ་དགོས་ལ།  ས་མིང་གང་ཞིག་སྐད་ཡིག་གཅིག་ནས་གཞན་པའི་སྐད་ཡིག་གི་རྣམ་པ་ཆགས་ཐུབ་པར་སྟབས་བདེ་བསྐྲུན་དགོས།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་མིང་ཚད་ལྡན་གྱི་ཚོགས་འདུ་སྐབས་དང་པོར་རྒྱལ་ཁབ་ཀྱི་ས་མིང་ཚད་ལྡན་ལ་གཤམ་གྱི་མཚན་ཉིད་བཞག་འདུག་པ་སྟེ། རང་སོ་སོའི་རྒྱལ་ཁབ་ཀྱི་གཞུང་གི་སྐད་བརྡའམ་ཡང་ན་གཞན་པའི་སྐད་བརྡས་ས་མིང་འབྲི་ཚུལ་གྱི་རྣམ་པ་གཅིག་གྱུར་གྱིས་གཏན་ལ་དབབ་དགོས། གཞུང་ཕྱོགས་ཀྱི་སྐད་བརྡའམ་ཡང་ན་སྐད་རིགས་གཞན་པས་ས་མིང་འབྲི་ཚུལ་གྱི་རྣམ་པ་གཅིག་གྱུར་དང་ཁྲིམས་ཐོག་ནས་གཏན་འབེབས་ཇི་ལྟར་གནང་ཚུལ་ནི། རྒྱལ་ཁབ་སོ་སོའི་ངོས་ཐད་ནས་གཅིག་མཚུངས་མིན་པར་མ་ཟད།  རྒྱལ་ཁབ་རང་རང་གི་ཞིབ་ཕྲའི་གནས་ཚུལ་དང་རེ་འདུན་ལ་ཡང་ཧེ་བག་ཡོད་པ་རེད།
     མི་རིགས་ཀྱི་ས་མིང་ཚད་ལྡན་ནི་སྐད་དང་ཡི་གེ་ཡོད་པའི་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་དག་གི་མིང་སྟོན་པ་སྟེ།  ས་མིང་གི་འབྱུང་ཁུངས་དང་གོ་དོན་ལ་རང་མི་རིགས་ཀྱི་ཡི་གེའི་ལམ་ནས་སྒྲ་གདངས་དང་འབྲི་ཚུལ་གཏན་ལ་དབབ་དགོས་ལ། རང་མི་རིགས་ཀྱི་ཡི་གེའི་ཁྲོད་ཁྲིམས་ཀྱིས་གཏན་ལ་དབབ་ཅིང་ཐུན་མོང་གིས་སྤྱོད་ཀྱིན་པའི་འབྲི་ཚུལ་གྱི་རྣམ་པ་ཡིན་དགོས།
གོང་གི་ཡིག་རིགས་མི་འདྲ་བ་གསུམ་གྱི་འབྲི་ཚུལ་ལ་ལྟོས་བཅས་ཀྱི་བསྒྱུར་འབྲི་བྱེད་ཐབས་ཀྱི་དཔེ་གཞི་གཤམ་གསལ་ལྟར།
བོད་ཡིག(མི་རིགས་ཀྱི་ཚད་ལྡན་ས་མིང་།)   རྒྱ་ཡིག(རྒྱལ་ཁབ་ཀྱི་ཚད་ལྡན་ས་མིང་།)   རྒྱ་ཡིག་གི་སྒྲ་སྦྱོར་ཡི་གེ(རྒྱལ་སྤྱིའི་ཚད་ལྡན་ས་མིང་།)
བླ་བྲང་།                                           拉卜楞                                         Lazhang
གཙོས།                                            合作                                             Zo
ལིན་ཐན་རྫོང་།                                    临潭县                                         Lintan xian
སྦྲ་མཚེར།                                          旧城                                            Bacer    
     གོང་གི་དཔེ་བརྗོད་ཁྲོད་ཀྱི་རྒྱ་ཡིག་གི་ས་མིང(拉卜楞)ནི།  མདོ་སྨད་བླ་བྲང་ཡུལ་གྱི་ཁ་སྐད་ཀྱི་ཀློག་སྟངས(བླ་རང)གི་སྒྲ་བསྒྱུར་གཞིར་བཟུང་ནས་རྒྱ་ཡིག་ཏུ་བསྒྱུར་པ་ཡིན་ལ།  སྒྲ་བསྒྱུར་དེ་ཉིད་དེ་འདྲའི་ཚད་ལྡན་མིན་ན་ཡང་ཀུན་ལ་གོམས་ལོབས་སུ་སོང་ནས་རྒྱ་ཆེར་སྤྱོད་ཀྱིན་ཡོད།  དེའི་རྒྱལ་སྤྱིའི་ཚད་ལྡན་ས་མིང(Lazhang)ནི་བོད་ཡིག་གི(བླ་བྲང)གི་ཀློག་སྟངས་དེ《གྲངས་ཉུང་མི་རིགས་སྐད་ཀྱི་ས་མིང་རྒྱ་ཡིག་གི་སྒྲ་སྦྱོར་ཡི་གེའི་སྒྲ་བསྒྱུར་བསྒྱུར་འབྲི་བྱེད་ཐབས》 (གཤམ་ནས་བསྡུས་ཏེ《བསྒྱུར་འབྲི་བྱེད་ཐབས》ཞེས་འབྲི་རྒྱུ)ཀྱི་སྒྲ་སྦྱོར་འབྲི་ཐབས་ལྟར་བྲིས་པ་ཡིན།
     རྒྱ་ཡིག་གི་ས་མིང(合作)ནི་བོད་སྐད་ཀྱི(གཙོས)ཞེས་པའི་སྒྲ་བསྒྱུར་ས་མིང་ཡིན་ལ། སྒྲ་གདངས་རྐྱང་པའི་བོད་སྐད་ཀྱི་ས་མིང་དེ་ལ་ས་གནས་ཁ་སྐད་ཁྲོད་མགྲིན་པའི་གནས་ཀྱི་སྒྲ་ཅུང་གསལ་བས་རྒྱ་ཡིག་ལ་སྒྲ་ཡང་དག་ཅིག་འབྱུང་དཀའ།  ཐོག་མར་ས་མིང་འདི་རྒྱ་ཡིག་ལ་བསྒྱུར་དུས(黑错)ཞེས་སྒྲ་བསྒྱུར་བྱས་ཡོད་ལ། རྗེས་སུ་ཡིག་འབྲུའི་བརྗོད་པ་བཙོག་པར་གཞིགས་ནས་རྒྱ་ཡིག་གི་བྱ་ཚིག(合作)ཞེས་པར་ཐད་བསྒྱུར་བྱས།  རྒྱ་ཡིག་གི་ཡིག་འབྲུ(合)ནི་གཙོས་ཀྱི་མགྲིན་པའི་གདངས་ཡིན་ལ།  (作)ནི་བོད་སྐད་ཀྱི་གཙོས་སྒྲ་བསྒྱུར་བྱས་པ་ཡིན།  རྒྱལ་སྤྱིའི་ཚད་ལྡན་ས་མིང( Zo )ནི་བོད་ཡིག་གཙོས་ཀྱི་ཀློག་སྟངས་དེ་སྒྲ་བསྒྱུར་བྱེད་ཐབས་གཞིར་བཟུང་ནས།  《བསྒྱུར་འབྲི་བྱེད་ཐབས》ལྟར་སྦྱོར་འབྲི་བྱས་པ་ལས། རྒྱ་ཡིག་གི(合作) ཞེས་པའི་ཡིག་འབྲུའི་སྒྲ་ལྟར་སྦྱོར་འབྲི་བྱས་པ་ཞིག་མིན།
     (临潭县)ནི་རྒྱ་སྐད་ཀྱི་ས་མིང་ཡིན་ལ།  དེའི་རྒྱལ་སྤྱིའི་ཚད་ལྡན་ས་མིང་དང་མི་རིགས་ཀྱི་ཚད་ལྡན་ས་མིང(བོད་ཡིག)ནི་རྒྱ་ཡིག་གི་ཡང་དག་པའི་བཀླགས་ཐབས་ལྟར་སྒྲ་བསྒྱུར་བྱས་པ་སྟེ། རྒྱ་ཡིག་གི་སྒྲ་སྦྱོར་ཡི་གེའི་སྦྱོར་ཀློག་ལྟར( Lintan xian )དང་བོད་ཡིག་སྒྲ་བསྒྱུར་གྱིས(ལིན་ཐན་རྫོང)ཞེས་བསྒྱུར་ཡོད།
      (旧城)ནི་ལིན་ཐན་རྫོང་སྲིད་གཞུང་གཞི་ཆགས་ཡུལ་དེའི་རྒྱ་སྐད་ཀྱི་མིང་ཡིན།  འོན་ཀྱང་བོད་སྐད་དུ(སྦྲ་མཚེར)ཞེས་འབོད་ལ།  (ཁ་སྐད་ལ་བ་ཙེ་ཟེར) དེའི་གོ་དོན་ནི་སྦྲ་ནག་གི་མཚེར་ས་ལ་བསྟན་པ་ཡིན།  《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་མིང་བདག་གཉེར་བྱེད་ཐབས》ཀྱི་དོན་ཚན་ཉེར་ལྔ་བའི་ཚན་པ་ལྔ་བར(བོད་རྒྱ་འདྲེས་མར་སྡོད་པའི་ས་ཆའི་ལོ་རྒྱུས་གནད་ཅན་གྱི་གྲོང་རྡལ་གྱི་མིང་ཡིན་ན། སྲོལ་རྒྱུན་གྱི་བོད་ཡིག་གི་འབྲི་སྟངས་རང་སོར་འཇོག་ཆོག)ཅེས་ཐག་བཅད་འདུག  དེའི་ཕྱིར། རྒྱལ་སྤྱིའི་ཚད་ལྡན་ས་མིང་ཡང་མི་རིགས་ཀྱི་ཚད་ལྡན་ས་མིང་ལྟར་སྒྲ་བསྒྱུར་གཞིར་བཟུང་ནས( Bacer )ཞེས་བྲིས་ཡོད།
     རང་རྒྱལ་གྱི་ཚད་ལྡན་ས་མིང་གི་བྱེ་བྲག་གི་བླང་བྱ་ནི།  སྐད་རིགས་སོ་སོའི་ས་མིང་གི་གོ་དོན་མ་གཞི་ནས་འཁྲུལ་མེད་ཡང་དག་ཡིན་དགོས་པར་མ་ཟད།  ད་རུང་འབྲི་ཚུལ་གྱི་རྣམ་པ་དང་ཡང་དག་པའི་ཀློག་ཐབས་ལ་ཁྲིམས་ཀྱིས་གཏན་འབེབས་གནང་དགོས།  དེ་དང་ཆབས་ཅིག་རིམ་པ་དང་རིགས་དབྱེ་འདྲ་མཉམ་གཅིག་མཚུངས(མངའ་ཁོངས་ཁྱབ་ཁོངས་ངེས་ཅན་ནང)ཀྱི་ས་མིང་ཕན་ཚུན་མཉམ་བསྲེས་བྱ་མི་རུང་བར་རང་རང་སོ་སོར་ཆེད་སྤྱོད་ཐུབ་དགོས།  གཞན་ཡང་ས་མིང་གི་གོ་དོན་མི་ལེགས་པ་ཞེས་པ་ནི་གཤམ་གྱི་གནས་ཚུལ་དག་སྟོན་པ་སྟེ།  1 རང་རྒྱལ་གྱི་མངའ་ཁོངས་བདག་དབང་དང་མི་རིགས་ཀྱི་རྩིས་ཐང་ལ་གནོད་པ། 2 མི་རིགས་ཁྱད་གསོད་དང་མི་རིགས་མཐུན་སྒྲིལ་ལ་གནོད་པ།   3 ངལ་རྩོལ་མི་དམངས་ལ་དམའ་འབེབས་དང་ཐ་ཤལ་གྱི་རང་བཞིན་ཚད་ལས་བརྒལ་བ།  4 དེ་མིན་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འགལ་བ། ཁྲིམས་ཀྱིས་གཏན་ལ་ཕབ་པའི་འབྲི་ཚུལ་གྱི་རྣམ་པ་དང་ཚད་ལྡན་ཀློག་སྟངས་ནི།  ས་མིང་གི་འབྲི་ཚུལ་དེ་ཚད་ལྡན་ཡི་གེའི་འབྲི་ཚུལ་དང་འཚམ་དགོས་པར་མ་ཟད།  ཚད་ལྡན་ཀློག་སྟངས་ལྟར་ཀློག་དགོས་ལ།  ཆབས་ཅིག་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་ལག་བསྟར་དང་ཁྲོམ་བསྒྲགས་ལག་ལེན་བྱ་དགོས།  གོང་གི་གཏན་འབེབས་དང་རེ་འདུན་ལྟར་ཐག་བཅད་པའི་ས་མིང་ནི་ཚད་ལྡན་ས་མིང་ཡིན།
     ས་མིང་ཚད་ལྡན་དུ་གཏོང་བ་ཞེས་པ་ནི་ཆབ་སྲིད་ཀྱི་རང་བཞིན་དང་སྲིད་ཇུས་ཀྱི་རང་བཞིན།  ཚན་རིག་གི་རང་བཞིན་ཤུགས་དྲག་ལྡན་པའི་ལས་དོན་རིགས་ཤིག་ཡིན།  ས་མིང་གི་འབྱུང་རྩ་དང་འཕེལ་འགྱུར།  ཡི་གེའི་བཀོལ་སྤྱོད་བཅས་ཀྱིས་རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་ས་གནས་དེ་རུ་འཚར་ལོངས་དང་འཚོ་གནས། འགྲོ་འདུག་སྤྱོད་གསུམ་བཅས་ཀྱིི་ལོ་རྒྱུས་མཚོན་ཐུབ། དེའི་ཕྱིར།  ས་མིང་ཞིག་གི་འབོད་སྟངས་དང་ཡི་གེར་འབྲི་ཚུལ་གྱིས་རྒྱལ་ཁབ་ཅིག་གམ་མི་རིགས་དེ་ཉིད་ཡུལ་ཁམས་གང་དེར་གཏོགས་པའི་མངའ་ཁོངས་ཀྱི་བདག་དབང་མཚོན་ཐུབ།  དཔེར་ན།  ཀྲུང་གོ་དང་བལ་བོའི་མཐའ་མཚམས་ཀྱི་རི་བོ་ཇོ་མོ་གླང་མ་ནི་རང་རྒྱལ་གྱི་བོད་རིགས་མི་དམངས་ཀྱི་ལོ་རྒྱུས་བྱུང་རིམ་ཁྲོད་ཀྱི་དད་ས་ཞེན་ཡུལ་གྱི་ལྷ་རི་གྲགས་ཅན་ཞིག་ཡིན།  འོན་ཀྱང1955ལོར་དབྱིན་ཇི་བཙན་རྒྱལ་གྱིས་རྒྱ་གར་གྱི་ཚད་ལེན་ལས་ཁུངས་ཀྱི་འགོ་ཁྲིད་དབྱིན་ཇི་བ(ཨེ་ཧྥོ་ལི་ཟི)ཡི་མིང་ཇོ་མོ་གླང་མར་བཏགས།  རྗེས་སུ་རང་རྒྱལ་གྱི་ས་ཁྲ་དང་དཔེ་དེབ་རེ་འགར་ཡང་མིང་འདི་སོར་བཞག་གིས་སྤྱོད་ཀྱིན་འདུག  འདིས་རང་རྒྱལ་གྱི་མངའ་ཁོངས་བདག་དབང་དང་མི་རིགས་རྩིས་མཐོང་ལ་གནོད་པ་ཚབས་ཆེན་ཐེབས།  རང་རྒྱལ་གྱིས་རི་བོ་ཇོ་མོ་གླང་མའི་བདག་དབང་སྲུང་ཕྱིར་ལོ་རབས་བདུན་ཅུ་བར་ཕྱི་ཡོང་ས་མིང(རི་བོ་ཨེ་ཧྥོ་ལི་ཟི)ཞེས་པ་རྨང་ནས་དོར་ཏེ།  རང་རྒྱལ་གྱི་བོད་སྐད་ས་མིང་རི་བོ་ཇོ་མོ་གླང་མ་ཞེས་པ་བསྐྱར་དུ་བཏགས་པ་རེད།  འདི་ནི་ད་གཟོད་ས་མིང་ཚད་ལྡན་དུ་གཏོང་བའི་ལས་དོན་ཁྲོད་ཀྱི་ཆབ་སྲིད་རང་བཞིན་གྱི་རྩ་དོན་རེད།
     ས་མིང་ནི་མི་རིགས་སྐད་ཡིག་གི་རིགས་ཤིག་ཡིན་ལ།  ས་གནས་ལོ་རྒྱུས་རིག་གནས་དེ་ས་མིང་ཁྲོད་རོ་གཅིག་ཏུ་གྱུར་ཡོད།  མི་རིགས་ས་ཁུལ་དུ་མི་རིགས་སྐད་ཀྱི་ས་མིང་བེད་སྤྱོད་དང་རྒྱུད་འཛིན་གྱི་ཁེ་དབང་ཡོད་མེད་དེ།  ཏང་གི་མི་རིགས་སྐད་ཡིག་གི་སྲིད་ཇུས་དང་ཐད་ཀར་འབྲེལ་བ་ཡོད་ལ།  ཏང་གི་མི་རིགས་འདྲ་མཉམ་གྱི་རྩ་དོན་མངོན་གྱུར་ལ་འབྲེལ་བ་ཡོད།  མི་རིགས་མཐུན་སྒྲིལ་ཆེན་མོ་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་ལ་ཡང་འབྲེལ་བ་ཡོད།  ལོ་རྒྱུས་སྟེང་བྱུང་བའི་བདག་པོར་མ་བསྟུན་པའི་ས་མིང་སྟེ་ཀའེ་སའེ(归绥) དང་ཏའེ་ཧྭ། (迪化)   ཅིན་ཧྭ།(靖化)    ཀྲན་ཧྭ།(瞻化)  ཨན་ཞི།(安西)   ཏིན་ཞི།(定西)   ཅིན་ཨན།(靖安)   ཀྲིན་ཞི་(镇西)སོགས་ས་མིང་དག་ནི་མི་རིགས་ཀྱི་རྩིས་མཐོང་དང་མཐུན་སྒྲིལ་ལ་གནོད་པ་ཆེ།  ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་།  མི་རིགས་འདྲ་མཉམ་མངོན་འགྱུར་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཀྱིས1951ལོའི་ཟླ5པའི་ཚེས16ཉིན།  ཀྲུང་དབྱང་མི་དམངས་སྲིད་གཞུང་སྲིད་དོན་སྤྱི་ཁྱབ་ཁང་གིས《གྲངས་ཉུང་མི་རིགས་ལ་མཐོང་ཆུང་དང་དམའ་འབེབས་ཀྱི་ངོ་བོ་ལྡན་པའི་འབོད་མིང་དང་ས་མིང་།  རྡོ་རིང་།  ཐེམ་ཡིག་བཅས་ལ་དག་ཐེར་གྱི་བཀའ་སློབ》བཀྲམས་ཏེ།  ལོ་རྒྱུས་སྟེང་བྱུང་བའི་གྲངས་ཉུང་མི་རིགས་ལ་མཐོང་ཆུང་དང་དམའ་འབེབས་ཀྱི་ངོ་བོ་ལྡན་པའི་ས་མིང་རིམ་གྱིས་དག་ཐེར་གཙང་དག་བྱས་པར་མ་ཟད།  གྲངས་ཉུང་མི་རིགས་སྐད་ཀྱི་ས་མིང་ཕལ་མོ་ཆེ་སླར་གསོ་བྱས།  དཔེར་ན།  ནང་སོག་གི་ས་མིང(ཀའེ་སའེ)སོག་སྐད་ཀྱི་ཧོ་ཧི་ཧོ་ཐི་ལ་བཅོས།  ཡུ་གུར་གྱི་ས་མིང( ཏའེ་ཧྭ)ཡུ་གུར་སྐད་ཀྱི་འོ་རོལ་མོ་ཆི་ལ་བཅོས། ས་མིང(ཀྲིན་ཞི)པཱ་ལི་ཁོན་ལ་བཅོས། སི་ཁྲོན་གྱི་ས་མིང(ལི་ཧྭ)བོད་སྐད་ཀྱི་ས་མིང(ལི་ཐང་)སླར་གསོ་བྱས།  ས་མིང་ཅིན་ཧྭ་ནི(ཅིན་ཁྲོན)ལ་བཅོས། ཡུན་ནན་གྱི་ས་མིང་ཕིན་ཡེ་ནི(ཧྥུ་ཡོན)ལ་བཅོས།  སྡེ་བ་དང་གྲོང་རྡལ་རིམ་པའི་ས་མིང་ལ་ཡང་ལྟོས་བཅས་ཀྱིས་དག་ཐེར་གནང་བ་སྟེ། དཔེར་ན།  རྒྱ་ཡིག་གི་ས་མིང(平羌堡)ཡི་ཡིག་འབྲུ(平吉堡)ལ་བཅོས། ཡང་རྒྱ་ཡིག་གི་ས་མིང(镇虏堡)ཡིག་འབྲུ(镇罗堡)བཅོས་པ་སོགས་སོ།། གཞན་གྲངས་ཉུང་མི་རིགས་ལ་མཐོང་ཆུང་གི་བརྗོད་དོན་ཡོད་པའི་ས་མིང་འབྲི་ཚུལ་དུ་མར་ཡང་བབ་མཐུན་གྱིས་དག་ཐེར་བྱས་པ་སྟེ། དཔེར་ན། རྒྱ་ཡིག་གི་ཡིག་འབྲུ(猛)ནི(勐)ལ་བཅོས། ཡིག་འབྲུ(猓)ནི(倮)ལ་བཅོས།  ཡིག་འབྲུ(猺)ནི(瑶)ལ་བཅོས།  ས་མིང(毒龙)ནི(独龙)ལ་བཅོས།  འདི་ནི་ས་མིང་དོ་དམ་ཐད་ཀྱི་སྲིད་ཇུས་རང་བཞིན་གྱི་རྩ་དོན་ཡིན།  ཚད་ལྡན་ས་མིང་དེ་ཚན་རིག་དང་མཐུན་མིན་ནི་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བ་དང་འབྲེལ་བ་ཡོད་པར་མ་ཟད།  རྒྱལ་སྤྱིའི་འགྲོ་འོང་དང་རྒྱལ་སྲུང་འཛུགས་སྐྲུན།  སྲིད་འཛིན་དབྱེ་ཁོངས།  ས་མཚམས་ཐིག་ལེན།  འཛུགས་སྐྲུན་འཆར་འགོད།   ཐོན་ཁུངས་འཚོལ་ཞིབ།   སྤྱི་ཚོགས་བཅོས་སྐྱོང་།   ཡུལ་སྐོར་འགྲིམ་འགྲུལ།  གསར་འགྱུར་བརྒྱུད་སྒྲོག  སྦྲག་ཏར་ཡིག་སྐྱེལ།  དེབ་ཐེར་དག་སྒྲིག་སོགས་ལ་འབྲེལ་བ་དམ་ཟབ་ཡོད། ལས་རིགས་སོ་སོར་དེང་རབས་ཅན་གྱི་ལག་རྩལ་དར་ཁྱབ་ཧ་ཅང་ཆེ་བ་དང་བསྟུན་ནས་ས་མིང་ཚད་ལྡན་དུ་གཏོང་བ་ཡང་ཁ་ཚ་དགོས་གཏུག་ཏུ་གྱུར།  གློག་རྡུལ་རྩིས་འཁོར་དང་གློག་ཀླད་བྱུང་བ་ནས་ས་མིང་གི་ཉར་ཚགས་དང་འཚོལ་ཞིབ། ཡིག་ཆ་བསྒྱུར་བཅོས་སོགས་ཀྱི་ལས་དོན་རང་འགུལ་ཅན་གྱི་དུས་རིམ་ལ་ཁ་ཕྱོགས།  དེའི་ཕྱིར་ས་མིང་འབྲི་ཚུལ་ཡང་བཙན་ཤེད་ཀྱིས་གཅིག་གྱུར་ཚད་ལྡན་དུ་བཏང་།  དེར་མ་ཟད་རྒྱལ་དམངས་དཔལ་འབྱོར་གོང་དུ་འཕེལ་བ་དང་བསྟུན་ནས།  གྲོང་ཁྱེར་དང་གྲོང་ཚོ།  ཆུ་བེད།  འགྲིམ་འགྲུལ་སོགས་ཀྱི་ཐད་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བས་མིང་གསར་བ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་བྱུང་ལ།  ས་མིང་རྙིང་བ་དུ་མ་ཡང་ཤེས་མེད་ཚོར་མེད་ངང་ཡལ་བར་གྱུར། གལ་སྲིད་ས་མིང་འབྲི་ཚུལ་ཉོག་པར་གྱུར་བའམ་འབོད་ཚུལ་ལ་གཅིག་གྱུར་དང་གཏན་འཁེལ་མེད་པ།  རིམ་པ་དང་རིགས་གཅིག་པའི་ས་མིང་འབོར་ཆེན་བརྩེགས་མར་གྱུར་བ།  གནས་ཡུལ་གྱི་མིང་དང་ཆེད་ལས་སྡེ་ཁག་སོ་སོས་བཀོལ་གྱིན་པའི་སྟེགས་དང་།  ས་ཚིགས།  ངོགས།  ར་སོགས་རྗེས་གྲུབ་ཀྱི་མིང་གི་འབོད་ཚུལ་མི་མཐུན་པ།  སྲིད་འཛིན་དབྱེ་ཁོངས་ཀྱི་མིང་དང་སྡོད་གནས་ཀྱི་མིང་གཅིག་གྱུར་མིན་པ།  ས་མིང་སྒྲ་བསྒྱུར་བྱས་པ་མི་དག་པ།  བསྒྱུར་འབྲི་ཉ་ཉུང་མཉམ་བསྲེས་བྱས་པ་སོགས་ཀྱི་དབང་གིས་ས་མིང་རྙོག་འཛིང་དུ་གཏོང་སྲིད་པ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཡིན་ལ།  མི་རྣམས་ཀྱི་སྤྱི་ཚོགས་འབྲེལ་འདྲིས་དང་བྱ་བའི་ཐད་ལ་ཡང་དཀའ་ཁག་མི་ཉུང་བ་འཕྲད་ཡོང་།  རྒྱལ་ཁབ་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ཡང་འོས་མིན་གྱི་གྱོང་གུད་རེག་སྲིད།  དེའི་ཕྱིར།  ས་མིང་གི་འབོད་སྟངས་དང་འབྲི་ཚུལ་ནི་ཚད་ལྡན་དང་གཅིག་གྱུར་ཡིན་མིན་དང་།  ས་མིང་དོགས་གནད་ཀྱི་ཐག་གཅོད་འོས་འཚམ་དང་ཚད་མཐུན་ཡིན་མིན།  ས་མིང་ཚད་ལྡན་དུ་བཏང་བ་ལས་ས་གནས་ལོ་རྒྱུས་ཀྱི་གནས་ཚུལ་དང་རིག་གནས་ཀྱི་ཁྱད་ཆོས་མཚོན་ཐུབ་མིན།  ས་མིང་བཏགས་པ་རྒྱལ་སྤྱིའི་ཚད་གཞི་ལྟར་ས་བདག་གི་བློ་ཁ་དང་འཚམ་མིན་བཅས་ནི་ཐད་ཀར་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་རྒྱལ་སྤྱིའི་འགྲོ་འོང་ལ་འབྲེལ་བ་ཡོད་ལ།  ཏང་གི་མི་རིགས་སྲིད་ཇུས་དང་རིག་གནས་རྒྱུད་འཛིན་མཚོན་པ་ལ་འབྲེལ་བ་ཡོད།  མི་རྣམས་ཀྱི་རྒྱུན་ལྡན་འཚོ་བ་དང་སྤྱི་ཚོགས་འབྲེལ་འདྲིས་ལ་འབྲེལ་བ་ཡོད་པར་མ་ཟད།  ཡང་དག་པའི་ངང་བརྡ་འཕྲིན་བརྒྱུད་སྤྲོད་དང་དཔལ་འབྱོར་འཕེལ་རྒྱས་ལ་ཡང་འབྲེལ་བ་ཡོད་པ་སྟེ།  ཚད་ལྡན་ས་མིང་ནི་དེང་རབས་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར།  ཚན་རིག་ལག་རྩལ་འཕེལ་རྒྱས་ཀྱི་དགོས་མཁོ་ཡིན་ལ།  རྒྱལ་ཁབ་ཕྱི་ནང་གི་རིགས་སོ་སོའི་མི་དམངས་ཀྱི་རིག་གནས་བརྗེ་རེས་དང་མཛའ་མཐུན་འགྲོ་འོང་གི་དགོས་མཁོ་ཡིན་པར་མ་ཟད།  ས་མིང་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་དགོས་མཁོ་དང་། ས་མིང་སྤྱི་བའི་ཞབས་ཞུའི་ལས་གྲྭ་འཛུགས་སྐྲུན་ལག་བསྟར་གྱི་དགོས་མཁོ་ཡང་ཡིན།  ས་མིང་ཚད་ལྡན་དུ་གཏོང་བར་སྐུལ་ལྕག་དང་དར་ཁྱབ་ཏུ་གཏོང་བ་ནི།  མི་རྣམས་ཀྱི་འགྲོ་འོང་སྟབས་བདེ་དང་མི་རིགས་འདྲ་མཉམ་མངོན་འགྱུར།  འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན།  དཔལ་འབྱོར་འཕེལ་རྒྱས་ཡར་སྐུལ་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་པོ་ལྡན་ནོ། །

2008ལོའི་ཟླ12པའི་ཚེས25ཉིན་བྲིས།
2014ལོའི་ཟླ12པའི་ཚེས9ཉིན་བསྒྱུར།

པདྨ་རིན་ཆེན། ཕོ། 1954ལོར་སྐྱེས། ཀན་ལྷོ་བླ་བྲང་གི་མི་ཡིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ས་མིང་བདག་གཉེར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཡིན་ལ། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོར་ས་མིང་རིག་པ་དང་བོད་ཀྱི་ཤུལ་བཞག་རིག་དངོས་ཉར་ཚགས་ཀྱི་ལས་ལ་འབད་ཀྱིན་ཡོད།
བསོད་ནམས་དོན་གྲུབ། ཕོ། 1982ལོར་སྐྱེས། བླ་བྲང་རྒན་གྱའི་མི་ཡིན། བོད་ཀྱི་རྩོམ་རིག་གི་ཤེས་རམས་པའི་བསླབ་གནས་བླངས་ཡོད།  ད་ལྟ་བསང་ཆུ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་ན་ལོ་ཙཱ་དང་དྲུང་ཡིག་གི་ལས་ཀ་གཉེར་གྱིན་ཡོད་ལ། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོར་བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་དང་འབྲོག་རུའི་ཐོན་ལས་རིག་དངོས་འཚོལ་སྡུད་དང་ཉར་ཚགས་ཀྱི་ལས་ལ་འབད་མུས་སུ་མཆིས།
དཔྱད་གཞིའི་ཡིག་ཆ།
1. 《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་མིང་བདག་གཉེར་བྱེད་ཐབས》(རྒྱ་བོད་ཤན་སྦྱར།)
2.《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་ཁོངས་སྒྲིག་འཛུགས་དང་གྲོང་སྡེའི་ས་མིང་།》 (རྒྱ་ཡིག) པདྨ་རིན་ཆེན་གྱིས་གཙོ་སྒྲིག་བྱས། 2013ལོའི་ཟླ8པའི་པར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
3.《གྲངས་ཉུང་མི་རིགས་སྐད་ཀྱི་ས་མིང་རྒྱ་ཡིག་གི་སྒྲ་སྦྱོར་ཡི་གེའི་སྒྲ་བསྒྱུར་བསྒྱུར་འབྲི་བྱེད་ཐབས》(རྒྱ་ཡིག)
4.《སྐད་གཉིས་སྨྲ་བའི་སྒྲོན་མེ།》 ཁྲི་བསམ་གཏན། ཚེ་དབང་ཐར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2002ལོའི་པར།
5.《སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད།》 ཁྲི་བསམ་གཏན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་པར།
6.《甘南藏族自治州州志》1999年版,民族出版社。
7.《安多政教史》(汉文)1986年版,甘肃民族出版社。
8.《甘肃藏族通史》2004年版,青海人民出版。
རྩོམ་གྱི་ཡོང་ཁུངས། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་རིག་གཞུང་དུས་དེབ། 2015ལོའི་དེབ་དང་པོ།


འབྲེལ་ཡོད་འོས་སྦྱོར།