logo

དམངས་ཁྲོད་ངག་རྩོམ་གྱི་ཁྱད་ཆོས་དང་དེའི་ཕན་ནུས།

རྩོམ་པ་པོ།:བེ་རི་ཚུལ་ཁྲིམས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-19 ཀློག་གྲངས།:

དམངས་ཁྲོད་ངག་རྩོམ་གྱི་ཁྱད་ཆོས་དང་དེའི་ཕན་ནུས།
ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་། བེ་རི་ཚུལ་ཁྲིམས།

     བོད་ཀྱི་རིག་གནས་ལ་ཆོས་དང་བོན། དམངས་ཁྲོད་ཀྱི་རིག་གནས་གསུམ་དུ་དབྱེ་ཚུལ་གྱི་དབང་བཏང་ན། དམངས་ཁྲོད་རིག་གནས་འདི་བྱུང་བ་སྔ་ཞིང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དང་འགྲོགས་ནས་རྒྱུན་མ་ཆད་པར་ངག་ནས་ངག་ཏུ་བརྒྱུད་དེ་དར་སྤེལ་བྱུང་བ་ཞིག་རེད།   དེ་ལ་ནང་གསེས་སུ་དབྱེ་བ་མང་དུ་མཆིས་པ་དེ་དག་ཀྱང་འཚོ་བའི་དགོས་མཁོར་གཞིགས་ནས་གསར་གཏོད་བྱས་པ་ལས་རང་གར་བྱུང་བ་ཞིག་མ་ཡིན་པར།  ངལ་རྩོལ་མི་དམངས་ཀྱི་རྣམ་དཔྱོད་དང་བློ་གྲོས་རྩལ་ལས་ཐོན་པའི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་རྩོམ་རིག་གི་རྣམ་པས་མཚོན་པར་བྱས་པ་རེད།  དེ་ཡང་སྒེར་རྩོམ་མམ་གསུང་འབུམ་ལྟ་བུ་མ་ཡིན་པར།  ངལ་རྩོལ་མི་དམངས་ཀྱིས་ངག་ཐོག་ནས་བརྩམས་ཤིང་ཞུན་བརྡར་དག་ཐེར་གྱིས་ཇེ་ལེགས་སུ་བཏང་བ་ཡིན་པས། འདི་ནི་ངལ་རྩོལ་མི་དམངས་ཀྱི་གསུང་འབུམ་རེད་ཅེས་བརྗོད་འདོད། གནའ་དུས་སུ་སྒྲུང་དང་། གླུ་ལྟ་བུ་བྱེ་བྲག་རེ་རེའི་མིང་ལས་ཐུན་མོང་དུ་དམངས་ཁྲོད་རྩོམ་རིག་ཅེས་པའི་ཐ་སྙད་འདི་མེད།  རིག་གཞུང་ཚན་ཁག་གྲུབ་རྗེས་སུ་ཐ་སྙད་འདི་བྱུང་ཡང་དོན་དུ་ངག་ཐོག་ནས་གསར་རྩོམ་བྱས་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན། ལྷག་པར་དུ་མདོ་དབུས་གཉིས་དང་མི་མཚུངས་པར་ཁམས་ཁུལ་དུ་དམངས་གླུ་ལ་འདྲ་གླུ་ཚིག་གསུམ་ལྡན་ཞིང་། དེ་དཔེ་དོན་ལ་སྦྱར་བའི་ཤོ་ལོ་ཀ་གཅིག་དོན་དང་།   གཉིས་དེ་དཔེ་བྱ་དངོས་སྣ་ཚོགས་ལ་བཀོད་ཡོད། གླུ་ཤགས་ཀྱི་གོ་རིམ་ལའང་འབྲོག་པའི་འཚོ་གནས་མཐུན་ཞིང་གླུ་དང་གཏམ་དཔེ་ལྡེའུ་སོགས་ལའང་ས་ཁུལ་གཞན་གྱི་ངག་རྩོམ་ལས་ཚིག་སྦྱོར་སྙན་ལ་དོན་མཚོན་པའི་ནུས་པ་བླ་ལྷག་ཏུ་ལྡན། མདོར་ན་དམངས་ཁྲོད་རྩོམ་རིག་ནི་མི་རིགས་གནས་བང་མཛོད་ནང་གི་འོད་སྟོང་འཕྲོ་བའི་ནོར་བུ་རྩ་ཆེན་དང་རྩོམ་རིག་ཀུན་གྱི་མ་ཡུམ་ལྟ་བུ་ཡིན་པས་དེར་ཐུན་མོང་གི་ཁྱད་ཆོས་འགའ་ཡོད་པ་གཤམ་གསལ།
གཅིག  དམངས་ཁྲོད་ངག་རྩོམ་གྱི་ཁྱད་ཆོས།
༡ ངལ་རྩོལ་མི་དམངས་ཐུན་མོང་གིས་བརྩམས་པ།
     དེ་ནི་དུས་གཅིག་ཏུ་མགྲིན་གཅིག་གིས་གསར་རྩོམ་བྱས་པ་ལྟ་བུ་མ་ཡིན་པར། ཐོག་མར་མི་ཞིག་གིས་སྟབས་བདེར་གསར་རྩོམ་དང་། དེ་རྗེས་མི་དམངས་ཀྱིས་རིམ་བཞིན་སྣོན་འཕྲི་དག་ཐེར་གྱིས་ཆ་ཚང་བར་བྱས་པས་ཐུན་མོང་གི་བརྩམས་པ་རེད།  
༢ མི་དམངས་ཀྱི་བསམ་འདུན་མཚོན་པ།
     དམངས་ཁྲོད་རྩོམ་རིག་ནི་དམངས་ཁྲོད་ནས་བྱུང་ཞིང་ཐུན་མོང་གིས་བརྩམས་པས་དམངས་ཁྲོད་རྩོམ་རིག་ལས་མི་དམངས་ཀྱི་འཚོ་བ་དང་བསམ་འདུན་སྙིང་པོ། ལངས་ཕྱོགས། འཐབ་ཕྱོགས། དགའ་སྐྱོ་ཆགས་སྡང་ཕུག་བསམ་བཅས་གསལ་པོ་མཚོན་ཐུབ་ཅིང་ངག་རྩོམ་འདི་ཁོ་ཚོའི་ཡོན་ཚད་དམ་བློ་ཁ་དང་ཧ་ཅང་འཚམས་པ་ཡིན།  
༣ ངག་ནས་ངག་ཏུ་བརྒྱུད་པ།
     རྩོམ་རིག་འདི་གདོད་མའི་དུས་སུ་དར་བས་སྐབས་དེར་བསམ་བློ་མཚོན་པའི་ཡི་གེ་མེད་ནའང་། ཁོ་ཚོའི་ཉམས་མྱོང་དང་ཤེས་བྱ་ཚང་མ་རྗེས་རབས་ལ་ཁྱབ་སྤེལ་གཏོང་བར་ངག་ཐོག་ཏུ་རྩོམ་རིག་གསར་རྩོམ་གྱི་ནུས་པ་ལྡན། དེ་ལ་དུས་དང་བྱ་སྤྱོད་ཀྱི་བཀག་རྒྱ་མེད་པར་བཤད་སྤེལ་ཐུབ་པས། གཏམ་རྒྱུད་སོགས་ལ་འཆད་ཉན་གྱི་དམ་ཚིག་གསུམ་སྲུང་དགོས་པ་སོགས་ཀྱིས་གཅིག་གིས་གཅིག་ལ་བཤད་དེ་ངག་ནས་ངག་ཏུ་བརྒྱུད་པ་ཡིན།   དེ་བས་ངག་རྩོམ་ལ་ཁ་སྐད་དང་འཚོ་བའི་ཁྲོད་ཀྱི་སྐད་ཆ་བསྐོལ་བའང་མང་།  
༤ འཚོ་བ་དང་བར་ཐག་ཉེ་བ།
     དམངས་རྩོམ་ལ་འགྱུར་མེད་གཏན་ཆགས་ཀྱི་གྲུབ་ཆ་ཞིག་མེད་ཚེ་དེའི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་རྩ་བའི་ཁུངས་གཞི་སོགས་ལ་ཞིབ་འཇུག་བྱེད་ཐབས་བྲལ། དམངས་རྩོམ་ལ་མི་མང་ཆེ་བའི་འདོད་བློ་དང་འཚམས་ཤིང་། སྐད་ཆའི་འགྲོ་སྟངས། དཔེ་དོན་སྦྱོར་ཚུལ་སོགས་སྤྱི་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཇི་ལྟར་བྱུང་ནའང་རང་ལ་དང་བ་སྟེར་བའི་རྩོམ་གྱི་སྒྱུ་རྩལ་ངེས་བདེ་བརྗོད་བདེ་དེ་མི་དམངས་ཀྱིས་བེད་སྤྱོད་རྒྱུད་འཛིན་བྱེད་པ་རེད།   གལ་ཏེ་སྐད་ཆ་ལ་འགྱུར་ལྡོག་བྱུང་ཡང་ནང་དོན་ལ་འགྱུར་བ་བྱུང་མེད།
གཉིས།  དམངས་ཁྲོད་རྩོམ་རིག་གི་རིན་ཐང་དང་ཕན་ནུས།
༡ བེད་སྤྱོད་ཀྱི་རིན་ཐང་།
     དམངས་རྩོམ་ནི་ཐོན་སྐྱེད་ངལ་རྩོལ་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། མི་དམངས་ཀྱི་རིག་གནས་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། སྤྱི་ཚོགས་ཀྱི་འཚོ་བ་ལས་བྱུང་ཞིང་འཚོ་བའི་དགོས་མཁོར་དམིགས་ནས་གསར་རྩོམ་བྱས་པས་འཚོ་བར་བེད་སྤྱོད་ཀྱི་ནུས་པ་ལྡན་ཏེ། ངལ་རྩོལ་པས་ངལ་རྩོལ་ནང་ལས་ཀ་དེ་དང་འབྲེལ་བའི་ལས་གཞས་བེད་སྤྱོད་བྱས་པས། ངལ་རྩོལ་པ་མཉམ་སྡེབ་ཀྱིས་ནུས་ཤུགས་གཅིག་སྒྲིལ་དང་།  ལས་ཤུགས་ཆེ་རུ་གཏོང་བ། སུན་སྣང་མེད་པར་ལས་ལ་འཇུག་ཅིང་། ལས་ཞོར་དུ་དགོད་བྲོའི་སྒྲུང་ཐུང་འཆད་ཉན། ལས་གཞས་ཀྱིས་ངལ་བ་སེལ་ཞིང་། ངལ་རྩོལ་བྱེད་འདོད་དང་དེ་ལ་དགའ་བའི་བློ་སྐྱེ། བོད་ཀྱི་དམངས་གཞས་ལས། ལས་ཀ་གླུ་དང་སྡེབ་ཤོག།ལས་ལ་སུན་མི་འདུག། ཅེས་དམངས་རྩོམ་ལས་ཐོན་སྐྱེད་ངལ་རྩོལ་གྱི་ཉམས་མྱོང་ལག་རྩལ་ཤེས་བྱ་བརྒྱུད་བསྒྲགས་ཐད་ནུས་པ་དེ་ལས་ཆེན་པོ་ཐོན་ཡོད།
༢ སློབ་གསོའི་རིན་ཐང་། 
     དམངས་ཁྲོད་རྩོམ་རིག་ནི་ངལ་རྩོལ་མི་དམངས་ཀྱིས་གསར་རྩོམ་བྱས་པ་ཞིག་ཡིན་ཕྱིར།   དེར་ལངས་ཕྱོགས་དང་། བསམ་བློའི་འདུ་ཤེས། སྒྱུ་རྩལ་གྱི་མཚོན་ཐབས་སོགས་མང་ཚོགས་ཀྱི་འདོད་བློ་དང་བསྟུན་ཏེ། མང་ཚོགས་ཀྱི་ཁེ་ཕན་སྲུང་བ། འཚོ་བར་མཛུབ་ཁྲིད་དང་བསམ་བློའི་ཀུན་སྤྱོད་ཐད་ལས་བརྩོན་དང་སྒྱིད་ལུག་གི་བླངས་དོར། དབུལ་ཕྱུག་བཙན་གཉོམ་གྱི་ལེ་ལན། གཡོ་སྒྱུ་ཕྲག་དོག་སྤངས་ཤིང་ཡ་རབ་སྤྱོད་བཟང་གིས་མི་ཚེ་སྐྱེལ་བའི་སློབ་གསོ་དང་མཛུབ་སྟོན་གྱི་ནུས་པ་ཐོན་ཡོད།
༣ ཤེས་བྱའི་རིན་ཐང་།
     དམངས་རྩོམ་གྱིས་དུས་སྐབས་དེའི་སྤྱི་ཚོགས་ཀྱི་ལོ་རྒྱུས་དང་། དམངས་སྲོལ།  རང་བྱུང་ཚན་རིག་སོགས་ཀྱི་ཟིན་ཐོ་ཞིག་ཏུ་གྱུར་ཡོད་པས། ཤེས་བྱའི་རིན་ཐང་ཆེན་པོ་ལྡན་ཏེ་ཞིང་འབྲོག་ལས་ཀྱི་ཤེས་བྱ་ལག་རྩལ། རང་བྱུང་ཁམས་ལ་འཐབ་རྩོད་ཀྱིས་ནམ་ཟླ་དང་གནམ་གཤིས་འགྱུར་ལྡོག་དང་དེའི་ཆོས་ཉིད། གཉེན་་སྒྲིག་གོམས་སྲོལ། ཚོ་པའི་བར་གྱི་འཐབ་རྩོད།  གདོད་མའི་སྤྱི་ཚོགས་ཀྱི་ལམ་ལུགས་དང་རིག་གནས། དཔོན་གཡོག  དབུལ་ཕྱུག  དབང་བསྒྱུར་པའི་བྱ་སྤྱོད་སོགས་སྐབས་དེའི་ཤེས་བྱ་ཤེས་རྟོགས་ཐུབ་པ་དང་།   དམག་འཁྲུགས་དང་རྒྱལ་གཅེས་ཀྱི་སྙིང་སྟོབས། བཀས་བཀོད་རྒྱུད་འཛིན་དང་དཔོན་ཉམ་རིང་ལུགས་ལ་ངོ་རྒོལ་བཅས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད།
༤ རྩེད་འཇོའི་རིན་ཐང་།
     གོང་གསལ་གྱི་རིན་ཐང་དེ་ཙམ་མ་ཡིན་པར་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་པོ་དེ་ཙམ་མ་ཡིན་པའི་སྤྱི་ཚོགས་ནང་དམངས་ཁྲོད་རྩོམ་རིག་ནི་ངལ་རྩོལ་པ་རྣམས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཉག་གཅིག་ཡིན་ཏེ། ངལ་གསོའི་སྐབས་གཏམ་རྒྱུད།   དགོད་སྒྲུང་། བྱིས་སྒྲུང་།  དམངས་གཞས།  གབ་་ཚིག་སོགས་འཆད་གཏོང་དྲིས་ལན་གྱིས་ལུས་སེམས་ཀྱི་ངལ་དུབ་སེལ་བ་དང་། དེ་མིན་རྩེད་རིགས་མི་འདྲ་བས་རྩེད་དགའི་སྤྲོ་སྣང་སྟེར་ཞིང་བསམ་པའི་དཔལ་ཡོན་འཛུག་སྐྲུན་ཐད་དམངས་རྩོམ་གྱི་ཕན་ནུས་དང་རིན་ཐང་ནི་རྒྱ་ཆེ་བ་ཡིན།
གསུམ།  དམས་ཁྲོད་རྩོམ་རིག་འཚོལ་བསྡུ་བྱེད་ཐབས།
     དེང་དུས་སུ་སྐྱ་སེར་གཉིས་ཀྱི་རིགས་གནས་ལས་སྐྱ་བོའི་རིག་གནས་དང་། ཆོས་དང་འཇིག་རྟེན་གཉིས་ལས་འཇིག་རྟེན་ཕལ་པའི་རིག་གནས། གཞུང་ལུགས་དང་འཚོ་བའི་ཁྲོད་ཀྱི་རིག་གནས་ལས་འཚོ་བའི་ཁྲོད་ཀྱི་རིག་གནས་ལ་མཐོང་ཆེན་དང་རྒྱུད་འཛིན་ཉམས་གསོ་བྱེད་རྒྱུར་འཐུས་ཤོར་དུ་སོང་བའི་གནས་ཚུལ་མཆིས། ལྷག་པར་དུ་ཡི་གེ་མི་ཤེས་ཤིང་ངག་ཐོག་ནས་བརྩམས་པ་བརྗོད་བྱ་དང་མཚོན་ཐབས། ཉམས་གང་གི་ཆ་ནས་ཕུན་སུམ་ཚོགས་ཤིང་། གྲགས་ཅན་རྩོམ་པ་པོས་ཀྱང་གསར་རྩོམ་བྱེད་དཀའ་བའི་དམངས་ཁྲོད་ངག་ཐོག་རྩོམ་རིག་སྒྱུ་རྩལ་འདི་དུས་ཡུན་རི་པོར་ངལ་རྩོལ་མི་དམངས་ཀྱིས་ངག་ཐོག་ཏུ་ཉར་ཚགས་དང་བརྒྱུད་བསྒྲགས་བྱས་ཏེ་ད་ལྟའི་བར་དུ་གནས་ཤིང་།   དེ་ནི་ངལ་རྩོལ་མི་དམངས་ཀྱི་འཚོ་བར་མེད་དུ་མི་རུང་བའི་མེས་པོས་ཤུལ་བཞག་རིག་གནས་གལ་ཆེན་ཞིག་རེད།  དུས་རབས་འདིར་མི་སྒེར་གྱི་ཁེ་ཕན་ཁོ་ན་དོན་དུ་གཉེར་བའམ། ཤེས་འཇོན་དང་ལྷག་བསམ་གྱིས་མི་འདང་བ། འཚོ་ཐབས་འགྱུར་བ་སོགས་འདུ་འཛིའི་རྐྱེན་དུ་མས། གཏམ་རྒྱུད་དང་།  རྩེད་རིག  ལྡེའུ། གླུ་ཤགས། བཤད་པ་སོགས་ཀྱི་སྲོལ་ཉམས་པས་བརྒྱུད་སྒྲོགས་བྱེད་པ་ལྟ་ཅི། འཚོལ་བསྡུ་མ་ཐུབ་པས་སྔར་ཤེས་མཁན་ཚོས་ཀྱངབརྗེད་པ་གྲངས་ཀྱིས་མི་ལང་། སྒྱུ་རྩལ་པ་རྒན་གྲས་གཅིག་འདས་གྲོངས་སུ་སོང་ན། དེས་ཤེས་པའི་ངག་ཐོག་གི་ཕུལ་བྱུང་གི་་བརྩམས་ཆོས་ཡོངས་རྫོགས་རྩ་མེད་དུ་འགྲོ་བཞིན་ཡོད་པ་དཔེར་ན།  ཚོང་དཔོན་ནོར་བུ་བཟང་པོ་དང་། ཡེས་ཇོ་ཆག་ལྟ་བུའི་སྙན་ཞིང་འཇེབས་པའི་གཏམ་རྒྱུད་གང་མང་དང་། གླུ་དང་གཞས། ལྡེའུ་མང་པོ་ཉམས་པའི་གྱོང་རྒུད་ལ་བསམ་ན་ངོ་མ་ཕངས་སེམས་སྐྱེ་དགོས་པ་གྱུར། ཡང་རྩོམ་པ་པོའི་བརྩམས་ཆོས་ལ་བདག་པོ་ཡོད་ཅིང་། དམངས་ཁྲོད་ངག་ཐོག་རྩོམ་རིག་གི་བདག་པོ་ངལ་རྩོལ་མི་དམངས་ཡིན་དགོས་་ལ། ཁོ་ཚོ་ནི་ཡིག་རྨོངས་པ་ཡིན་ཕྱིར། ཡིག་ཐོག་ཏུ་འགོད་མ་ཐུབ་ཚེ་ངག་ཐོག་ནས་ཉམས་པར་སླ། མི་རིགས་རིག་གནས་བང་མཛོད་ནང་གི་ནོར་བུ་རྩ་ཆེན་འདི་ནོར་བུ་རང་ལག་ཡོད་དུས། ནོར་བུའི་ནོར་ཉམས་མ་ཆོད། ནོར་བུ་གཞན་ལ་ཤོར་དུས། སྙིང་རླུང་སྟོད་ལ་འཚངས་ན་འཕྱི་བར་འགྱུར་བས། དམངས་ཁྲོད་ངག་ཐོག་གི་རྩོམ་རིག་ཡིག་ཐོག་ཏུ་བཀོད་དེ་པར་སྐྲུན་འགྲེམ་སྤེལ་བྱེད་རྒྱུ་ནི་དམངས་ཁྲོད་རིག་གནས་སྒྱུ་རྩལ་རྒྱུད་འཛིན་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན། 
བཞི། དམངས་རྩོམ་ལེགས་སྒྲིག་བྱེད་སྐབས་དོ་སྣང་བྱེད་དགོས་པ།
     དམངས་རྩོམ་ལ་ནང་དོན་གྱི་ཆ་ལ་བཤད་ཚུལ་མི་འདྲ་བ་སྣ་ཚོགས་འབྱུང་སྲིད་པ་དེ་དག་དམངས་རྩོམ་དེའི་ཐོག་མའི་ཐོག་མའི་རྣམ་པ་གང་ཡིན་པ་ལྟར་ལེགས་སྒྲིག་བྱེད་དགོས་ལ། རྩོམ་གྱི་བརྗོད་བྱ། བྱུང་རིམ་སྒྲིག་གཞི། མི་སྣའི་སྣང་བརྙན། རྩོམ་ལུས་རྩོམ་གྱི་སྒྱུ་རྩལ་གྱི་ཁྱད་ཆོས་བཞི་རང་དགར་བསྒྱུར་མི་རུང་ལ། དམངས་རྩོམ་ནང་དུ་བརྡ་སྤྲོད་ཀྱི་གཞུང་དུ་མི་མཐུན་པ། ཡིག་ཐོག་ཏུ་འཕབ་མི་ཐུབ་པའི་ཁ་སྐད་སོགས་མང་པོ་འབྱུང་སྲིད་པ་དག་ལ་ཟུར་མཆན་བཀོད་ན་དམངས་རྩོམ་གྱི་རྩ་བའི་ཁྱད་ཆོས་ངག་ཐོག་ཏུ་ཇི་བཞིན་གནས་ཐུབ་པ་དང་གདོད་མའི་ཁྱད་ཆོས་ཇི་བཞིན་གནས་ཐུབ་པར་བྱེད་དགོས།
     འཚོལ་བསྡུ་བྱེད་ཐབས་ལ་སྒྲ་ཕབ། གཟུགས་ཕབ། ཟིན་འགོད་བཅས་ཀྱིས་ཡབ་མེས་བློ་གྲོས་ཀྱི་ཉིང་བཅུད་དང་སྲོལ་རྒྱུན་ནང་གི་སྲོལ་རྒྱུན་རིག་གནས་འདི་བསྡུ་སྒྲིག་ལེགས་བཅོས་གསར་རྩོམ་ཁྱབ་སྤེལ་བྱེད་དགོས་པས་ལས་ཤེས་མེད་ཚོར་མེད་དུ་ཉམས་པར་གྱུར་ན་མི་རིགས་རིག་གནས་ཀྱི་གྱོང་རྒུད་ཚབ་ཆེན་ཞིག་དང་ང་ཚོའི་མི་རབས་འདི་ལོ་རྒྱུས་ཀྱི་ཉེས་ཆེན་ཞིག་ཏུ་འགྱུར་ངེས་པས་ཀུན་ལ་གསལ་འདེབས་ཞུ་བ་ལགས།


འབྲེལ་ཡོད་འོས་སྦྱོར།