logo

སློབ་ཆུང་སྐད་ཡིག་སློབ་ཁྲིད་སྐབས་ཐུགས་སྣང་མཛད་དགོས་པའི་མྱོང་སྣང་རགས་གླེང་།

རྩོམ་པ་པོ།:བསྟན་འཛིན་ལྷ་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-23 ཀློག་གྲངས།:

སློབ་ཆུང་སྐད་ཡིག་སློབ་ཁྲིད་སྐབས་ཐུགས་སྣང་མཛད་དགོས་པའི་མྱོང་སྣང་རགས་གླེང་།
བྲག་གཡབ་རྫོང་དཀྱིལ་དམ་སློབ་ཆུང་བསྟན་འཛིན་ལྷ་དར།

སྨྱུག་མིང་། རྒྱང་འབོད་ཀྱི་ཀི་སྒྲ།
དངོས་མིང་། བསྟན་འཛིན་ལྷ་དར།
ནང་དོན་གནད་བསྡུས།  རང་ཉིད་སློབ་གསོའི་ལས་ཀར་ཁྲོད་མཐོང་བའི་གནད་དོན་ཁག་གཅིག་ན་མཉམ་གྱི་ལསགྲོགས་ཚོར་དཔྱད་གླེང་བྱས་ཡོད།
བརྡ་ཆད་གཙོ་བོ། ལས་ཀར་དད་ཞེན། སྐད་བརྡ། ཀུན་སྤྱོད།
གཅིག སློབ་གསོའི་ལས་ཀར་དད་ཞེན་ཆེ་བའི་བསམ་པ་ཞིག་དགོས།
     སློབ་གསོའི་ལས་ཀར་དད་ཞེན་བྱ་རྒྱུ་ནི་དགེ་རྒན་གྱི་ལས་ཀ་ཡང་དག་འགྲུབ་ཐུབ་པའི་སྔ་བལྟས་ཡིན་ལ་རྨང་གཞི་ཞིག་ཀྱང་ཡིན།   ཁ་སང་དེ་རིང་གི་སྤྱི་ཚོགས་ཐོག་དགེ་རྒན་ཟེར་བ་མིང་ཐོས་པ་ཙམ་གྱིས་ཚིག་མཚོན་དང་དམའ་འབེབས་ཐ་ཚིག་སྒྲོག་མཁན་ཇེ་མང་དུ་འགྲོ་བཞིན་ཐ་ན་སློབ་འབྲིང་ལ་འགྲིམས་པའི་སློབ་མ་ཞིག་ལ་ཁྱོད་ཕྱིས་སུ་གང་བྱ་རྩིས་ཡོད་ཅེས་དྲི་བ་ཞིག་བཏོན་ན་སློབ་མས་ཐད་ཀར་ང་ནི་དགེ་རྒན་ཕུད་དེ་མིན་གྱི་ལས་ཀ་གང་བྱེད་ན་འགྲིག་ཟེར་མཁན་འདུག དེ་ལ་ཡ་མཚན་སྐྱེས་ནས་རྒྱུ་མཚན་འདྲི་སྐབས་ཁོས་དགེ་རྒན་ནང་ཞུགས་ཚར་རྗེས་ཟླ་ཕོག་ཁོ་ན་ལ་བརྟེན་དགོས་ཤིང་ལས་ཀར་དཀའ་ཚེགས་ཆེ་ཞིང་རྙོག་འཛིང་ཆེ་བ། ཚེ་གང་རིང་ཐལ་རྡུལ་གྱི་ས་སྨྱུག་དང་སྣ་བཅད་ཀྱི་རྐང་དྲི་དང་མི་བྲལ་ཞིང་འབྱོར་པའི་རྩ་བ་དབང་ཆ་འཛིན་རྒྱུ་ནི་རི་བོང་རྭ་དང་སྦལ་པའི་སྤུ་ལྟར་རེད་ཟེར་གྱི་འདུག ད་དུང་དགོད་བྲོ་བ་ཞིག་ལ་མི་ག་གེ་མོ་ཞིག་གིས་རྒྱན་ཁང་སྦྱིན་བདག་ལ་ཁ་པར་སྐྱོན་ནས་བག་ཁང་ནང་ལས་བྱེད་པ་འདུག་གམ་ཞེས་འདྲི་སྐབས་སྦྱིན་བདག་གིས་ལས་བྱེད་པ་མི་འདུག་སློབ་གྲྭའི་དགེ་རྒན་རེ་གཉིས་དང་ཚོང་བ་ཁ་ཤས་འདུག་བཅས་ལན་འདེབས། འདི་དང་འདི་འདྲ་བ་སྤྱི་ཚོགས་སྟེང་དགེ་རྒན་ལ་རྩི་མཐོང་ཇེ་ལོད་དུ་ཕྱིན་པ་མཐའ་དག་ལ་ང་ཚོས་དཔལ་མི་ཞུམ། གཉའ་མི་སྒུར་ནས་རིག་གནས་ལ་ཧུར་བརྩོན་དང་ལྷག་བསམ་རྣམ་དག་རང་གཟུགས་གཞན་དཔེ་ཐུབ་པའི་ལས་ལ་བརྩོན་དགོས་པ་ལས་རྣ་ཉན་དང་གཞན་ཟེར་ཁོ་ནའི་འོག་འཚོ་ན་མི་ཚེའི་རིན་ཐང་ཟེར་བ་གང་ནས་འཚོལ། མཐའ་མར་རང་གཞན་ནོར་བ་ཉེན་ཤིན་ཏུ་ཆེ། འཇིག་རྟེན་ཐོག་གི་བྱ་བ་ཆེ་ཆུང་ཅི་ཞིག་བསྒྲུབ་ཀྱང་མེད་དུ་མི་རུང་བ་ནི་དེ་ལ་འཇུག་འདོད་ཀྱི་མོས་པ་དེ་རེད་འདུག མཁས་པའི་གསུང་ལས་མོས་པ་ནི་ཆེས་ཕུལ་བྱུང་གི་དགེ་རྒན་ཞིག་ཟེར་བ་ལྟར་ཚང་མས་ཞིབ་འདང་ཞིག་རྒྱོབ་དང་དགེ་རྒན་ཟེར་བ་དེ་སློབ་མ་རྣམས་ལ་ལྷག་བསམ་རྣམ་དག་གི་ཐབས་སྣ་སྣ་ཚོགས་སྤྱད་ནས་རིག་གནས་ཤེས་བྱ་སྤྲོད་གང་ཐུབ་ཞིག་བྱེད་ན་ཁ་མ་ཎི་དང་ལག་འཁོར་ལོ། འབུད་རྡུང་བཀྲོག་གསུམ་སོགས་ཆོས་ཀྱི་བྱེད་སྒོ་ཆེད་མངག་གི་ཞིག་སྤེལ་དགོས་དོན་རྩ་བ་མི་འདུག་སྙམ།
     ད་དུང་གཟིགས་དང་ལས་གནས་གཞན་བྱེད་མཁན་ཚོས་ཀྱང་གར་འཁྲབ་ནས་ལས་གྲ་འགྲོ་མཁན་དང་། གླུ་ལེན་ནས་གཞུང་ལས་བྱེད་མཁན་གཅིག་ཀྱང་མ་མཐོང་བ་དེ་ལས་ལྡོག་སྟེ་དབང་འཕར་གྱི་དོན་དུ་ཉིན་མཚན་ལྟོས་མེད་རྐུབ་གཡོག་རྒྱུག་རྒྱུ་དང་། རྐུབ་བྲོ་འཁྲབ་རྒྱུ། གཅིག་མེད་གཅིག་འཚོང་། རང་སྡུག་རྐྱང་རྐྱང་འཆད་མཁན་ལས་ཆོག་ཤེས་བྱས་ནས་ང་སྐྱིད་པོ་ཡིན་ཟེར་མཁན་གཅིག་ཀྱང་མ་མཐོང་ལ་རྣ་བ་ལའང་དེ་ལས་ཀྱང་དབེན་རྒྱུ་མཚན་མང་དག་ཞིག་ལ་དཔྱད་ནས་ལས་མཐུན་གྱི་དགེ་རྒན་ཚོས་ལག་པ་སྙིང་ཁར་སྦྱར་ནས་བསམ་གཞིགས་ལེགས་པར་ཞིག་བྱོས་དང་བདེ་སྐྱིད་ཟེར་བ་ཚད་མཐོའི་དཔལ་འབྱོར་ཁོ་ན་ལ་རག་ལས་ཡོད་དམ།
གཉིས།  བོད་སྐད་གཙང་མས་སློབ་ཁྲིད་བྱ་དགོས།
     སྐད་ཆ་ནི་མིའི་རིགས་ཀྱི་བརྡ་སྦྱོར་ཡོ་བྱད་གཙོ་ཆེ་ཤོས་ཡིན་གསུངས་པ་ལྟར་མི་རིགས་གང་ཞིག་ཡིན་ཡང་མི་རིགས་དེ་ཡི་སྐད་ནི་ལོ་མང་རང་བྱུང་འཐབ་རྩོད་ལས་བྱུང་བའི་གྲུབ་འབྲས་ཉག་གཅིག་ཡིན། དཔེར་ན་རི་ཞེས་པ་འདོད་རྒྱལ་གྱི་མིང་ཞིག་བྱུང་བ་དང་ཆབས་ཅིག་དེར་གནས་པའི་སྲོག་ཆགས་ཆུང་ངུ་ཞིག་ལ་རྣ་བ་བོང་བུ་དང་འདྲ་བ་ཞིག་ཡོད་པ་མཐོང་དུས་མེས་པོ་ཚོས་དེ་ལ་རི་ཡི་བོང་བུ་ཞེས་ཀུན་གྱིས་འབོད།  དེ་ལོ་མང་སོང་མཚམས་རིམ་བཞིན་ཚིག་བསྡུས་ནས་རི་བོང་ཞེས་པ་ད་བར་འབོད་ དེ་ལྟར་གྱི་རང་ཅག་མེས་པོ་ཚོས་ཞུམ་མེད་ཀྱི་སྙིང་སྟོབས་དང་ཉམས་མེད་ཀྱི་བརྩོན་འགྲུས་སོགས་ལས་ཕྱིས་སུ་སྐད་ལ་བརྟེན་ནས་སྐད་དང་མཐུན་པའི་སྐད་ཡིག་འདིའང་བཟོས། ཡིན་ཡང་དེང་གི་འུ་ཚོ་ནི་སྙིགས་མའི་དུས་ཟེར་ནས་ཕྱི་ནང་གི་རྒྱུ་རྐྱེན་མང་དག་ལ་ཁག་དཀྲིས་ཏེ་སྐད་དང་ཡི་གེ་འདོར་གང་ཐུབ་བྱེད་པ་མཐོང་ཆོས་སུ་གྲུབ། སློབ་དཔོན་རིན་པོ་ཆེའི་བཀའ་ཐང་ནང་གསལ་བ་ལྟར་ ང་ཚོ་འགྱུར་བ་ལས་དུས་འགྱུར་བ་མིན་པ་དེའང་མཁྱེན་དགོས་ངེས།  རླབས་ཆེན་གྱི་སློབ་དཔོན་སི་ཏ་ལིན་གྱིས་ མི་དམངས་ཁྲི་སྟོང་མང་པོས་མི་རིགས་རང་ཉིད་ཀྱི་སྐད་ཆ་བེད་སྤྱད་བྱས་ན་ད་གཟོད་ཁྲིད་མཁན་གྱི་དགེ་རྒན་ཚོས་ངེས་པར་དུ་སློབ་ཚན་སྐར་མ་བཞི་བཅུ་བོད་སྐད་གཙང་མས་སློབ་ཁྲིད་བྱེད་རྒྱུ་འགངས་ཤིན་ཏུ་ཆེ། དགེ་རྒན་རེ་འགའ་དེ་ལས་ལྡོག་སྟེ་སློབ་ཚན་ཁྲོད་ཕལ་ཆེ་བ་རྒྱ་སྐད་ཁོ་ན་སྤྱད་རྐྱེན་སློབ་མས་མིང་ཚིག་མང་དག་ཅིག་རྒྱ་སྐད་ཀྱི་ཐོག་ནས་བོས་ཐུབ་པ་ལས་བོད་སྐད་ཀྱི་ཐོག་ནས་བོས་མ་ཐུབ་པ་ནང་གི་རྒྱུ་རྐྱེན་འདི་དག་ལ་ཐུག་པ་རེད་དཔེར་ན་ སློབ་ཚན་འཚོག་སྐབས་“ཧྲང་ཁའེ་”ཟེར་བ་དང་། དེ་རིང་སློབ་ཚན་གྱི“དིས་མུའུ”༼ཁ་བྱང༽བྲག་གཡབ་རྫོང་ལ“བྲག་གཡབ县ཞིའི”སློབ་ཁང་ལ“ཅོའོ་ཧྲའི”རྒན་བསྟན་པ་ལ“ལོའོ་ཧྲའི་དགེ་རྒན་བསྟན་པ”ཟེར་བ་སོགས་རང་གི་ལག་འོག་ནས་རང་གི་སྐད་ཡིག་ཉམས་ཉེས་སུ་གཏོང་ན་གནའ་སྒྲུང་རི་དྭགས་རྒྱལ་པོ་སེང་གེ་རི་དྭགས་གཞན་གྱིས་བསད་པའི་གཏམ་མེད་ཀྱང་ནང་གི་སྲིན་འབུས་བསད་པར་གྱུར་པའི་དཔེ་ལྟར་གྱུར་ཉེན་ཆེ་བས་བོད་ཡིག་དགེ་རྒན་ཀུན་གྱིས་སྐད་སྣ་མཉམ་བསྲེས་ཀྱི་སློབ་ཁྲིད་སྤང་ནས་ཐ་སྙད་གསར་པ་བོད་སྐད་དུ་ཕབ་སྒྱུར་གནང་བའི་མཁན་ཚུལ་ཁྲིམས་བློ་གྲོས་ཀྱི《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད》དང་བློ་བཟང་དོན་གྲུབ་ཀྱི《ཉེར་མཁོའི་ཐ་སྙད་བློ་གསལ་བྱེ་བའི་འཇུག་ངོགས》སོགས་ཀྱི་ཕྱག་དཔེ་ལ་གཟིགས་ནས་སློབ་ཁྲིད་ཀྱི་སྐད་ཆ་ཡིན་ནའང་འདྲ་སློབ་ཕྱིའི་ཁོར་ཡུག་གི་སྐད་ཆ་ཡིན་ནའང་རུང་། གང་ལྟར་ད་ལྟ་ནས་སློབ་མ་ལ་ཤུགས་རྐྱེན་བཟང་པོ་ཞིག་སྐྲུན་ཏེ་བོད་སྐད་ཚད་ལྡན་དང་གཙང་མ་བཤད་རྒྱུར་རྨང་གཞི་བརྟན་པོ་འཛུགས་གང་ཐུབ་བྱ་དགོས།
གསུམ།  དགེ་རྒན་རང་གིས་ཀུན་སྤྱོད་ལ་དོ་སྣང་བྱེད་དགོས།
     མི་དམངས་ཀྱི་དགེ་རྒན་བཟང་པོ་ཞིག་བྱེད་དགོས་ན་རང་ཉིད་ལ་སློབ་ཕྲུག་གི་མིག་དཔེ་འོས་པའི་བསམ་བློ་དང་ཀུན་སྤྱོད་བཟང་པོ་ཞིག་ལྡན་དགོས་ཆ་རྐྱེན་དེ་འཛོམས་ན་གཞི་ནས་སློབ་ཕྲུག་གི་བསམ་བློ་དང་ཀུན་སྤྱོད་ལེགས་ལམ་དུ་ཁྲིད་ཐུབ།
     ཡིན་ནའང་དགེ་རྒན་ཉུང་ཤས་ཤིག་ཤེས་ཡོན་སྦྱང་བརྩོན་གནང་རྒྱུར་ཐུགས་སྣང་ཆུང་བ་དང་། དུས་ཚོད་མི་ཉུང་བ་ཞིག་རྣམ་གཡེང་ལེ་ལོའི་ངང་སྐྱེལ་བ། རྒྱུན་དུ་ཆང་རག་དང་ཚོགས་པ་བསྒྲིག་རྒྱུར་མཉེས་པ། གཞུང་ལས་ཁང་དུ་འདོད་པའི་བཙོག་གཏམ་ཁོ་ན་གླེང་བ། སློབ་ཁྲིད་བྱེད་སྐབས་སློབ་ཚན་དང་འབྲེལ་མེད་བདག་བསྟོད་གཞན་སྨད་ཀྱི་གཏམ་ཉོག་གླེང་བ།  དྲིས་པའི་དྲི་བར་མ་ཤེས་ཤེས་མདོག་གིས་ལན་འདེབས་པ། རྒྱན་པོ་འགྱེད་པ། ཕྲ་མ་དང་ལྐོག་ལབ་ངག་གིས་བློ་མཐུན་བར་ལ་འཁྲུགས་རྩོད་སློང་བ། དེ་ལྟར་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་གང་ལའང་འཛེམ་པ་མེད་པར་རིན་བྲལ་གྱི་བྱིས་པའི་དུས་ཉག་གཅིག་དེ་གཏོར་མཁན་གྱི་སྡིག་ཅན་གཏེ་བོ་ཞིག་ཏུ་གྱུར་ན་རྩྭ་མི་ཟ་བ་དང་ལྕི་བ་མི་གཏོང་བ་མ་གཏོགས་དུད་འགྲོའི་ལུས་དང་ཁྱད་ཅི།   
     ཕྱི་རྒྱལ་གྱི་མཁས་པ་གྲགས་ཅན་ཡོ་ཧན་སིས་ཀུན་སྤྱོད་བཟང་པོ་ནི་ཤེས་ཡོན་ཚད་མཐོན་པོར་སླེབས་པའི་རྟགས་མཚན་ཡིན་ཞེས་གསུངས་ལ།  ས་སྐྱ་ལེགས་བཤད་ལས། གལ་ཏེ་རིག་པ་ཡོད་ན་ཡང་། སྐྱེ་བོ་རང་གཤིས་ངན་པ་སྤངས། དུག་སྦྲུལ་ནོར་བུས་མགོ་རྒྱན་ཡང་། མཁས་པ་སུ་ཞིག་པང་དུ་ལེན།  ཞེས་གསུངས་བ་ལྟར་དགེ་རྒན་གྱི་ཀུན་སྤྱོད་ནི་སློབ་མའི་མིག་དཔེ་བལྟ་ས་ཡག་ཤོས་ཤིག་ཡིན་པས་རང་གཞན་ཀུན་གྱིས་དོ་སྣང་བྱ་དགོས་པའི་གལ་གནད་ཅིག་ཏུ་འཁུམས།

མཇུག་བསྡུའི་གཏམ

     དཔྱད་རྩོམ་འདི་ལྟར་གྱི་ནང་དོན་ལ་བསམ་གཞིག་དང་བགྲོ་གླེང་བྱས་ནས་ཀུན་གྱིས་སློབ་ཆུང་སློབ་མའི་སྐད་ཡིག་རྨང་གཞིར་དམིགས་ནས་མ་འོངས་ནང་བོད་སྐད་ཡིག་ལ་དགའ་ཞེན་དང་ཡར་ཐོན་ཅུང་ཡོང་བ་རེ་སྨོན་དང་བཅས།
དཔྱད་གཞིའི་ཡིག་ཆ། 
《སློབ་གྲྭ་ཆུང་འབྲིང་གི་བོད་སྐད་ཡིག་སློབ་ཁྲིད་ཞིབ་འཇུག་བགྲོ་གླེང་གི་དཔྱད་རྩོམ་ཕྱོགས་བསྒྲིགས།》བོད་རང་སྐྱོང་ལྗོངས་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤ250


འབྲེལ་ཡོད་འོས་སྦྱོར།