སྤྱན་རས་གཟིགས་དང་བོད་མི་རིགས་བར་གྱི་འབྲེལ་བ་ལ་ཅུང་ཟད་དཔྱད་པ།
རྩོམ་པ་པོ།:རྒྱ་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-20
ཀློག་གྲངས།:
བྱམས་དང་སྙིང་རྗེ་ཀློང་གི་འཕགས་པ་སྤྱན་རས་གཟིགས།
_སྤྱན་རས་གཟིགས་དང་བོད་མི་རིགས་བར་གྱི་འབྲེལ་བ་ལ་ཅུང་ཟད་དཔྱད་པ།
དེ་བས་བོད་ཀྱི་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་ཡང་བོད་མི་རིགས་འདི་ཡང་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ལས་གྲུབ་པ་དང་ཁོང་གི་ཐུགས་རྗེ་ལས་བོད་ལ་དམ་པའི་ཆོས་དར་ཞིང་། ལོ་རྒྱུས་ཀྱི་འཕེལ་འགྲིབ་ག་འདྲ་བརྒྱུད་ཀྱང་བོད་མི་རིགས་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ལས་འཚོ་ཐུབ་པར་སྙམ་གྱིན་ཡོད་པས་བོད་མི་རིགས་ཀྱི་སེམས་ཁོང་དུ་སྤྱན་རས་གཟིགས་ཀྱི་གོ་ས་ཆེ་བ་ལྟ་བུ་གཞན་སུ་ཞིག་གིས་བཟུང་མེད། དེ་བས་བདག་གིས་བོད་བརྒྱུད་ནང་བསྟན་དང་འབྲེལ་ནས་སྤྱན་རས་གཟིགས་ཀྱི་སྐོར་ཅུང་ཟད་བརྗོད་པར་བྱ།
དང་བོ། སྤྱན་རས་གཟིགས་དང་བོད་གངས་ཅན་བར་གྱི་ལས་འབྲེལ།
སྤྱན་རས་གཟིགས་སྔོན་ཡུལ་སྒྲ་གཅན་དུ་ཡབ་སྒྲ་དབྱངས་རྒྱལ་བོ་དང་ཡུམ་དྲི་མ་མེད་པ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་ལ་འཇིག་རྟེན་དབང་ཕྱུག་ཅེས་བྱ་བར་སྐྱེ་བ་བཞེས་པའི་ཚེ་སངས་རྒྱས་འོད་མཛད་ཡེ་ཤེས་ཏོག་གི་སྤྱན་སྔར་ཐུགས་བསྐྱེད། རྒྱལ་བོ་རྩིབས་ཀྱི་མུ་ཁྱུད་ཀྱི་བུའི་ཐུ་བོ་མིག་མི་འཛུམ་དུ་སྐྱེ་བ་བཞེས་པའི་ཚེ་སངས་རྒྱས་རིན་ཆེན་སྙིང་བོའི་སྤྱན་སྔར་ཐུགས་བསྐྱེད་ཅིང་མཚན་ལ་སྤྱན་རས་གཟིགས་དབང་ཕྱུག་ཅེས་གསོལ། སངས་རྒྱས་འོད་ཟེར་ཀུན་འཕགས་དཔལ་བརྩེགས་རྒྱལ་བོའི་ངོ་བོར་འཚང་རྒྱ་བར་ལུང་བསྟན། སངས་རྒྱས་འོད་དཔག་མེད་ཀྱི་སྤྱན་སྔར་སེམས་ཅན་ཐམས་ཅད་འཁོར་བ་ལས་མ་བསྒྲལ་བར་དུ་བདག་འཚང་མི་རྒྱ་ཞེས་དམ་བཅས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་སྨོན་ལམ་ཆེན་པོ་གྲངས་མེད་པ་བཏབ་ནས་ཞལ་བཅུ་གཅིག་དང་ཕྱག་གྲངས་མེད་པ་སྤྲུལ་བར་མཛད། བདེན་པ་མང་བོ་བརྗོད་པའི་མཐུ་ལས་སྤྱན་རས་གཟུགས་དབང་ཕྱུག་ལྷར་བསྟེན་ན་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བའི་སྨོན་ལམ་འགྲུབ་སླ་གསུངས།
ལྷག་པར་སྤྱན་རས་གཟིགས་ནི་བྱམས་དང་སྙིང་རྗེ་བདག་ཉིད་དུ་གྱུར་པས་ན་གདུལ་བྱ་རྣམས་གང་ལ་གང་འདོད་དུ་སྤྲུལ་བར་མཛད་པ་ཡིན་ཏེ་དམ་ཆོས་པད་མ་དཀར་བོ་ལས། སེམས་ཅན་ཁ་ཅིག་ལ་ནི་སྤྱན་རས་གཟིགས་ཀྱིས་སངས་རྒྱས་ཀྱི་རྣམ་པས་ཆོས་སྟོན། དེ་བཞིན་ཁ་ཅིག་ལ་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས། ཁ་ཅིག་ལ་ཚངས་པ། བརྒྱ་བྱིན། དྲི་ཟ། གནོད་སྦྱིན། ཤ་ཟ། དམག་དཔོན། བྲམ་ཟེ། འཁོར་སྒྱུར། དབང་ཕྱུག་གིས་འདུལ་བའི་སེམས་ཅན་ལ་ནི་དབང་ཕྱུག་གི་གཟུགས་ཀྱིས་ཆོས་སྟོན། ཞེས་གསུངས་པས་སོ། །
འོ་ན་སྤྱན་རས་གཟིགས་དང་བོད་གངས་ཅན་བར་ལ་ལས་འབྲེལ་ག་འདྲ་ཡོད་ཅེ་ན། དམ་ཆོས་པད་མ་དཀར་བོ་སོགས་སུ། སྤྱན་རས་གཟིགས་དབང་ཕྱུག་གི་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པའི་ཚེ། སངས་རྒྱས་སྟོང་གི་སྤྱན་སྔར་སྨོན་ལམ་བཏབ་སྟེ། སྔོན་དུས་གསུམ་སངས་རྒྱས་གང་གིས་ཀྱང་ཞབས་ཀྱིས་མ་བཅགས་པའི་གནས། མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་ན་ཡོད་པའི་སེམས་ཅན་འདུལ་དཀའ་བ་དེ་རྣམས་ཐར་བ་བྱང་ཆུབ་ཀྱི་ལམ་ལ་འཁོད་པར་གྱུར་ཅིག མཐའ་འཁོབ་དེ་ཡང་བདག་གིས་གདུལ་བའི་ཞིང་དུ་གྱུར་ཅིག བདག་འདྲེ་སྲིན་ལ་སོགས་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཕ་མ་ལྟ་བུར་གྱུར་ཅིག འགྲོ་བ་སྒྲོལ་བའི་དེད་དཔོན་ལྟ་བུར་གྱུར་ཅིག མུན་པ་སེལ་བའི་སྒྲོན་མེ་ལྟ་བུར་གྱུར་ཅིག ཅེས་པ་སོགས་སྨོན་ལམ་རྒྱ་ཆེན་པོ་བཏབ་པར་གསུངས་པ་དང་། སྔོན་ལྷའི་བཟོ་བོ་བི་ཤྭ་ཀརྨས་ད་ལྟའི་སྐུ་བརྙན་ཇོ་བོ་ཤཱཀྱ་མུ་ནི་འདི་བཞེངས་དུས་སྟོན་པས་འདིའི་དབུ་ལ་ཕྱག་བཞག་ནས་མ་འོངས་པར་སྐུ་གཟུགས་འདིས་ངའི་ཚབ་བྱས་ཏེ་ཁ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་པ་དང་། དེ་ཚེའི་རྒྱལ་སྲས་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་ཚུལ་སོགས་ལུང་བསྟན་པ་དང་། སྟོན་པ་འཁོར་བཅས་གླང་རིར་བཞུགས་དུས་རྒྱལ་སྲས་རྒྱ་མཚོའི་དབུས་སུ་བོད་གདོང་དམར་ཅན་གྱི་ཡུལ་དུ་བསྟན་པ་སྤེལ་མཁན་སུ་ཡོད་དྲིས་པར་སྤྱན་རས་གཟིགས་བཞེངས་ཏེ་ཁོང་གིས་མཛད་པར་ཁས་བླངས་པ་དང་། དཀོན་མཆོག་འབངས་ཀྱི་སྐྱེས་རབས་སུ། ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་ལུང་བསྟན་པ་དག་གིས་སྤྱན་རས་གཟིགས་བོད་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་དུ་བཤད་ན་འགལ་བ་ཅི་ཡང་མེད་པ་ཡིན་ནོ། །
གཉིས་པ། བོད་ཁམས་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་གྱུར་པ།
དུས་རབས་བདུན་པར་བྱུང་བའི་བོད་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོའི་མ་ཎི་བཀའ་འབུམ་ལས། སྔོན་ཆད་བོད་ཀྱི་ས་ཆ་འདིར་སྲིན་པོ་དང་བདུད་ལ་སོགས་པ་མ་རུངས་དག་གིས་ཁྱབ་པ་ལས་འཕགས་པ་སྤྱན་རས་གཟིགས་ཀྱིས་བཀའ་གནང་བཞིན་སྤྲེལ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་གཉིས་གཉེན་དུ་བསྡེབས་པ་ལས་བོད་མི་རིགས་བྱུང་ནས་སྤྱན་རས་གཟིགས་ཀྱིས་དམ་ཆོས་གསུང་བའི་སྣོད་རུང་དུ་བྱིན་གྱིས་བརླབས།
བོད་ཀྱི་རྒྱལ་བོ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ཕོ་བྲང་གི་ཡང་ཐོག་ཏུ་གླེགས་བམ་གྱི་ཆར་བབས་ཞེས་པའི་ངོ་མཚར་བའི་བཤད་རྒྱུན་དེ་ནི་བོད་དུ་དམ་པའི་ཆོས་དར་བའི་རྟེན་འབྲེལ་ཡིན་ཞེས་བོད་ཀྱི་ལོ་རྒྱུས་སུ་གསལ་བོར་འཁོད་ཡོད། དེ་ལས་སྤྱན་རས་གཟིགས་ཀྱི་ཆོས་སྐོར་ཐོག་མར་བོད་དུ་བྱུང་བ་དང་། དེ་བཞིན་བཀའ་གདམས་གླེགས་བམ་ལས་ཀྱང་གསལ་བོར་བསྟན་ཏེ། ང་གངས་རིའི་མགུལ་དུ་ཆོས་ཀྱི་རྒྱལ། །སེམས་གཡོ་སྒྱུ་མེད་པ་སྲོང་བོར་སྨྲ། །ཆོས་ནུས་མཐུ་བཙན་པས་གཞན་ལ་ཕན། །མི་བདག་གི་ཡོན་ཏན་སྒམ་པོར་སྤེལ། །ཞེས་གསུངས་པ་བཞིན་སྲོང་བཙན་སྒམ་པོས་བོད་ལ་དམ་པའི་ཆོས་གསར་དུ་སྤེལ་དུས་བོད་སྤྱིའི་མཆོད་གནས་སུ་སྤྱན་རས་གཟིགས་ཀྱི་སྐུ་ཞིག་བཞེངས་པར་དགོངས་པ་ན་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་སྟེ་རྗེས་སུ་ཇོ་བོ་རང་བྱོན་ལྔ་ལྡན་དུ་གྲགས་པ་ངོ་མཚར་བའི་ལོ་རྒྱུས་ཅན་དེ་རང་བྱོན་དུ་བྱོན་པ་དང་། ཐོན་མི་སམ་བྷོ་ཊས་དམ་པའི་ཆོས་ཀྱི་ཐོག་མར་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་བསྒྱུར་ཅིང་། རྒྱལ་བོའི་ཐུགས་དམ་ཉམས་ལེན་གྱི་གཙོ་བོར་མཛད་པའི་སྤྱན་རས་གཟིགས་ཀྱི་ཆོས་སྐོར་དེ་དག་ཕྱོགས་བསྡུས་བྱས་པའི་གསུང་རབ་མ་ཎི་བཀའ་འབུམ་ཞེས་པ་ད་ལྟ་ཡང་བཞུགས་ཡོད། གླེགས་བམ་འདི་ནི་བོད་དུ་སྤྱན་རས་གཟིགས་ཀྱི་ཆོས་སྐོར་བྱུང་བའི་ཟིན་བྲིས་ཆ་ཚང་བ་ཞིག་དང་། བོད་ཀྱི་སྤྱན་རས་གཟིགས་ཀྱི་ཆོས་སྐོར་ཆ་ཚང་བ་ཞིག་རེད།
བོད་མིའི་བསམ་པར་སྤྱན་རས་གཟིགས་ཀྱི་ཆོས་སྐོར་བོད་དུ་དར་བར་བྱེད་པ་ནི་ངེས་པར་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཞིག་གིས་བྱ་དགོས་པའི་དོན་ཞིག་ལས་གཞན་སུ་ཞིག་གིས་ཀྱང་བསྒྲུབ་མི་ནུས་པས་སྲོང་བཙན་སྒམ་པོ་ནི་བོད་ཀྱི་རྒྱལ་བོའི་ཚུལ་བཟུང་བའི་སྤྱན་རས་གཟིགས་གསོན་པོ་ཞིག་ཏུ་འདོད་པ་ཡིན།
དེ་ནས་བཟུང་བོད་དུ་སྤྱན་རས་གཟིགས་བསམ་བཞིན་དུ་སྐུའི་སྐྱེ་བ་བཞེངས་པར་གསུངས་ཏེ། དཔེར་ན། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལྟ་བུ་བོད་ཀྱི་བསྟན་པ་དང་འགྲོ་བའི་སླད་དུ་བསྟན་པ་སྐྱོང་བའི་སྐྱེས་བུ་དམ་པ་དག་གི་སྐྱེ་བ་བཞེས་པར་འདོད་ཅིང་། སྤྱན་རས་གཟིགས་ཀྱི་བྱིན་རླབས་སྙིང་ལ་ཞུགས་པའི་ལོ་ཙཱ་བ་མང་བོ་བྱུང་ནས་གང་གི་ཆོས་སྐོར་མང་བོ་བོད་དུ་བསྒྱུར་བ་ལས་བོད་ཡུལ་འདི་སྤྱན་རས་གཟིགས་ཀྱི་ཡུལ་དུ་གྱུར་ཅིང་བོད་མི་རིགས་འདི་སྤྱན་རས་གཟིགས་ཀྱི་གདུལ་བྱར་གྱུར་པས་ཆོས་མགོ་ཡི་གེ་དྲུག་མ་དང་ལྷའི་མགོ་སྤྱན་རས་གཟིགས་ཀྱིས་འཛིན་པ་སྲོལ་དུ་གྱུར། བོད་མི་རྒན་གཞོན་ཆེ་ཆུང་སུ་ཡིན་རུང་མ་ཎི་མི་འདོན་པ་མེད། ཐུགས་རྗེ་ཆེན་པོའི་སྒྲུབ་ཆེན་སྒྲུབ་ཆུང་སོགས་ཆོས་ཀྱི་སྲོལ་གྱིས་བོད་ཡུལ་ཁྱབ་པས་ན་བོད་ཕྲེང་བཟུང་གི་ལུང་བ་ཞེས་གྲགས་ཤིང་། བོད་ཀྱི་ཁ་དཔེ་ལ་ཡང་། ཐུགས་རྗེ་ཆེན་པོ་མ་གཏོགས་ལྷ་མེད། ཡི་གེ་དྲུག་མ་མ་གཏོགས་ཆོས་མེད། ཅེས་དང་། ལྷ་སྐལ་ཐུགས་རྗེ་ཆེན་པོ་ཡིན། །ཆོས་སྐལ་ཡི་གེ་དྲུག་མ་ཡིན། །ཞེས་དང་། འདུག་ས་ཁ་བ་ཅན་ཡིན། །འགྲོ་ས་བདེ་བ་ཅན་ཡིན། །ཞེས་བཤད།
གསུམ་པ། བོད་དུ་དར་བའི་སྤྱན་རས་གཟིགས་དང་དེའི་ཆོས་སྐོར།
གོང་དུ་བཤད་པ་ལྟར་བོད་དུ་དམ་པའི་ཆོས་ཀྱི་ཐོག་མའི་གླེགས་བམ་ནི་སྤྱན་རས་གཟིགས་ཀྱི་ཆོས་སྐོར་ཡིན་པ་དང་དེ་ནས་བཟུང་སྟོན་པའི་གསུང་དང་རྒྱ་བོད་མཁས་པ་དག་གིས་གསུངས་པའི་སྤྱན་རས་གཟིགས་ཀྱི་ཆོས་སྐོར་མཐའ་ཡས་པ་བྱུང་། ད་ལྟ་བོད་དུ་བསྒྱུར་བའི་བཀའ་འགྱུར་ཁྲོད་དུ་སྙིང་རྗེ་པད་མ་དཀར་བོ་དང་། མདོ་སྡེ་ཟ་མ་ཏོག སྙིང་རྗེ་ཆེན་པོ་ངེས་པར་བསྟན་པའི་མདོ། སྤྱན་རས་གཟིགས་ཀྱི་མཚན་བརྒྱ་རྩ་བརྒྱད། རྩ་རྒྱུད་པད་མའི་དྲ་བ། དོན་ཞགས་ཆོ་ག་ཞིབ་མོ་སོགས་སྤྱན་རས་གཟིགས་ཀྱི་ཆོས་སྐོར་པོད་བཅུ་ལྷག་བཞུགས་ཤིང་སློབ་དཔོན་ཀླུ་སྒྲུབ་ཀྱི་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་དང་། སྲོང་བཙན་སྒམ་པོའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཆེན་མོ། སློབ་དཔོན་པད་མའི་ཡི་གེ་དྲུག་མའི་སྒྲུབ་ཐབས། ཡི་གེ་དྲུག་པའི་སྔགས་ཀྱི་རིམ་པ། ཇོ་བོ་རྗེའི་ཁ་སར་པ་ཎིའི་སྒྲུབ་ཐབས། དགེ་སློབ་མ་དཔལ་མོའི་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས། ཐང་སྟོང་རྒྱལ་བོའི་ཡི་གེ་དྲུག་མའི་ཉམས་ལེན། རྗེ་ཙོང་ཁ་བའི་སྔགས་ཕྱོགས་དང་། མཁས་གྲུབ་ཀྱི་རྒྱུད་སྡེ་སྤྱིའི་རྣམ། ལྷ་བཙུན་སྐལ་བཟང་ཆོས་འཕེལ་གྱི་ཐུགས་རྗེ་ཆེན་པོའི་བེའུ་བུམ་སོགས་མཐའ་ཡས་སོ། །
བོད་དུ་བསྒྱུར་བའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སྐོར་དག་ན་རྣམ་པ་མི་འདྲ་བར་གདུལ་བྱ་ལ་སྣ་ཚོགས་ཚུལ་སྟོན་མཛད་པའི་སྤྱན་རས་གཟིགས་མི་འདྲ་བ་རེ་དགུ་ཙམ་ཡོད་ལ། དེ་དག་ཀྱང་གདུལ་བྱའི་སླད་དུ་ཚུལ་མི་འདྲ་བ་བསྟན་པ་དང་རྒྱུད་པ་སོ་སོའི་ལུགས་མི་འདྲ་བ་ལས་ངོ་བོའི་ཆ་ནས་རིགས་གཅིག་ཏུ་མ་འདུས་པ་མེད་དེ་སྤྱན་རས་གཟིགས་ནི་གང་ལ་གང་འདུལ་བསྟན་པ་ཙམ་ཡིན་ནོ། །
སྤྱན་རས་གཟིགས་དེ་དག་ལ་སྒྲུབ་བྱེད་ཀྱི་ཆོ་ག་ཡང་མི་འདྲ་བ་རེ་ཡོད་དེ་ཆོ་ག་དག་ཏུ་ཡང་ལམ་དང་འབྲས་བུ་དག་པ་ལ་གཞིའི་དཔེ་སྦྱར་ནས་གསུངས་ཡོད་ཅིང་། ཁོང་གི་སྐུ་གཟུགས་དང་ཕྱག་མཚན་དག་གིས་ཀྱང་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་སྟོན་སྟེ་དོན་ཞགས་ཆོ་ག་ཞིབ་མོའི་རྒྱུད་ལས། རིན་པོ་ཆེ་སྣ་ཚོགས་འདོད་ན་ཡིད་བཞིན་ནོར་བུ་ཐོགས་པ་དང་། མིག་མི་གསལ་ན་མིག་ཤེལ་ནོར་བུ་ཐོགས་པ་དང་། ཡོན་ཏན་སྣ་ཚོགས་འདོད་ན་པད་མ་དཀར་བོ་ཐོགས་པ་དང་། ཞིང་དམ་པར་སྐྱེ་བར་འདོད་ན་པད་མ་སྔོན་པོ་ཐོགས་པ་དང་། དེ་བཞིན་གཤེགས་པ་མཐོང་བར་འདོད་ན་པད་མ་དམར་བོ་ཐོགས་པ་ལ་མཆོད་དོ། །ཞེས་གསུངས་པ་སོགས་ཕྱག་མཚན་གྱི་སྒོ་ནས་ཀྱང་ལས་རབ་འབྱམས་སྒྲུབ་ཚུལ་མཐའ་ཡས་པར་གསུངས།
བཞི་བ། ཐུགས་རྗེ་ཆེན་པོའི་ཆོས་སྐོར་གྱི་སྙིང་བོ་མ་ཎི་ཡི་གེ་དྲུག་མའི་གོ་དོན་དང་ཕན་ཡོན།
ཡི་གེ་དྲུག་མ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་བསྡུས་པའི་བདག་ཉིད་དང་། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་གཅིག་ཏུ་བསྡུས་པའི་སྙིང་བོ། སངས་རྒྱས་རིགས་ལྔ་དང་གསང་བའི་བདག་པོ་རྣམས་ཀྱི་སྙིང་བོ་ཡིག་འབྲུ་རེ་རེ་ནས་བསྡུས་པའི་གཟུངས་སྔགས། དགེ་ལེགས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། ཕན་བདེ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། མཐོ་རིས་དང་ཐར་བ་ཆེན་པོའི་ལམ་ཆེན་ཡིན་ཏེ། དེ་ལས་ཨོཾ་ནི་མཆོག་གི་དངོས་གྲུབ་གཏན་གྱི་བདེ་བ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་དང་། ཐུན་མོང་གི་དངོས་གྲུབ་བཀྲ་ཤིས་པ་དང་། ནོར་དང་། དཔལ་དང་། སྐལ་བ་བཟང་བོ་སོགས་དོན་དུ་གཉེར་བྱའི་དངོས་གྲུབ་རྣམ་གཉིས་ལ་གོ་ཞིང་། མ་ཎི་ཞེས་པ་ནོར་བུ་སྟེ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྩ་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་འཛིན་པའི་ནོར་བུ་སྟེ་དེས་འཕགས་མཆོག་གང་ལ་དད་པས་བསྙེན་པའི་འགྲོ་བ་རིས་སུ་མ་ཆད་པ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་དགོས་དོན་མཐའ་དག་ཡིད་བཞིན་དུ་སྩོལ་བ་མཚོན། པད་མ་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་ཕྱག་ན་བསྣམས་པའི་རྡུལ་དང་བྲལ་བའི་པད་མ་དཀར་བོ་སྟེ་དེས་སྲིད་པར་གནས་ཀྱང་སྲིད་པའི་སྐྱོན་ཕྲ་མོ་ཙམ་ཡང་མ་གོས་པ་མཚོན། པད་མ་ལ་ཨེ་ཡིག་སྦྱར་ནས་པད་མེ་ཞེས་གྲུབ་པ་ནི་པད་མ་དང་ནོར་བུ་འཛིན་པའི་ལྷ་མཆོག་དེ་ལ་འབོད་པའི་དོན་ཡིན། ཧཱུཾ་ཞེས་སྨོས་པ་ནི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ལྷ་མཆོག་དེས་བསྐུལ་ནས་ཨོཾ་གྱིས་མཚོན་པའི་གནས་སྐབས་དང་མཐར་ཐུག་གི་འདོད་དོན་གྱི་དངོས་གྲུབ་དེ་དག་བདག་ལ་སྩོལ་བར་མཛད་དུ་གསོལ་ཞེས་པའི་དོན་ཡིན། ཨོཾ་མ་ཎི་པད་མེ་ཧཱུཾ། ཞེས་སྒྲུབ་པ་བོ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག་ཅེས་གསོལ་བ་འདེབས་པ་ཡིན་ནོ།།
འབྲེལ་ཡོད་འོས་སྦྱོར།