logo

དགེ་བའི་བཤེས་གཉེན་དཔལ་བཟང་བོ་དོར་ཞིས་མཛད་པའི་ངར་འཛིན་གྱི་རྟེན་ལ་དཔྱད་པ།

རྩོམ་པ་པོ།:དོར་ཞི་གདོང་དྲུག་སྙེམས་བློ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-25 ཀློག་གྲངས།:
ང་ཉལ་ང་ལང་ཟེར་བའི་བབས་བརྟག་ན། །
ཉལ་ལང་བྱེད་པའི་ང་དེ་ལུས་ཕུང་སྟེ། །
ངས་ཚོར་ངས་ཤེས་ཟེར་བའི་བབས་བརྟག་ན། །
ཚོར་ཤེས་བྱེད་པའི་ང་དེ་སེམས་སུ་སྣང་། །
འོན་ཀྱང་ང་ཡི་ལུས་དང་ང་ཡི་སེམས། །
ཟེར་བས་ལུས་སེམས་ང་མིན་འབྲེལ་སྒྲས་བསྟན། །
དེ་ན་ང་དང་ལུས་སེམས་གཉིས་ཀྱི་བར། །
འབྲེལ་བ་ཅི་ཡོད་དཔྱད་པ་གནད་དུ་ཆེ། །
ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །
ང་ནི་རིགས་དྲུག་འཁོར་བའི་གནས་སུ་འཁོར། །
འཁོར་བའི་རྒྱུ་སྒྲུབ་མཁན་དང་འཁོར་མཁན་ང་། །
བདེ་སྡུག་སྐྲུན་པ་བོ་ང་མྱོང་མཁན་ང་། །
ང་དེ་མེད་ན་འཁོར་འདས་ཀུན་གྱི་གཞི། །
མེད་ཕྱིར་ཀུན་རྫོབ་ང་དེ་མེད་མི་རུང་། །
ང་ཡི་དམིགས་རྟེན་ངའོ་ཞེས་བསམ་པའི། །
ངར་འཛིན་འདུ་ཤེས་ཡུལ་དང་ཡུལ་ཅན་གཉིས། །
ཡུལ་གྱི་ང་ནི་ལུས་སེམས་སྤྱི་ལྡོག་ལ། །
བརྟེན་ནས་ཡོད་པར་རྟོག་པས་བཏགས་ཙམ་དང་། །
ཡུལ་ཅན་ང་ནི་ངར་འཛིན་རྟོག་པ་སྟེ། །
གཟུང་ཡུལ་ང་ནི་དུས་དང་འགྲོ་བའི་རིགས། །
ལུས་སེམས་ཕྲ་རགས་མ་ཕྱེ་སྤྱི་ལྡོག་མ། །
དེ་ནི་རྟག་པ་མ་ཡིན་ཆད་པའང་མིན། །
རྟག་ན་འགྲོ་བ་རིགས་དྲུག་རྒྱུད་གཅིག་འགྱུར། །
ཆད་ན་ལས་བསགས་འབྲས་མྱོང་ཐ་དད་འགྱུར། །
སྐད་ཅིག་གཅིག་ལ་སྐྱེ་འཇིག་བྱེད་པའི་ཕྱིར། །
རྟག་པ་མ་ཡིན་སྐད་ཅིག་སྔ་ཕྱི་རྣམས། །
སྔ་མ་སྔ་མ་ལ་བརྟེན་ཕྱི་མ་སྐྱེས། །
རྒྱུན་གྱི་ངོ་བོར་གནས་ཤིང་ཆད་པ་མིན། །
དཔེར་ན་ཆུ་བོའི་རྒྱུན་དང་ས་བོན་རྒྱུན། །
རྒྱུན་དང་རྒྱུད་གཉིས་དོན་གཅིག་ཡིན་པར་གསུངས། །
སྐྱེ་བ་སྔ་མའི་ང་དང་ཕྱི་མའི་ང་། །
རྒྱུན་གཅིག་ན་ཡང་གནས་སྐབས་ཀྱིས་ཐ་དད། །
དོན་དམ་དཔྱོད་བྱེད་རིགས་ཤེས་ཚད་མ་ཡིས། །
ང་ཡི་རང་བཞིན་གཤིས་ལ་དཔྱད་པའི་ཚེ། །
ང་དང་ཕུང་བོ་གཅིག་མིན་ཐ་དད་མིན། །
ཕན་ཚུན་བརྟེན་པ་མ་ཡིན་ལྡན་པའང་མིན། །
ཕུང་བོ་ཚོགས་ཙམ་ང་མིན་བྱད་དབྱིབས་མིན། །
དེ་ལྟར་དཔྱད་པས་ང་དེ་མ་རྙེད་ཀྱང་། །
ང་དེ་མེད་མིན་ཐ་སྙད་ཚད་མས་གྲུབ། །
ང་ནི་སེམས་ཡིན་ཟེར་ནས་སེམས་འཚོལ་དུས། །
སེམས་དེ་ལུས་ཀྱི་ཕྱི་ནང་གང་ན་ཡོད། །
གང་ནའང་མེད་ན་སེམས་མེད་ཟེར་བ་དེ། །
ར་རྫི་རྒན་མོས་རེའུ་འཚོལ་ཚུལ་ཡིན། །
སེམས་ནི་གཟུགས་་མིན་འཚོལ་བས་ཇི་ལྟར་རྙེད། །
སེམས་པའི་རྟགས་ཀྱིས་སེམས་ཡོད་གྲུབ་མོད་ཀྱང་། །
བླུན་པོར་སེམས་མེད་རྟགས་སུ་ཤི་རོ་བཟང་། །
རང་མཚན་རང་བཞིན་གྱིས་ནི་གྲུབ་པའམ། །
བདེན་པར་གྲུབ་པའི་ངའམ་བདག་དེ་ནི། །
མེད་ཕྱིར་གང་ཟག་གི་བདག་མེད་པར་འདོད། །
ཕུང་བོ་དང་ནི་ཕྱི་དོན་གཟུགས་སོགས་ཀྱང་། །
བདེན་པར་མེད་པ་ཆོས་ཀྱི་བདག་མེད་ཡིན། །
ཆོས་དང་གང་ཟག་བདེན་པར་མེད་ན་ཡང་། །
ཆོས་དང་གང་ཟག་གཏན་མེད་མ་ཡིན་ཞིང་། །
སྣང་བ་རྟེན་འབྲེལ་བསླུ་མེད་བསྙོན་མེད་པ། །
སེམས་ཅན་སངས་རྒྱས་གཉིས་ཀའི་ཤེས་ངོར་གྲུབ། །
སོ་སྐྱེས་ཆོས་ཉིད་མངོན་སུམ་ཉམས་མྱོང་གིས། །
རྟོགས་མི་ནུས་ཡང་ལུང་རིགས་རྣམ་དག་ལ། །
བརྟེན་ནས་དོན་སྤྱིའི་ཚུལ་གྱིས་རྟོགས་པར་ནུས། །
རྟོག་པའི་སྣང་ཡུལ་དོན་སྤྱི་ཡིན་ན་ཡང་། །
ཞེན་པའི་ཡུལ་ནི་དོན་དམ་བདེན་པ་དངོས། །
ཆོས་ཉིད་རྟོག་གེ་ཡུལ་མིན་ཟེར་བ་ཡང་། །
རྟོག་པས་མངོན་སུམ་ཚུལ་དུ་མི་རྟོགས་དོན། །
དོན་སྤྱིའི་ཚུལ་དུའང་སོ་སྐྱེས་མི་རྟོགས་ན། །
དོན་དམ་སྟོན་པའི་གསུང་རབ་དོན་མེད་འགྱུར། །

ཞེས་པ་འདི་ནི་དོར་ཞི་གདོང་དྲུག་སྙེམས་བློས་སྤྱི་ལོ2009བའི་དགུན་ཟླར་བྲིས།


འབྲེལ་ཡོད་འོས་སྦྱོར།