logo

དུས་བསྟུན་སྲིད་གཞས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-27 ཀློག་གྲངས།:

དབྱིན་འགོག་དམག་འཁྲུག་སྐབས་སུ་བྱུང་བའི་དམངས་གཞས་ཁག་ཅིག་གི་
ལོ་རྒྱུས་རྒྱབ་ལྗོངས་སྐོར་ཅུང་ཟད་གླེང་བ།

     བོད་ཀྱི་དམངས་ཁྲོད་དུས་བསྟུན་སྲིད་གཞས་ལས་དུས་རབས་ཤིག་གི་ཆབ་སྲིད་གནས་སྟངས་དང་། དུས་རབས་དེའི་ཆབ་སྲིད་ལམ་ལུགས། ཆབ་སྲིད་མི་སྣའི་གསང་ལྐོག་གནས་ཚུལ་སོགས་མང་པོ་ཞིག་གསལ་མཐོང་བྱེད་ནུས་ཀྱང་རང་ཅག་བོད་མི་རིགས་ཀྱི་དམངས་ཁྲོད་རྩོམ་རིག་ལས་དུས་བསྟུན་སྲིད་གཞས་ཕྱོགས་གཅིག་ཏུ་བསྡུ་སྒྲིག་དང་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་གསལ་འགྲེལ་གནང་བའི་དཔེ་དེབ་སོགས་ནི་ཤིན་ཏུ་ནས་དཀོན་པའི་རྐྱེན་གྱིས་དེང་གི་གཞོན་སྐྱེས་ཕལ་ཆེ་བས་དུས་བསྟུན་སྲིད་གཞས་མཐོང་ཐོས་བྱུང་ཡང་དེ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཅི་འདྲ་ཞིག་གི་འོག་ཏུ་བྱུང་བ་སོགས་ལ་ངེས་ཤེས་སྐྱེས་དཀའ་བས། འདིར་ཁོ་བོས་རང་ཉིད་ནས་རུ་གྲོང་ལས་བྱ(田野调查)དོན་དུ་གཉེར་ཏེ་བསྡུ་སྒྲིག་བྱས་པའི་དུས་བསྟུན་སྲིད་གཞས་དང་ལོ་རྒྱུས་དེབ་ཐེར། དེ་བཞིན་དམངས་གཞས་ཕྱོགས་བསྒྲིགས་སོགས་སུ་འཁོད་པའི་དབྱིན་འགོག་དམག་འཁྲུག་སྐབས་ཀྱི་དུས་བསྟུན་སྲིད་གཞས་མི་ཉུང་བ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་མ་ཟད་དེས་གསལ་མཚོན་བྱེད་པའི་ལོ་རྒྱུས་དང་ཆབ་སྲིད་ཀྱི་གནད་དོན་སོགས་བཙལ་འཚོལ་བྱས་པ་གཤམ་གསལ།
གཅིག དབྱིན་འགོག་དམག་འཁྲུག་ཐེངས་དང་པོའི་སྐབས་སུ་བྱུང་བའི་དུས་བསྟུན་སྲིད་གཞས།
ང་ཕོད་ངར་རང་དྲགས་ཏེ། །
'སེ་རིལ'བསྐྱལ་ཏེ་ཕེབས་སོང་། །
ལྕང་ཅན་ཨ་མའི་སྐྱོ་རོགས། །
ཞོལ་ཁང་སྙིང་ཉེ་ཕེབས་བྱུང་། །
ཟུར་ཁང་ཟུར་ཟུར་ཟུར་ལ། །
འབྲུག་ཡུལ་བརྒྱུད་དེ་ཕེབས་འདུག །
བཀའ་གུང་ལྷ་ཀླུ་ལྷ་རེད། །
ནགས་ཐང་བརྒྱུད་ལ་བཞུགས་བཞག །ཅེས་པ་དེ་ནི་སྤྱི་ལོ༡༨༨༨བོད་ས་བྱི་ལོའི་དབྱིན་འགོག་དམག་འཁྲུག་ཐེངས་དང་པོའི་སྐབས་བོད་ཀྱི་ས་སྲུང་ལུང་ཐུར་ལ་དགྲ་རྫོང་དུ་དབྱིན་ཇི་བཙན་འཛུལ་པས་སྐབས་དེའི་སྔོན་ཐོན་མཚོན་ཆ་མེ་སྒྱོགས་དང་མེ་མདའ་སྦག་སྦག་སོགས་ཤུགས་དྲག་ཆེན་པོས་བརྒྱབ་པའི་འོག་མཚོན་ཆ་བོད་མདའ་དང་། གྲི་མདུང་ལས་མེད་པའི་བོད་དམག་གནས་ཡུལ་ལུང་ཐུར་ལའི་དགྲ་རྫོང་གཏོར་བ་རེད། དེའི་སྐབས་བོད་དམག་གི་མདའ་དཔོན་ང་ཕོད་དང་། ལྕང་ལོ་ཅན། ཞོལ་ཁང་གསུམ་བྲོས་ཏེ་ཕག་རིར་འབྱོར་བ་དང་། མདའ་དཔོན་ཟུར་ཁང་ལམ་ནོར་ཐེབས་ཏེ་འབྲུག་ཡུལ་དུ་འབྱོར་བའི་གནས་ཚུལ་བཅས་ལ་ཟུར་ཟ་བྱས་ཏེ། དམག་དཔོན་སྤྱི་ཁྱབ་པ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པའི་གཅེན་པོ་བཀའ་གུང་ལྷ་ཀླུ་ནས་ལུང་ཐུར་ལའི་དགྲ་རྫོང་ཤོར་རུང་སླར་ཡང་དམག་མི་རྣམས་བསྡུ་རུབ་ཀྱིས་ནགས་ཐང་དུ་དགྲ་རྫོང་བཟོས་ནས་རང་སྲུང་འགོག་རྒོལ་བྱས་པར་མི་རྣམས་ཀྱིས་བསྟོད་པ་ཕུལ་བར་གསར་རྩོམ་བྱས་པའི་དུས་བསྟུན་སྲིད་གཞས་ཤིག་རེད།
གཉིས། དབྱིན་འགོག་དམག་འཁྲུག་ཐེངས་གཉིས་པའི་སྐབས་སུ་བྱུང་བའི་དུས་བསྟུན་སྲིད་གཞས།
རྫ་འཕྲང་ས་འགག་བཙན་པ། །
འཛམ་གྲགས་ཤུགས་དྲག་ཆེ་བ། །
ཕྱི་གླིང་རྣ་ཆེན་ཡོ་ཏོག །
ཐེར་ཚལ་སྦར་ཚལ་བཟོས་སོང་། །ཞེས་པ་འདི་ནི་སྤྱི་ལོ༡༩༠༤ལོའི་དབྱིན་འགོག་དམག་འཁྲུག་ཐེངས་གཉིས་པའི་སྐབས་ཆུ་མིག་གཤོངས་ཀོའི་རྐྱེན་ངན་བྱུང་རྗེས་བོད་དམག་རྣམས་ཀྱིས་རྫ་འཕྲང་ས་འགག་བཙན་སར་སྒུག་ར་སྤྲད་དེ་དབྱིན་དམག་རྫ་འཕྲང་དུ་འབྱོར་སྐབས་བོད་དམག་གིས་རི་སྟེང་ནས་དུས་གཅིག་ཏུ་བོད་མདའ་འཛམ་གྲགས་དགུ་ཤོག་བསྒྲིགས་ཏེ་བརྒྱབ་པ་དང་། རྦབ་རྡོ་བསྒྲིལ་བ་སོགས་བྱས་ཏེ་དབྱིན་དམག་ཕོན་ཆེན་བསད་པས་དམག་མི་ལྷག་མ་རྣམས་རེ་ཞིག་ཕྱིར་འཐེན་བྱེད་དགོས་བྱུང་བའི་དམག་འཐབ་ཀྱི་གནས་ཚུལ་མི་དམངས་ཀྱིས་ཤེས་མ་ཐག་དུས་བསྟུན་སྲིད་གཞས་འདི་འདྲ་ཞིག་དམངས་ཁྲོད་དུ་ཁྱབ་ཡོད།
ཨ་དར་ཀོང་པོའི་དམག་གིས། །
དབྱིན་མགོ་ས་ལ་གཡུགས་སོང་། །
གནས་རྙིང་རྡོ་བཅལ་ཆེ་མོ། །
དམར་པོའི་ཁྲག་གིས་བསྒྱངས་སོང་། །
     རྫ་འཕྲང་དམག་ཐག་ཆོད་རྗེས་དབྱིན་ཇི་བཙན་འཛུལ་པས་མུ་མཐུད་དབུས་གཙང་ཁུལ་དུ་དཔུང་འཇུག་བྱས་ཏེ་གནས་རྙིང་དུ་འབྱོར་བ་རེད། བོད་དམག་གིས་འགོག་སྲུང་ཇི་ལྟར་བྱས་ཀྱང་མཚོན་ཆ་ཡག་ཉེས་ཀྱི་ཧེ་བག་ཤིན་ཏུ་ཆེ་བར་བརྟེན་གནས་རྙིང་རི་རྩེ་དགྲ་བོར་ཤོར་རྗེས་ཀོང་དམག་སོགས་ཁག་གཅིག་གནས་རྙིང་དགོན་གྱི་འདུ་ཁང་ནང་འཛུལ་ཏེ་སྒོ་མནན་ཏེ་བསྡད་པ་རེད། སྐབས་དེར་དབྱིན་དམག་གི་དམག་དཔོན་ཛ་ཉ་ས་ཧེབ(sir)དང་། དམག་མི་བརྒྱ་དང་སུམ་ཅུ་སྐོར་རྡོ་བཅལ་ཆེན་མོའི་ནང་འཛུལ་ཏེ་འདུ་ཁང་ནང་གི་བོད་དམག་ཚོར་མགོ་བཏགས་ཞུ་དགོས་པའི་སྐད་ཅོར་རྒྱག་བཞིན་པའི་སྐབས་དེར་འདུ་ཁང་གི་སྒོ་གློ་བུར་དུ་ཕྱེ་ནས་དུས་གཅིག་ཏུ་བོད་དམག་རྣམས་ཐོན་ཏེ་རྡོ་བཅལ་ནང་དམར་འཛིང་བྱས་པ། ཨ་དར་ཉི་མ་གྲགས་པ་ཟེར་བས་གྲི་དཔའ་དམ་གཡུག་ཐེངས་གཅིག་གིས་དམག་དཔོན་ཛ་ཉ་ས་ཧེབ་ལུས་དུམ་བུར་གཏུབ་པ་མ་ཟད་དཔའ་བོ་བོད་དམག་ཚོས་དེར་ཡོད་དབྱིན་དམག་ཚང་མ་བསད་པས་དམངས་ཁྲོད་དུ་དུས་བསྟུན་སྲིད་གཞས་འདི་ལྟར་ཁྱབ་ཡོད་དེ།
བཀྲས་གླིང་བཀྲས་རང་དྲག་སྟེ། །
བསྐྲད་བསྐྲད་གཏོང་གིན་བསྡད་བཞག །
ལྕགས་སྤྲག་སྤྱང་རང་དྲག་སྟེ། །
ཕྱིར་བལྟས་མེད་པར་བྲོས་སོང་། །
     དབྱིན་དམག་གིས་མེ་སྒྱོགས་ཀྱི་འགེབས་སྲུང་འོག་རྒྱལ་རྩེར་དཔུང་འཇུག་བྱས་པས་སྐབས་དེར་རྫོང་ནང་གི་འགོག་སྲུང་པ་མདའ་དཔོན་ལྕགས་སྤྲག་གིས་གཙོས་དམག་མི་འགའ་ཤས་འཇིགས་ཏེ་ཕྱིར་བྲོས་ཕྱིན་ནའང་མདའ་དཔོན་བཀྲས་གླིང་པ་དང་དམག་མི་ཁག་གཅིག་ནས་མུ་མཐུད་མཁར་རྫོང་བཟུང་སྟེ་བཙན་འཛུལ་པར་རྦབ་རྡོ་དང་གདུང་དུམ་སྒྲིལ་བའམ་གྲི་འཁྱེར་ཏེ་དམར་འཛིང་བྱས་ཏེ་ཁོང་ཚོས་རང་མི་རིགས་ཀྱི་ལ་རྒྱ་དང་བདེན་དོན་གྱི་ཆེད་དུ་མཐར་རང་སྲོག་དོར་བའི་ཞུམ་མེད་ཀྱི་སྙིང་སྟོབས་མཚོན་ཕྱིར་གསར་རྩོམ་བྱས་པའི་དུས་བསྟུན་སྲིད་གཞས་ཤིག་ཡིན།
རི་བྱ་རི་ལ་བྲོས་སོང་། །
ཕི་གླིང་ཆུ་ལ་མཆོངས་སོང་། །
དཔའ་བོ་བོད་དམག་ཚོ་ཡིས། །
ཕི་གླིང་ཙག་བཤག་བཏང་སོང་། །ཞེས་པ་ནི་དེ་རྗེས་དབྱིན་དམག་ལ་དཔུང་རོགས་རིམ་བཞིན་འབྱོར་ཏེ་རྒྱལ་རྩེ་བཙན་བཟུང་ཐོག་འབྲུ་རིགས་ཁལ་སྟོང་ཕྲག་ཁ་ཤས་དང་འབར་རྫས་ཀྲོན་ཁ་ཤས་འཕྲོག་པ་མ་ཟད། རྒྱལ་རྩེ་རྫོང་གི་ཁང་པ་མང་ཆེ་བ་བཤིག དབྱིན་དམག་གི་དམག་དཔོན་རུང་ཧའོ་ཧྥང་གིས་སྣེ་འཁྲིད་བྱས་པའི་དབྱིན་དམག་རྣམས་མྱང་ཆུའི་འགྲམ་གྱི་ལྕང་ལོ་གླིང་ཁར་སྒར་བརྒྱབ་སྟེ་བསྡད་པའི་སྐབས་སུ་མཚན་མོ་ཞིག་ལ་བོད་དམག་ཆིག་སྟོང་ལྷག་གིས་ལག་ཏུ་གྲི་རིང་ཐོགས་ཏེ་མཁའ་ལྡིང་སྦྲུལ་ལ་བརྔམས་པ་ལྟར་དབྱིན་དམག་གི་དམག་སྒར་དུ་ཕར་རྒོལ་བྱས་སྟབས་བཙན་འཛུལ་པ་ལ་ལ་དངངས་སྐྲག་རབ་ཏུ་སྐྱེས་ཏེ་ཆུ་ལ་མཆོངས་པ་དང་། ལ་ལ་དམར་གསོད་བཏང་ཞིང་། དམག་དཔོན་རུང་ཧའོ་ཧྥང་དང་དམག་མི་བཞི་བཅུ་ལྷག་ཙམ་དངངས་འཚབ་ངང་གྲོ་མོ་ཆུ་འབི་ཕོ་བྲང་དུ་བྲོས་ཕྱིན་པའི་རྣམ་པ་མཚོན་པའི་དུས་བསྟུན་སྲིད་གཞས་ཤིག་ཡིན།
རྒྱལ་རྩེ་ལྷ་གཡག་གཞོལ་དུ། །
ཕྱི་གླིང་སེར་བྱས་ཁེངས་སོང་། །
དེ་འདྲའི་སྐྱོ་སྣང་མཐོང་དུས། །
བསགས་པའི་ནོར་གྱིས་གང་ཡོང་། །ཞེས་པས་བསྟན་དགྲ་དབྱིན་ཇི་གང་དུ་སླེབས་པའི་ས་དེར་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་རང་དབང་སྤུ་ཙམ་མེད་པ་མ་ཟད་ཉིན་མཚན་འཇིགས་དངངས་ངང་སྡོད་དགོས་པ་བཟོས་པའི་རྣམ་པ་དང་། སྐབས་དེའི་བཙན་འཛུལ་དམག་གི་གྲངས་ཚད་ནི་ཧ་ཅང་ཕོན་འབོར་ཆེན་པོ་ཡོད་པ་དང་དེ་དག་གདུག་རྩུབ་ཆེན་པོ་ཡོད་པ་མཚོན་པར་བྱས་ཡོད།
      དེ་བཞིན་ལྷ་སར་དབྱིན་དམག་དང་འཐབ་རྩོད་བྱས་པའི་རྣམ་པ་མཚོན་པའི་དུས་བསྟུན་སྲིད་གཞས།
ཀི་གཅིག་དང་པོ་བརྒྱབ་སོང་། །
ཚེས་གསུམ་ཐང་ནས་བརྒྱབ་སོང་། །
ཁུ་བྱུག་བབས་པ་ལྟ་བུའི། །
དགྲ་སྒར་ནང་དུ་མཆོངས་སོང་། །
གེ་སར་ལྟ་བུའི་དཔའ་བོས། །
བསྟན་དགྲ་ཕྱི་གླིང་བསད་སོང་། །
ངོ་མཚར་ལྟད་མོ་བསྟན་པས། །
ཕྱི་གླིང་དམག་རྣམས་བྲོས་སོང་། །
འབྲས་སྤུངས་ཨ་ཎིའི་དགོན་པ། །
འཁོལ་ནས་ལུད་རྒྱུ་མི་འདུག །
སེ་ར་སྤྲང་པོའི་ཐུག་པ། །
མ་འཁོལ་གོང་ནས་ལུད་སོང་། །ཞེས་པ་ནི་སྤྱི་ལོ༡༩༠༤ལོར་དབྱིན་ཇི་བཙན་འཛུལ་དམག་ལྷ་སར་འབྱོར་ཏེ་ཚེས་གསུམ་ཐང་དུ་དམག་སྒར་རྒྱབ་ནས་སྡོད་པའི་སྐབས་དེར་སེ་ར་དང་། འབྲས་སྤུངས་ཀྱི་གྲྭ་པ་ཁ་ཤས་ཀྱིས་དགྲ་བོའི་དམག་སྒར་ནང་འཛུལ་ཏེ་དམག་དཔོན་རྣམས་གསོད་རྒྱུའི་གྲོས་མོལ་བྱས་ཏེ་བྲག་རི་ཁུག་དང་། ཉང་བྲན་སོགས་ཀྱི་ཞིང་པ་དང་མཉམ་དུ་གྲྭ་པ་ཚོས་སྐྱ་ཆས་སྤྲས་ནས་དམག་སྒར་ནང་མེ་ཤིང་དང་། ཚལ། ཞོག་ལབ་སོགས་འཚོང་བར་བསྐྱོད་ཐོག་དམག་དཔོན་གྱི་སྡོད་གནས་གར་ཡོད་ཉམས་ཞིབ་བྱས་ཏེ་དུས་ཚོད་གཏན་འཁེལ་བཟོས་ཐོག་མཉམ་དུ་དམག་སྒར་ནང་ཚལ་འཚོང་ཁུལ་གྱིས་བསྐྱོད་དེ་ནང་དུ་སླེབས་མཚམས་གཙོ་བོར་དམག་དཔོན་གསོད་རྒྱུ་དང་། དེ་ནས་དམག་སྒར་ཁྲག་བཞིན་དཀྲུག་སྟེ་དགྲ་བོ་གང་མང་གསོད་རྒྱུའི་གྲ་སྒྲིག་བྱས་པ་རེད། སང་ཉིན་དེར་གྲྭ་པ་བྱིངས་མ་འཛོམས་གོང་སེ་རའི་གྲྭ་པ་རྡོབ་རྡོབ་གཅིག་སྔོན་དུ་འབྱོར་སྟབས་ཁོ་པས་རོགས་ཟླ་གཞན་ཚོ་མ་སྒུག་པར་དམག་སྒར་ནང་འཛུལ་ནས་དམག་དཔོན་གྱི་གུར་ནང་མཆོངས་ཏེ་ལམ་སེང་གྲི་བཏོན་ནས་དབྱིན་ཇིའི་དམག་དཔོན་གཅིག་བསད་པ་མ་ཟད། ཁ་ཤས་ལ་གྲི་གཡུགས་ཏེ་རྨས་སྐྱོན་ཕོག་ནས་ཟིང་ཟིང་ལོང་ལོང་བྱེད་པའི་སྐབས་དེར་རྐང་པ་གུར་ཐག་ལ་འཁོན་ཏེ་འགྱེལ་བས་དེ་འཕྲལ་དབྱིན་དམག་གིས་བཟུང་སྟེ་ཁོང་དམར་གསོད་བཏང་བ་དང་། དེའི་མགོ་ལག་ཉིན་བདུན་རིང་བྱེ་རག་སྟེང་བཞག་སྟེ་ལྷ་སའི་མང་ཚོགས་རྣམས་ལ་འཇིགས་སྣང་བསྐུལ་ཡང་ལྷ་སའི་མི་དམངས་རྣམས་འཁོན་འཛིན་དེ་བས་ཆེ་རུ་སོང་སྟེ་ཁྲོམ་གཞུང་ཁག་ཏུ་དཔའ་ངར་ཆེ་བའི་སེ་རའི་གྲྭ་པ་དེར་བསྟོད་པ་བྱེད་པའི་གོང་གི་གཞས་ཚིག་དེ་ཡིག་ཐོག་ཏུ་སྦྱར་ཏེ་གཞས་གདངས་ཐོག་བཏང་བ་མ་ཟད། ད་དུང"འབྲས་སྤུངས་ཨ་ཎིའི་དགོན་པ། །འཁོལ་ནས་ལུད་རྒྱུ་མི་འདུག ། སེ་ར་སྤྲང་པོའི་ཐུག་པ། །མ་འཁོལ་གོང་ནས་ལུད་སོང་། །"ཟེར་བའི་དུས་བསྟུན་སྲིད་གཞས་བཏང་བ་དེ་ནི་འབྲས་སྤུངས་ངང་རྒྱུད་རིང་དྲགས་པ་དང་སེ་ར་བ་འཚབ་འཚུབ་ཚ་དྲགས་སོང་ ཞེས་ཡིད་ཕངས་པའི་རྣམ་པ་མཚོན་པ་ཞིག་ཡིན།
དང་པོ་གཏན་དགྲ་ཡིན་ཟེར། །
དེ་ནས་ཕྱི་གླིང་ཟེར་གྱི། །
འིན་ཇིའི་ཏྲན་ཀ་མཐོང་དུས། །
སྐུ་ཞབས་ས་ཧིབ་གསུང་གིས། །ཞེས་པ་ལྟ་བུ་ནི་བཙན་འཛུལ་པ་དང་ངན་པ་ལག་འབྲེལ་བྱེད་མཁན་གྱི་རྒྱལ་བཙོང་པ་དེ་དག་ལ་ཟུར་ཟ་བྱེད་བཞིན་ཡོད་དེ། མི་དེ་རིགས་ཀྱིས་ཐོག་མར་དབྱིན་ཇི་བ་ནི་རང་ཉིད་ཀྱིས་ཕ་བསད་མ་བསད་ཀྱིས་དགྲ་བོ་ཡིན་ཟེར་ཡང་མཐར་དབྱིན་ཇི་བ་བོད་ལ་འབྱོར་རྗེས་རང་ཉིད་ལ་དངུལ་ཊམ་སོགས་རེ་གཉིས་སྟེར་བའི་དབང་གིས་བཙན་འཛུལ་བ་དེ་དག་དྲིན་ཆེན་ཡིན་ཞེས་འུད་སྒྲོག་བྱེད་པའི་སྣང་ཚུལ་དེར་རྒྱལ་གཅེས་པ་ཚོས་མ་རངས་པའི་ཚུལ་དུ་བླངས་པའི་དུས་བསྟུན་སྲིད་གཞས་ཤིག་རེད།
མ་འགྲོ་བྱས་པས་ཕྱིན་སོང་། །
རྔོན་མོ་ལུང་གིས་ཕྱིན་སོང་། །
བསྟན་དགྲ་མིག་གིས་མ་མཐོང་། །
རང་སྲོག་རླུང་ལ་བསྐུར་སོང་། །ཞེས་པ་ནི་ཆུ་མིག་གཤོངས་སྐོའི་དོན་རྐྱེན་གྱི་ཁྲོད་དུ་མདའ་དཔོན་ལྷ་སྡིངས་པ་སོགས་བོད་དམག་མི་ཉུང་བ་ཞིག་དབྱིན་དམག་གི་གཡོ་འོག་ཏུ་ཚུད་དེ་སྲོག་ཤོར་བའི་གནས་ཚུལ་དེ་རིམ་བཞིན་དབུས་གཙང་གི་ཕྱོགས་མཚམས་ཀུན་དུ་ཁྱབ་པས། སྐབས་དེར་གཞིས་རྩེར་རྫོང་སྡོད་བྱེད་པའི་རྔོན་མོ་ལུང་པས་གཞན་གྱིས་བཀག་ཀྱང་ཁ་ཏར་མ་ཉན་པར་བོད་དམག་གི་དགྲ་ཤ་ལེན་ཆེད་རྟ་ལ་བཞོན་ནས་དབྱིན་དམག་གི་དམག་སྒར་ཕྱོགས་སུ་རྒྱུག་པས། དམག་སྒར་ལ་མ་སླེབས་གོང་བཙན་འཛུལ་པའི་མེ་མདའ་སྦག་སྦག་རྒྱབ་སྟེ་བསད་པའི་གནས་ཚུལ་དེ་མཚོན་བྱེད་དུ་བརྩམས་པའི་དུས་བསྟུན་སྲིད་གཞས་ཤིག་ལགས།
     མདོར་ན། འཛམ་གླིང་འདིའི་སྟེང་གི་མི་རིགས་སུ་འདྲ་ཞིག་ཡིན་རུང་རང་རང་གི་རིག་གནས་དང་གོམས་སྲོལ་ཚང་མར་སོ་སོའི་ཁྱད་ཆོས་རེ་ཡོད་པ་བཞིན་རང་ཅག་བོད་མི་རིགས་ཀྱི་རིག་གནས་དང་གཤིས་ལུགས་སོགས་ལའང་ཐུན་མོང་མིན་པའི་ཁྱད་ཆོས་འབུམ་ཕྲག་གིས་ཕྱུག་པ་ཡིན། ལྷག་པར་དུ་བོད་ཀྱི་དུས་བསྟུན་སྲིད་གཞས་ནི་འཕེལ་གྲིབ་སྣ་ཚོགས་ཀྱི་ཁྲོད་ནས་དར་འོང་བ་ཞིག་ཡིན་པས་དུས་སྐབས་ཤིག་གི་དབང་སྒྱུར་པའི་མངོན་ལྐོག་གནས་ཚུལ། བོད་མི་དམངས་ཀྱིས་མི་རིགས་ལ་བཅངས་པའི་སེམས་ཁམས་ སོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དངོས་རྗེན་པར་མཐོང་ཐུབ་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རྩོམ་རྣམ་ཞིག་ཡིན་ལ། དེའི་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་རྣམ་པའི་ཐོག་ནས་བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་དང་ལོ་རྒྱུས་དུས་རིམ་ཁག་གི་གནས་ཚུལ་གསལ་པོ་མཚོན་པ་མ་ཟད། དེར་ངལ་རྩོལ་མི་དམངས་ཀྱི་ཆགས་སྡང་དང་བཙན་འཛུལ་པར་ངོ་རྒོལ་གྱི་སྤོབས་པ་ཆེས་ཆེར་ལྡན་ཞིང་། རྩོམ་གཤིས་ཐད་ལའང་ངག་ནས་བརྗོད་བདེ་ཞིང་འཇམ་ལ། དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ཟུང་དུ་འབྲེལ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ལྡན་ཡོད། དེ་ནི་བོད་ཀྱི་དམངས་ཁྲོད་རྩོམ་རིག་ནང་མེད་དུ་མི་རུང་བའི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་མ་ཟད། བོད་མི་རིགས་གྱི་རིག་གནས་ཤུལ་རྒྱུན་ནང་ཁྱད་དུ་འཕགས་པའི་རྩོམ་རིག་ཅིག་དང་། འཛམ་གླིང་ཤེས་རིག་གི་ལྡུམ་རའི་ནང་སྡུག་གུར་བཞད་པའི་མེ་ཏོག་ཅིག་ཀྱང་ཡིན།


འབྲེལ་ཡོད་འོས་སྦྱོར།