ཐ་སྙད་གསར་བ།
རྩོམ་པ་པོ།:ཨ་སྐྱབས་དར་རྒྱས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-04-21
ཀློག་གྲངས།:
ཐ་སྙད་གསར་བ།
ཨ་སྐྱབས་དར་རྒྱས།༼དཀར་མཛེས༽
1
ཨ་ཤོད་ཁ་བ་ལ་རི་ནི་ཁ་བས་གཡོགས་ཏེ་དཀར་ཟོམ་མེར་འདུག་པ་དང་། རྒྱང་ནས་བལྟས་ན་དེ་ནི་ཤེལ་གྱི་མཆོད་རྟེན་ཞིག་དང་འདྲ། ལྷ་ལུང་སྡེ་མི་ཚོས་ངག་རྒྱུན་དུ་ཨ་ཤོད་ཁ་བ་ལ་རི་ནི་སྨན་གྱི་བུམ་པ་ཐོགས་པའི་གཞི་བདག་ཅིག་ཡིན་ཟེར། དེ་རིང་ཡང་ནམ་རྒྱུན་དང་འདྲ་བར་ཁ་བ་བསྟུན་མར་བབས་ནས་ཕྱི་ རོལ་ནི་འཁྱག་སིབ་བེར་འདུག་ཀྱང་ལྷ་ལུང་སྡེ་བའི་མི་ཚོས་དེ་ལ་ཁ་ཡ་མི་བྱེད་ པར་སྡེ་དཔོན་དབང་ཆེན་ཚང་གི་ཕྱོགས་སུ་བསྐྱོད་བཞིན་འདུགསྡེ་དཔོན་དབང་ཆེན་གྱིས་སྤྲུལ་སྐུ་ཐོག་རྒོད་ཚང་གིས་བཀའ་བཞིན་ལྷ་ལུང་སྡེ་བའི་ནང་དུ་སྐད་ཡིག་སྲུང་སྐྱོབ་ཀྱི་བྱ་འགུལ་ཞིག་ཚ་ཚ་འུར་འུར་གྱིས་སྤེལ། སྡེ་དཔོན་དབང་ཆེན་གྱིས་སྡེ་དམངས་འཚོགས་ཆེན་ཐོག་ཏུ། སྐད་ཡིག་སྲུང་སྐྱོབ་བྱ་འགུལ་གྱི་གཙོ་སྙིང་ནི་སྦྲག་སྐད་བཅོས་བསྒྱུར་དང་ཐ་སྙད་གསར་བཀོལ་ཡིན་ཞེས་བསྒྲགས།
ཉིན་དེ་ནས་བཟུང་། སྡེ་དཔོན་དབང་ཆེན་གྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དུ་ལྷ་ལུང་སྡེ་བའི་མང་ཚོགས་རྣམས་ལ་སྤྲུལ་སྐུ་ཐོག་རྒོད་ཀྱིས་གནང་བའི《བོད་ཀྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད》དེབ་སློབ་སྦྱོང་བྱེད་དུ་བཅུག དེ་ཡང་གསལ་པོ་བྱས་ནས་བཤད་ན། ཐོག་མར་མང་ཚོགས་ཀྱིས་མིང་མཛོད་ནང་གི་ཐ་སྙད་གསར་པ་སློབ་སྦྱོང་བྱས་པ་རེད།
ཉིན་དེར། ཁ་བ་སྔར་བཞིན་ཐར་ཐོར་དུ་བབས་བྱུང་ལ། གྲང་རླུང་ཤུར་ཤུར་དུ་ལྡང་། སྡེ་དཔོན་དབང་ཆེན་གྱིས་འཕྲུལ་རྟ་ཞོན་ནས་མང་ཚོགས་ཀྱི་སློབ་སྦྱོང་བྱེད་སར་སོང་། ཨ་ཙི། དེ་རིང་ལམ་ནང་དུ་ཁང་དར་ཆེ་བས་ཅི་འདྲའི་འགྲོ་མི་བདེ་བ་ཞིག་རེད་ཨང་།
མཚམས་ཤིག་ལ། སྡེ་དཔོན་དབང་ཆེན་གྱི་འཕྲུལ་རྟའི་མདུན་འཁོར་ལམ་ནང་གི་རྡོ་འབུར་ཞིག་ལ་ཐོགས་ཏེ་ཁོ་ལ་བསམ་དབང་དྲན་དབང་མེད་པར་ས་ལ་བསྒྱེལ། ཉིན་དེར། སྡེ་དཔོན་གྱིས་སྐྱོབ་ཞྭ་གྱོན་མེད་རྒྱུ་ན་ཁོང་ལ་མུ་མཐུད་དེ་ཐ་སྙད་གསར་པ་སྦྱོང་བའི་གོ་སྐབས་མེད་པར་ཚེ་ལས་འདས་སོང་ཡོད་ཁོ་ཐག་རེད།
སྐར་མ་ཁ་ཤས་ཀྱི་གཞུག་ནས་སྡེ་དཔོན་དབང་ཆེན་འགྱེལ་མ་ལངས་ཀྱིས་ཁོའི་འཕྲུལ་རྟ་ལ་བལྟས་པ་ན། ཁོ་རང་རང་གི་མིག་གི་དབང་པོ་ལའང་ཡིད་མི་ ཆེས་པར་གྱུར། ལྟོས་དང་། ཁོའི་འཕྲུལ་རྟའི་རྒྱབ་མཐོང་མེ་ལོང་དང་། རླུང་ཤེལ། མདུན་སྒྲོན། ཕྱོགས་སྟོན་སྒྲོན་བཅས་ཆག་ནས་གང་སར་འཐོར་འདུག ད་རུང་འཕྲུལ་རྟའི་སྣུམ་སྒམ་དང་། རྐང་གདན། སྒྲ་སྙུང་ཆས། སྦོར་དཔུང་སོགས་ཀྱང་ རྡོ་ལ་བརྡབས་ནས་བཀྱོམ་བཀུག་ཚབས་ཆེན་བྱས་འདུག
སྡེ་དཔོན་སེམས་ཕངས་ཞོར་འཕྲུལ་རྟ་སར་ཙོག་ཙོག་བྱས་ནས་གཟབ་ལྟ་ལན་ཞིག་བྱས་པ་ན། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི་འཕྲུལ་རྟའི་སྣུམ་ཁྲ་དང་། འགྲོས་ཆོད་ཚད་ཁྲ། ལག་སྒག སྣུམ་སྣོན་འཛིན་ཡུ། ཕྱོགས་སྒྲོན་འཐེབ། སྒྲ་དུང་འཐེབ་སོགས་ཡོད་སའི་འཕྲུལ་རྟའི་མགོའི་ཅ་ལག་གི་མིང་ཙམ་ཡང་འཛིན་ས་ལྷག་མི་འདུག
སྡེ་དཔོན་གྱི་སེམས་སུ་གལ་ཏེ་ང་རང་ཐ་སྙད་གསར་བ་སྦྱང་བར་ཡོང་མེད་ན་འདི་འདྲའི་གྱོང་ཞིག་ཡོང་མི་སྲིད་སྙམ། འོན་ཀྱང་སྐད་ཡིག་སྲུང་སྐྱོབ་ ཀྱི་བྱ་འགུལ་ནི་ལྷ་ལུང་སྡེ་བ་ཙམ་མིན་པར་སྡེ་བ་གཞན་དག་གིས་བསྒྲུབས་དང་སྒྲུབ་བཞིན་པ་ཡིན་ན། ཁོ་སྡེ་དཔོན་ཞིག་རང་དགར་འདུག་ཐབས་མེད་ལ་ལྷག་ཏུ་སྤྲུལ་སྐུ་ཐོག་རྒོད་ཚང་གིས་བཀའ་གསུང་བཅག་ཐབས་ག་ལ་ཡོད།
མཚམས་ཤིག་ལ། སྡེ་དཔོན་དབང་ཆེན་གྱིས་ཐབས་བཀོད་ཅིག་ཡིད་ལ་འཁོར། ཁོ་རང་རྫོང་ཐོག་ཏུ་སོང་ནས་འཕྲུལ་རྟའི་ཅ་ལག་དེ་དག་ཉོས་ཡོང་ནས་ཞིག་གསོ་བྱེད་པར་ཐག་བཅད།
2
སྡེ་དཔོན་དབང་ཆེན་རྫོང་ཐོག་ཏུ་ཐོན་པའི་ཉིན་དེར། ཉི་འོད་ཤིན་ཏུ་ཚ་བས་ཁོས་གདོང་གི་རྔུལ་ཆུ་འཕྱག་ཞོར་སྲང་ལམ་ནས་ཡར་ཉུལ་མར་ཉུལ་འགའ་བྱས་པ་ན། སྡེ་དཔོན་གྱིས་གཞི་ནས་རང་གི་དྲོས་ཇ་འཐུང་མེད་པ་ཡིད་ལ་འཁོར་བས་ཟས་ཁང་ཞིག་ཏུ་འཛུལ།ཟས་ཁང་གི་ལས་གཡོག་པས་ཚོད་ཐོ་ཞིག་བཟུང་ཡོང་ནས་སྡེ་དཔོན་གྱི་ལག་ཏུ་བཞག སྡེ་དཔོན་གྱིས་ཚོད་ཐོའི་ཁ་ཕྱེས་ནས་བལྟས་པ་ན། ཁོའི་མཐོང་ལམ་དུ་ཉིན་ཤས་གོང་མིང་མཛོད་གསར་བའི་ནང་གི་ཟས་རིགས་སྐོར་གྱི་ཐ་སྙད་གསར་བ་དག་མཐོང་བྱུང་། ཚོན་ལྡན་གྱི་པར་རིས་དག་གི་འོག་ཏུ་སླང་བཞར་ཤ་ལྷེབ། ཆུ་བཙོས་ཤ་ལྷེབ། བཙོས་ཤ་བརྔོས་མ། ལྕམ་སྒོང་སྒོང་ཐང་། ཤ་རྐྱང་འཇམ་གདུས། སུར་པན་ཤ་ལྕུག ཚ་བེར་སྲན་ཐུད་བཅས་རིན་གོང་ཆེན་པོའི་སྐོར་འདུག་ལ། ཚོད་ཐོའི་ཤོག་གྲངས་གཉིས་པའི་མཇུག་ཏུ། སྒོང་འབྲས་དང་། སྡེར་ཐུག འཁྱག་ཐུག བོང་རྣ། ཆུ་མོག་བཅས་སྟབས་བདེའི་ཟས་རིགས་ཡོད་པ་མཐོང་།
སྡེ་དཔོན་གྱི་སེམས་སུ་སྤྲོ་སྣང་ཞིག་སྐྱེས་པ་དང་། ཁོས་ཚོད་ཐོའི་ནང་གི་ཐ་སྙད་གསར་བ་དག་ནི་སྦྱངས་མྱོང་བ་ཤ་སྟག་རེད་འདོད་དེ་ཟས་ཁང་གི་ལས་གཡོག་པ་རྒྱ་མོ་དེ་ལ་ང་ལ་སུར་པན་ཤ་ལྕུག་སྡེར་མ་གང་དགོས”ཞེས་ལབ་པ་ན། ཟས་ཁང་གི་ལས་གཡོག་པ་རྒྱ་མོ་དེས་མགོ་བོ་འཕྲེད་དུ་གཡུག་ཞོར་ངས་གོ་མ་བྱུང་ཞེས་ལབ།
སྡེ་དཔོན་འུ་ཐུག་ནས་དམྱལ་བ་མ། དེ་ན་ཆུ་མོག་ཅ་ནེ་གང་དགོས་ཞེས་བཤད། རྒྱ་མོས་ཡང་བསྐྱར་མགོ་བོ་འཕྲེད་དུ་གཡུག་ཞོར་ཁྱོད་ལ་ཅི་ཞིག་དགོས་ཞེས་དྲིས་བྱུང་། སྡེ་དཔོན་ཚིག་པ་ཟ་ཞོར“མེན་ཁུར་ད་ཝན༼大碗面块儿༽གཅིག ད་རུང་ཅ་རོས༼加肉༽དགོས་ཞེས་སྡང་མིག་ཅིག་བགྲད་པ་ན། རྒྱ་མོས་ད་གཟོད“འོ་ཡ། ཏོག་ཙམ་སྒུག་རོགས།”ཞེས་ཐབ་ཚང་དུ་ལོག
སྡེ་དཔོན་གྱི་སེམས་སུ་རྫོང་ཐོག་ཏུ་ཡོང་ནས་བྱ་བ་ཞིག་བསྒྲུབ་དགོས་ན་ངེས་པར་དུ་རྒྱ་སྐད་ཅིག་མ་ཤེས་ཐབས་མེད་ཡིན་པ་འདྲ། དེ་བས་ཁོས་ཡིད་ལ་འདས་ཟིན་པའི་དོན་དག་ཅིག་དྲན། ཐེངས་ཤིག་ཁོས་སྡེ་བའི་ཚོགས་ཆེན་ཐོག་ཏུ། རྒྱ་སྐད་མ་ཤེས་ན་མི་མ་རེད་ནོར་རེད་ཅེས་བཤད་པ་ན། སློབ་ཆེན་པ་བཀྲ་ཤིས་ཀྱིས་སྡེ་དཔོན་ལ་སྐྱོན་བརྗོད་ཡ་ང་བ་ཞིག་བྱས་པས་ཁོའི་ངོ་གདོང་ཧྲིལ་བོ་ད་ལྟ་ཡང་ཚ་བེར་བེར་བྱེད། ཁོས་དེ་ལྟར་བསམ་བློ་གཏོང་ཞོར་ཉིན་དེའི་ཕྱེ་ཐུག་གི་བྲོ་བ་ཅི་ཞིག་ཡིན་པ་ཡང་ཡིད་ལ་དྲན་གྱིན་མི་འདུག
3
སྲང་ལམ་དུ་མི་ཚོགས་ཀྱིས་འདུ་འཛིས་ཁེངས་འདུག་ལ། ཉི་འོད་ཀྱང་སྔར་བའི་ཚ་བས་སྡེ་དཔོན་དབང་ཆེན་གྱིས་ཕུ་ཐུང་གཡས་པ་ཕུད་དེ་སྲང་ལམ་ཉུལ།མདུན་ཕྱོགས་སུ་ལྷམ་ཚོང་ཞིག་ཡོད་པ་མཐོང་ལ། ཁོས་གཞི་ནས་རང་གི་ཆུང་མ་ལ་ལྷམ་ཞིག་ཉོ་དགོས་པ་དྲན།
སྡེ་དཔོན་ལྷམ་ཚོང་ཁང་དུ་འཛུལ་བ་ན། ཚོང་དཔོན་རྒྱ་རྒན་གྱིས་དུ་བ་སྔོག་ལྷོག་ལྷོག་འཐེན་བཞིན་ཁོ་ལ་འཛུམ་གྱིས་བསུས།
སྡེ་དཔོན་གྱི་མཐོང་ལམ་དུ་བསིལ་ལྷམ་དང་། འགྱིག་ལྷམ། འདྲུད་ལྷམ། རས་ལྷམ། ཆུ་ལྷམ། ཀོ་ལྷམ། ཡུལ་སྐོར་ལྷམ། ཀོ་ལྷམ་ཡུ་རིང་། གྲུག་ལྷམ། བར་ཚངས་ལྷམ་སོགས་གྲལ་འགྲིག་པའི་ལྷམ་གསར་པ་མང་པོ་བསྒྲིགས་ནས་ཡོད་པ་མཐོང་། ལྷམ་འདི་དག་གི་མིང་ཡང་སྡེ་དཔོན་གྱིས་རེ་རེ་བཞིན་འབོད་ཤེས་པས་ཁོས་ཐ་སྙད་གསར་པ་སྦྱངས་ན་དོན་སྙིང་ཤིན་ཏུ་ཆེ་སྙམ་ནས། ཚོང་དཔོན་རྒྱ་རྒན་གྱི་ཕྱོགས་སུ་འཁོར་ནས་ཀོ་ལྷམ་ལ་སྒོར་དུ་རེད་ཅེས་དྲིས། ཚོང་དཔོན་རྒྱ་རྒན་ནི་སྔོན་མ་ཟས་ཁང་ནང་གི་རྒྱ་མོ་དང་འདྲ་བར་མགོ་བོ་འཕྲེད་དུ་གཡུག་ཞོར་རྒྱ་སྐད་ཀྱིས་ངས་གོ་མ་བྱུང་ཟེར།
ཀོ་ལྷམ། ཀོ་ལྷམ་ནག་པོ་དེ་ཞེས་བཤད་ན་གོ་སམ་ཞེས་སྡེ་དཔོན་གྱིས་འགྲེལ་བཤད་བྱས་ཀྱང་། ཚོང་དཔོན་རྒྱ་རྒན་གྱིས་ལག་བརྡ་བྱེད་ཞོར་ངས་གོ་མ་བྱུང་། ཁྱོད་སྒོར་ཕྱིར་ལ་སོང་ཞེས་བཤད།
སྡེ་དཔོན་སླར་ཡང་ཐབས་ཟད་དེ་སི་ཁྲོན་རྒྱ་སྐད་ཀྱིས“ཕེ་ཧེ༼皮鞋༽ཞེས་ཀོ་ལྷམ་ཕྱོགས་སུ་མཛུབ་མོ་བཙུགས་པ་ན། ཚོང་དཔོན་རྒྱ་རྒན་གྱིས་ད་གཟོད་བཅོས་མའི་འཛུམ་མདངས་ཕྱི་རུ་མངོན་བཞིན་ཀོ་ལྷམ་ཕྱི་རྟིང་མཐོན་པོ་ཅན་དེ་སྡེ་དཔོན་གྱི་ལག་ཏུ་བཞག
སྡེ་དཔོན་གྱི་གདོང་ལ་ཐང་ཆད་པའི་ཉམས་ཤིག་མངོན་བཞིན་ཚོང་ཁང་གི་ཕྱི་རུ་ཐོན་བྱུང་།
4
ཉི་མ་ནུབ་རིར་བཞུད་ལ་ཉེ། ཉི་འོད་ཀྱང་ལྡབ་འགྱུར་གྱི་ཇེ་གཉོམ་ལ་ཕྱིན་པས་དགུན་དུས་ཀྱི་བསིལ་རླུང་འཇམ་པོ་ཞིག་ལྷོད་ཀྱིས་ལྡང་བྱུང་། སྡེ་དཔོན་གྱིས་ད་རུང་སྲང་ལམ་ན་ཉུག་བཞིན་འདུག ཁོའི་སེམས་སུ་ཁ་སང་ཁ་བ་བབས་ནས་གྲང་རླུང་ལྡང་ཡང་། དེ་རིང་ཉི་འོད་འཇམ་ལ་གནམ་གཤིས་ཡག ཡོད་ཚད་འགྱུར་བ་ཅི་འདྲའི་མགྱོགས་ཨང་། སྡེ་དཔོན་གྱིས་ད་རུང་དོན་དག་གལ་ཆེན་ཞིག་བརྗེད་འདུག་པ་དྲན།སྡེ་དཔོན་ད་རུང་འཕྲུལ་རྟ་ལས་ས་ཞིག་ཏུ་སོང་ནས་འཕྲུལ་རྟའི་ཅ་ལག་ཉོ་དགོས། འོན་ཀྱང་འཕྲུལ་རྟའི་ཅ་ལག་དེ་དག་ཉོ་དགོས་ན། ངས་བོད་སྐད་ཀྱི་ཐ་སྙད་གསར་བ་བཤད་དགོས་སམ་རྒྱ་སྐད་འཁྱར་འཁྱོར་དེ་བཤད་དགོས།སྡེ་དཔོན་གྱིས་དེ་ལྟར་བསམ་གཞིག་བྱེད་བཞིན་ཁ་ནས་ཐ་སྙད་གསར་བ་ཞེས་བརྗོད་དུས་སྲང་ལམ་གྱི་བཞི་མདོ་ཞིག་ཏུ་སླེབས་འདུག
སྲང་ལམ་གྱི་གཡས་ཕྱོགས་སུ་བོད་པའི་གསར་བུ་ཞིག་གིས་འཕྲུལ་རྟའི་ཅ་ལག་སྡེབ་ཚོང་བྱེད་བཞིན་ཡོད་ལ། སྲང་ལམ་གྱི་གཡོན་ཕྱོགས་སུ་རྒྱ་མི་ཚོང་པ་ ཞིག་གིས་འཕྲུལ་རྟའི་ཅ་ལག་སྡེབ་ཚོང་བྱེད་བཞིན་ཡོད།
སྡེ་དཔོན་གྱི་སེམས་སུ་གློ་བུར་དུ་འཇིགས་སྣང་ཞིག་བྱུང་བ་དང་། མིག་མདུན་གྱི་ཡོད་ཚད་ནི་ཐ་སྙད་གསར་བ་བཞིན་སྐད་ཅིག་གིས་འགྱུར་བཞིན་ཡོད་པ་འདྲ། སྡེ་དཔོན་གྱིས་མགོ་བོ་བཀྱགས་ནས་ནུབ་ཕྱོགས་སུ་བལྟས་པ་ན། ཉི་མ་ནི་སྔར་ནས་ནུབ་རིར་བཞུད་ཟིན་ལ། ཨ་ཤོད་ཁ་བ་ལ་རིའི་རི་སྟེང་གི་ཁ་བ་ཡང་ཅུང་ཙམ་ཞུ་མེད་པར་དཀར་བོང་བོང་བྱེད་ལ། ཁ་བ་དང་འགྲོགས་པའི་ལྷགས་རླུང་ཞིག་ཀྱང་ཤུར་ཤུར་དུ་ལྡང་བ་ན། སྲང་ལམ་འདི་ཡང་དུས་ཀྱི་རླུང་བུའི་འཚུབ་མའི་ཁྲོད་དུ་འདར་སུག་སུག་དང་འཁྱག་སིབ་སིབ་བྱེད།
སྡེ་དཔོན་གྱི་གོམ་ཁ་སྲང་ལམ་གྱི་གཡོན་ཕྱོགས་སུ་འཁོར་ཏེ་ཨོ་རྒྱན་རིན་པོ་ཆེས་དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ཞེས་གསུངས་པ་ཅི་མ་བདེན་སྙམ།
2014/1/25
འབྲེལ་ཡོད་འོས་སྦྱོར།