logo

མུན་སེལ་སྒྲོན་མེའི་སྣང་བ།

རྩོམ་པ་པོ།:《བོད་རིག་པའི་དཔྱད་རྩོམ་ཕྱོགས་བ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-05 ཀློག་གྲངས།:
      ཕྱོགས་ལྷུང་རྡུལ་བྲལ་ཡེ་ཤེས་དག་པའི་ཁམས། །སྒྲིབ་གཉིས་མུན་པ་སངས་པས་ཆོས་ཀུན་གཟིགས། །མཐའ་བྲལ་དབུ་མའི་རོ་ལ་རྟག་རོལ་བའི། །ཉི་གཞོན་འཆར་ཀའི་མདངས་ལྡན་དེ་ཡིས་སྐྱོངས། །འདི་སྣང་ཕུན་ཚོགས་སྡེ་རུ་བཅད་པའི་གཡུལ། །སྙིང་བོ་དབེན་པ་རྟོགས་ཀྱང་བློ་གྲོས་མཚོན། །བླང་དོར་དགྲ་གཉེན་དྭངས་མ་འབྱེད་པའི་གེགས། །རིས་འཛིན་སྦྲུལ་གྱི་སྙིང་གི་གཤེད་དུ་གདེངས། །འོན་ཀྱང་ཅལ་ལ་འདྲོགས་ཏེ་རྣ་བའི་གཟུགས། །རིང་བོར་འབྲི་བ་རྒྱན་དུ་ཆེར་རློམ་ནས། །རང་ཞེན་རྡོ་རྗེའི་མདའ་མོས་གཟར་ན་ཡང་། །གཟུར་གནས་བློ་ལྡན་བུ་ལ་འཇིགས་པ་ཅི། །དེང་འདིར་ཤེས་རབ་རྩལ་མེད་སྐྱེས་བུ་འགའ། །མིག་གི་ལམ་དུ་གནམ་ས་གོ་ལྡོག་པས། །རྨོངས་ཞེན་གཡང་ལ་ལྡོངས་བའི་བལ་ལྡན་ཁྱུ། །གནས་ལུགས་དོག་མོའི་འཕྲང་དུ་སྙིང་རེ་རྗེ། །སྤྱིར་ན་མེ་ཏོག་སྣ་བརྒྱའི་དགའ་ཚལ་དུ། །ཞེན་པའི་དབང་གིས་བུང་བའི་དགའ་སྟོན་རྒྱས། །འོན་ཀྱང་རྩྭ་ལྡུམ་སྟུག་པོར་འཛིངས་པའི་གསེབ། །ཞེ་སྡང་སྦྲུལ་གྱིས་ཁ་རླངས་འགྲེམ་པའང་ཡོད། །དེའི་ཕྱིར་མཁས་ བརྒྱ་འགྲན་པའི་ཕོ་བྲང་ན། །རང་ཚུགས་རྐང་བ་སྟེགས་སུ་འཆའ་བའི་གནས། །ཁུངས་ལྡན་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲིར། །འདོད་རྒུར་དབང་དུ་བསྒྱུར་ལ་སུ་ཡང་བརྩོན། །འདི་ན་བློ་རིག་དྭངས་མོ་ཤེལ་གྱི་རྒྱུད། །རིས་འཛིན་ཚོན་གྱི་ལང་ཚོའི་མདངས་མེད་ཀྱང་། །བདེན་དོན་གཟུགས་ཀུན་བཀྲ་བའི་ཨ་དར་ཤ །གཟུར་གནས་བཞིན་བཟང་སྒེག་མོར་སྐྱེས་སུ་འདེགས། །ཤར་ཕྱོགས་སྟོང་འཁུན་འཇམ་དབྱངས་རིགས་ཀྱི་སྲས། ། མཁས་མང་ས་ཆེན་གནམ་གྱིས་བཀབ་པ་ལྟས། །སྔོན་གྱི་གཉེན་འདུའི་མཛའ་བཤེས་རིང་མོ་ཡིས། །གངས་ཅན་རིག་ཚུལ་སྤེལ་ལ་ཅི་ཡང་བྲེལ། །འོན་ཀྱང་ལོ་རྒྱུས་འདྲིས་ཆ་དམན་པ་དང་། །རྣམ་དཔྱོད་རྐྱེན་ལ་སྤྲང་བོའི་ཁུག་མ་སྟེ། །ཉོག་བཤད་སྲིན་བུར་དགའ་བའི་བྱེའུ་ཆུང་འགས། །ཐོན་མི་བྱོན་པ་བརྫུན་ཞེས་གང་དྲན་སྨྲ། །འདི་ནི་བརྫུན་གྱིས་ཕ་རོལ་བསླུས་སོ་ཞེས། །སྙམ་ན་རང་ཉིད་བསླུ་བའི་རྣམ་ཐར་ཏེ། །ཐོན་མི་མཆོག་ནི་དུས་རབས་བདུན་པར་འཁྲུངས། །ཁོང་གི་ཡབ་མེས་བོད་ཀྱི་བློན་པོ་ཡིན། །གདུང་རབས་ཕྱི་མ་དཔྱིད་ཀྱི་རྒྱལ་མོར་བཞུགས། །མཛད་པའི་རྣམ་ཐར་ལོ་རྒྱུས་ཀུན་ན་གསལ། །བསྒྱུར་བའི་བསྟན་བཅོས་ བཀའ་བསྟན་ནང་དུ་ཡོད། །བརྩམས་པའི་གསུང་རྩོམ་སུམ་རྟགས་གཞུང་འདི་ལགས། ། ལགས་ཀྱང་མེད་ཅེས་སྨྱོ་བའི་གླང་རྒན་ལ། །རྒྱལ་བོའི་བཀའ་ལས་དབྱུག་པའི་གཏན་ཚིགས་འོས། །འགའ་རེས་བོད་ཡིག་མཛད་པོ་འབངས་ཡིན་ཏེ། །ཐོན་མི་ཡོད་ཀྱང་ཚོགས་པ་ཞིག་ཏུ་ཟད། །མི་སྒེར་གཅིག་གིས་བསྐྲུན་དུ་མེད་དོ་ཟེར། །དཔྱད་ཅིང་བསྡུར་བའི་ཐེ་  ཚོམ་སྐྱེས་སོ་སྐད། །གཉིས་སུ་དོགས་ནས་གཅིག་ཏུ་ཁས་ལེན་པ། །བློ་སྐྱོན་ཚད་མར་བཟུང་བའི་རྟགས་སུ་གོ །དཔྱད་ཅིང་བསྡུར་བས་ཐེ་ཚོམ་འབྱུང་བ་ཡང་། །དཔྱད་གཞིར་མཐོང་ཆུང་གནང་བའི་ཚུལ་དུ་ཤེས། །གཅིག་གིས་བསྐྲུན་དུ་མེད་ཅེས་སྐད་འདོན་པ། །ཀུན་ཀྱང་རང་གི་ཚད་གཞིར་བཟུང་བ་འདྲ། །འབངས་ཀྱིས་མཛད་ཅེས་ཨུ་ཚུགས་བྱེད་པ་དེས། ། ཐོན་མིར་འཁུ་བའི་རང་རྟགས་བསྟན་པར་ངེས། །མི་གཅིག་ཚོགས་པར་བསྒྱུར་བའི་རྫུ་འཕྲུལ་གྱིས། །རང་ཉིད་ཚོགས་མི་སྟོང་གི་རྗེ་བོར་བཞུགས། །ཡི་གེ་མཛད་པོ་རྒྱ་ཆེའི་འབངས་མི་གཉིས། །ཕར་ཚུར་ཁྱབ་བ་རྒྱ་ནག་ལས་གཞན་མིན། །བོད་སོག་ཤེས་རིག་འབྲེལ་བའི་ལོ་རྒྱུས་དང་། །ཡངས་པའི་གོ་ལའི་ཁྱོན་ལ་གཟིགས་ཤིག་དང་། །ངོ་མཚར་གཤིས་ཀྱི་རི་མོ་མཐོང་བཞིན་དུ། །བསྙོན་པའི་ཨུ་ཚུགས་བློ་ལྡན་སུ་ཡིས་བྱེད། །གཞན་དུ་རྩོད་སྒྲུབ་ཕྲ་ཆུང་མིག་ཟུང་གིས། །དངོས་དོན་བདེན་པའི་གཟུགས་བརྙན་འཚོལ་དགོས་ཀྱི། །རྒྱུས་མེད་ནད་ཀྱིས་གཙེས་བའི་མིག་ལམ་ན། །རུས་སྦལ་ལུས་ཀྱང་སྤུ་ཡིས་བཀྲ་བར་མཐོང་། །གངས་ཅན་ཤ་གཟན་གདོང་བ་དམར་བོའི་རྒྱུད། །རིག་པའི་སྲབ་མེད་སེང་ཆེན་འཕྱོ་བའི་དུས། །མཁས་བརྒྱ་འགྲན་ལྒིང་ནགས་ཀྱི་དོ་ར་ན། །དཔྱད་གཏམ་རྒྱ་སྟག་དར་མ་གད་མོར་རྒྱུ། །སྔོན་བྱོན་མེས་པོའི་གསུང་དབྱངས་ཉི་མའི་སྤུན། །མཁའ་ནས་ལྷམ་མེར་འཛུམ་པའི་ཞལ་ལུང་དུ། །ཐོན་མི་དགུང་ལོ་ཆུང་དུས་རྒྱ་གར་འགྲིམས། །འབད་པས་ཡིག་རིགས་སྣ་ཚོགས་ལོ་འགར་སྦྱངས། །ཕྱི་རུ་ཕེབས་ནས་བོད་ཡིག་གསར་བཟོ་མཛད། །འདི་ནི་ཁོ་བོས་མི་འགྱུར་གསེར་དུ་འདོད། །འོན་ཀྱང་དེ་སྔོན་བོད་ལ་ཡི་གེ་ཡོད། །མེད་ན་སྲིད་དབང་བསྒྱུར་ཐབས་མེད་དོ་ཟེར། །ལྷག་པར་སྲོང་བཙན་རིག་པའི་གནས་ལྔ་ལ། སྦྱངས་དང་རྒྱ་བལ་བསུ་བའི་འཕྲིན་ཡིག་དེས། །བདེན་པའི་དཔང་བོར་ངར་བའི་སྐད་བཏོན་ཀྱང་། །ཡི་གེ་མེད་པའི་ཀུན་གྱིས་ཐ་གུ་ཡིས། །མི་བརྗེད་མཚན་མར་འདེབས་པ་རྒྱ་དཔེར་གསལ། །(《新唐书》《册府元龟》《旧唐书》)ཁབ་གཞན་འཕྲིན་དུ་དེ་དེའི་ཡི་གེ་དང་། །ངག་འཕྲིན་བསྐུར་བ《མཁས་པའི་དགའ་སྟོན》བཤད། །བཙུན་མོ་བསུ་འཕྲིན་རྒྱ་བལ་ཡི་གེ་སྟེ། །ཀ་ཁོལ་མ་དང་མེ་ཏོག་སྙིང་བོར་བཞུགས། །རྒྱལ་བོས་སྦྱངས་པ་ཤིང་སོགས་བཟོ་ལས་དང་། །རྟ་བཞོན་མདའ་འཕེན་ལ་སོགས་སྒྱུ་མའི་རྩལ། །གར་དང་རོལ་མོར་ཀུན་གསལ་མེ་ལོང་དུ། །གསལ་ལས་སྒྲ་ཚད་སོགས་ལ་སུ་ཡིས་བཤད། །བཤད་པ་མེད་པར་ལོང་གཏམ་མང་དྲགས་པས། །རྟོག་བཟོའི་གཏམ་ལ་མ་དཔྱད་འཁྲུལ་བ་མང་། །ད་དུང་ཉོན་དང་ཆོས་ཉིད་གཞན་དབང་མར། །སྲིད་ལ་ཡི་གེས་རམ་དུ་འདེགས་པའི་གཏམ། །རྟོག་ལྡན་ལུགས་སུ་སྣང་གི་ཕན་ཚུན་གཉིས། །འཁྲུངས་པའི་ན་ཚོད་མཉམ་ཞེས་སུ་ཡིས་བསྙོན། །སྲིད་ཀྱི་ཨ་མར་ཡི་གེ་འཁྲུངས་པ་འདི། །དེབ་ཐེར་འདྲིས་ཆ་ལྡན་པ་ཀུན་གྱིས་རྟོགས། །འོན་ཀྱང་རྒྱ་དང་ཏུང་ཧོང་ཡིག་རྙིང་ལས། །ཡི་གེ་མེད་ཅེས་འབྱུང་བ་བོད་ཀྱི་སྟེ། །ཞུང་ཡིག་ཡོད་ན་ཞང་ཞུང་བོད་ཡུལ་ནི། །སྲོང་བཙན་སྔོན་དུ་ཐ་དད་ཡིན་ནོ་ལོ། །བྱིས་པ་འབྲིད་པའི་གཏམ་ལ་ཆ་འཇོག་མེད། །མེད་ཀྱང་ལོག་རྟོག་བཅིལ་བའི་གཏམ་ཞིག་ཡོད། །མི་བརྗེད་ཐ་གུ་བཀོལ་བ་གཞན་ཡིག་ཀྱང་། །མེད་པ་ཤེས་ཏེ་སྲོང་བཙན་དུས་ནས་འདོད། །དེ་སྔོན་ཞང་བོད་འགལ་ན་བོད་ཡུལ་ལ། །ཡི་གེ་ཡོད་པའི་ཨུ་ཚུགས་དེ་ཡིས་ཅི། །ཞང་ཡིག་བོད་ཀྱི་ཡིན་ན་འབྲི་མཁན་སྨྱོ། །ཡང་ན་ད་ལྟའང་མེད་ཅེས་བཤད་ཀྱང་ཆོག །སྒྲུང་སོགས་ཡི་གེར་བརྟེན་པ་གནག་རྫིས་རྟོགས། །རྟོགས་ཚུལ་མཁས་རྣམས་གུ་ལ་ཐུག་དོན་ཅི། །སྐྱིད་འདོད་འཁྲུལ་བར་རྨིས་བའི་སྣང་བ་ཙམ། །སྙིང་བོར་ཟད་ན་དེ་ག་རང་དུ་འཇོག །ཕྱོགས་ཞེན་རླུང་གིས་འཁྱེར་བའི་ཤིང་ལོ་ལ། །སྣང་མེད་རྡོག་བརྫིས་གཏོང་བ་ཐབས་སུ་བཟང་། །གཞན་ཡང་ཐོན་མི་ལོ་འགར་རྒྱ་གར་དུ། །ཡི་གེར་སྦྱངས་ནས་བསྟན་བཅོས་བརྩམས་པ་འདིས། །དེ་སྔ་བོད་ལ་ཡི་གེ་ཡོད་པ་འགྲུབ། །མིན་ན་དུས་ཡུན་དེ་འདྲར་དཀའ་བར་ལྒིང་། །འདི་ནི་ཐོན་མིའི་བློ་དང་རིག་པའི་རྩལ། །བཙན་གྱིས་རང་དང་དོ་རུ་སྙོམས་པའི་གཏམ། །ཐོན་མི་རྒྱ་གར་ཡུལ་དུ་ལོ་གསུམ་ལ། །གསལ་མེ་སོགས་སོ་བདུན་དུ་དམ་ཆོས་ཀྱི། །ལྒིགས་བམ་སྒྲུབ་ཚུལ་ལ་སོགས་དཔེ་འགར་གསལ། །གང་ལྟར་ཆོས་ཉིད་མེ་ལོང་ཕྱིས་པའི་ཚེ། །ལོ་འགར་མཁས་པར་གྱུར་ལ་འགལ་ཅི་ཡོད། །དེང་ཡང“ཁེ་སི་ཕར་རྨེ་ཙོ་ཧྥུན་ཐི”། ། “ཡོས་ཧན་རྦའོ་ཝེ་ལིན①”ལ་སོགས་པ་སྟེ། །ངོ་མཚར་ཆེ་བའི་བློ་གྲོས་རྩལ་མཐོང་ན། །འཇམ་དབྱངས་ཐོན་མི་དོང་ལ་འཕེན་དོན་ཅི། །ལ་ལས་སུམ་རྟགས་ཐོན་མིས་མིན་པ་སྟེ། །ཕྱི་གླིང་ཆེ་གེ་མོ་ཡིས་ཟེར་ཏོ་སྐད། །རང་རེའི་ཤེས་རིག་གོམས་པའི་མཁས་དབང་དང་། །གཅིག་ནས་གཅིག་བརྒྱུད་གཏམ་རྒྱུད་ལྷ་ཡི་ཆབ། །དཔང་གྱུར་རྡོ་རིང་གསལ་ལེར་བཞུགས་བཞིན་དུ། །རྒྱུས་མེད་གཏམ་ལ་ཕྱོགས་པ་སྨྱོན་པ་སྟེ། །ཕ་བསད་པ་ལ་རྒྱལ་རྔ་རྡུང་བའི་ལུགས། །འགའ་རེས་དེང་གི་སུམ་རྟགས་ཡི་གེའི་སྡེབ། །ད་ལྟར་མཐུན་པས་ཐོན་མིས་མིན་ནོ་ཟེར། །དེ་ནི་སྔོན་གྱི་སྒྲ་སྦྱོར་བམ་གཉིས་དང་། །བཀས་བཅད་ཚུལ་ལ་ཞིབ་ཆ་དམན་པའི་སྐྱོན། །ལ་ལས་སྔོན་གྱི་ཡིག་ཆའི་སྡེབ་སྦྱོར་གཟུགས། །སུམ་རྟགས་མཆོག་དང་འགལ་ཞེས་ཀུ་ཅོ་སྒྲོགས། །དེ་ལ་གཉིས་སོ་རྡོ་རིང་ཡི་གེ་དེར། །ཉུང་སྟེ་ཏུང་ཧོང་གཏེར་ཡིག་ཅེས་པར་ མང་། །དེ་གཉིས་བསྡུར་ན་གཏེར་ལ་སོམ་ཉི་ཆེ། །ཞིབ་ཏུ་བསམ་ན་མ་ཕྱིར་འགལ་བའང་ སྣང་། །ཡང་གཅིག་བསམ་ན་རྩོམ་མཁན་མཁས་མིན་དོགས། །སྤྱིར་ན་བཤད་ན་མཁས་པའང་འཁྲུལ་བ་ཡོད། །ཕྱག་བྲིས་དུས་དེབ་དག་ཏུ་འཁོད་པས་གསལ། །ལྷག་པར་ཤེར་རྒྱམ་དགེ་བློ་རབ་གསལ་དང་། །མི་ཕམ་བླ་མ་སོགས་པའི་ཚུལ་དེས་སྟེ། །དེང་གི་སྲིད་གཞུང་སྒོ་བྱང་ཚགས་པར་དང་། །གཞུང་ཡིག་ནོར་བ་ཟད་པ་མེད་པས་མཚོན། །དེའི་ཕྱིར་བསམ་ནས་དཔྱད་ན་སྔོན་གྱི་སྟེ། །ཡི་གེར་སུམ་རྟགས་དགོངས་པ་རྨ་མེད་སྣང་། །འགའ་རེས་མཐུན་མིན་སྣ་ཚོགས་བྱུང་བ་དེས། །བཀས་བཅད་རྒྱུ་རུ་སྒྲ་སྦྱོར་བམ་གཉིས་གསུངས། །ལ་ལས་བཀས་བཅད་གསུམ་གྱི་གོ་རིམ་དེས། །ཐོན་མིའི་སྔ་རོལ་བོད་ཡིག་གྲུབ་བོ་ཟེར། །དེས་ན་བཀས་བཅད་ཅེས་པ་བརྡ་རྙིང་རྣམས། །སྐད་གསར་བཅད་དུ་བཅོས་སྙམ་འདོད་པས་འཁྲུལ། །བཀས་བཅད་དང་བོས(བསྒྱུར་ཡིག)ཐ་སྙད་གཅིག་གྱུར་དང་། །གཉིས་པས་གཏན་ཚིགས་སྒོ་ནས་འགྲེལ་བྱས་པ། །སྒྲ་སྦྱོར་བམ་གཉིས་ཅེས་པའི་གཞུང་ན་གསལ། ། ལོང་བ་མིན་ན་མིག་གིས་ལྟོས་དང་ཆོག །གཉའ་ཁྲིའི་དུས་ནས་སྲོང་བཙན་བར་གྱི་ཚུལ། །ངག་རྒྱུན་ཙམ་ལ་བརྟེན་པ་མི་སྲིད་ཅིང་། །མ་ཎིའི་བཀའ་འབུམ་སྔ་ཕྱི་ཚིག་འགའ་ཡིས། ། ཁུངས་སུ་ཕེར་བའི་ངེས་པ་མེད་དོ་ལོ། །འོན་ཀྱང་འཇིག་རྟེན་རྒན་པོའི་ངག་ལམ་ན། །སྲིད་པ་ས་ལ་ཆགས་པའི་ལོ་རྒྱུས་ཡོད། །ཕ་མེས་རུས་རྒྱུད་མི་ཤེས་སྤྲེའུ་འཁྱམས་ཞེས། །སྤྱི་ཚོགས་འཚོ་བ་དངོས་དེས་བློ་སྒོ་འབྱེད། །གཞན་ཡང་ཞྭ་ལྷ་ཁང་གི་རྡོ་རིང་ལས། །གཉའ་ཁྲི་གནམ་ལས་བྱོན་ཏེ་གཤེགས་ཚུལ་སོགས། །བརྗོད་ཀྱང་མི་ནུས་བྲིས་ཀྱང་མི་ཚར་ཞེས། །འབྱུང་བ་དེ་ཀོ་ཞིབ་འཇུག་མིག་ཏུ་གཅེས། །ལོ་རྒྱུས་འཕེལ་འགྲིབ་རྒྱུད་པའི་བཀའ་འབུམ་དེར། ། བསླད་པ་རེ་འགའ་མཁས་པའི་མིག་ལ་རྩུབ། །འོན་ཀྱང་བསྐྱར་ཟློས་སོགས་ཀྱི་སྐྱོན་བགྲང་བ། །མ་རྟགས་ཧོལ་རྒྱུགས་སྐབས་འདིའི་ལྒིང་བྱ་མིན། །བོན་ཆོས་ཞང་ཞུང་ཡུལ་ནས་བསྒྱུར་ཅེས་པས། །ཡི་གེ་ཡོད་པར་བསྟན་པ་རྟགས་མ་གྲུབ། །གལ་ཏེ་བདེན་ན་གསལ་མེའི་མཁན་པོ་ཡིས། །ཆོ་འཕྲུལ་ཡ་མ་ཟུང་འགའ་བསྟན་པར་ཟད། །ཅིའི་ཕྱིར་དུ་ན་ཐོན་མི་མཛད་རྗེས་ཏེ། །བསྒྱུར་བ་ཡོད་ཚད་ལོ་ཙཱ་ག་ལ་ཡིན། །དེ་བས་དཔྱད་རྩོམ་དག་ལ་རྟོག་ཞིབ་གྱིས། །དངོས་འགལ་ཕུང་བོར་བརྩེགས་པ་འདི་ལྟ་སྟེ། །ཐོན་མིའི་སྔོན་དུ་བོད་ཡིག་ཡོད་མོད་ཀྱང་། །ཕྱིས་སུ་སྐད་དང་མ་མཐུན་བཅོས་པ་འགལ། །དེ་སྔོན་བོད་ལ་བསྟན་བཅོས་མང་བྱུང་ནས། །ཐོན་མིའི་སུམ་རྟགས་རྩོམ་པ་མི་ནུས་འགལ། །བོད་ཀྱི་ཡི་གེ་གཉའ་ཁྲིའི་སྔོན་བྱུང་ནས། །གྲི་གུམ་སྐབས་སུ་བོན་བསྟན་དར་བ་འགལ། །ཞང་ཞུང་ཡི་གེའི་ཡུལ་འདིའི་ཡིན་བཞིན་དུ། །ཞང་ཞུང་སྐད་ཆ་བོད་དང་མི་མཐུན་འགལ། །གཉའ་ཁྲིའི་སྔོན་དུ་བོན་དཔེ་བྱུང་བཞིན་དུ། །ཡི་གེ་ཡོད་པར་ཤེས་རིག་སྒྲུབ་པ་འགལ། །ཞང་ཡིག་སྒྱུར་མཁན་ཐོན་མི་ཡིན་བཞིན་དུ། །སུམ་རྟགས་དེ་ཡིས་བརྩམས་པ་མིན་པ་འགལ། །ཡི་གེ་སྲོང་བཙན་སྔོན་ནས་བྱུང་བ་དང་། །དེ་རྗེས་བཀས་བཅད་བྱས་པའི་ཚུལ་ཀྱང་འགལ། །སྲོང་བཙན་སྒམ་པོས་བོན་བསྟན་བཀུར་བ་དང་། །དེ་ཡིས་ཡི་གེ་མ་ལུས་བརླགས་པ་འགལ། །བོན་བསྟན་ད་ལྟའི་བར་དུ་དར་བ་དང་། །བོན་ཡིག་བྱེ་མར་ཐིམ་པའི་ལྟ་བ་འགལ། །ཞང་ཡིག་ བོད་ཀྱི་ཡི་གེ་ཡིན་བཞིན་དུ། །ཞང་བསྟན་བོད་ཀྱི་ཡི་གེར་བསྒྱུར་བ་འགལ། །རྒྱལ་བློན་རྣམས་ཀྱིས་ཞང་སྐད་སྤྱོད་བཞིན་དུ། །བོན་དང་རྗེ་བློན་བར་གྱི་ལོ་ཙཱ་འགལ། །ཞང་ཡིག་  བོན་གྱི་ཡི་གེ་ཟེར་བཞིན་དུ། །རྩོམ་དབུའི་སྡེབ་སྦྱོར་ལེགས་སྦྱར་བཀོད་པ་འགལ། །འགལ་བ་མང་བོ་ལུགས་སུ་དབང་བརྩེགས་ནས། །གཞན་ལ་འཕྱ་དམོད་བྱེད་པ་ལུགས་དང་འགལ། །འོན་ཀྱང་གཡུང་དྲུང་བོན་གྱི་གསལ་སྒྲོན་དང་། །བརྡ་སྤྲོད་ཉེར་བདུན་ལེགས་བཤད་སོགས་སུའང་། །ད་ལྟའི་གངས་ཅན་བོད་ཀྱི་ཡི་གེ་འདི། །ཞང་ཞུང་བོན་གྱི་ཡི་གེ་ཡིན་ནོ་ཟེར། །དེ་ལ་བོན་པོ་རང་གི་བསྟན་བཅོས་ལས། །དཔྱད་ཀྱང་དོགས་པའི་རྒྱུ་ལས་མ་མཆིས་ཏེ། །བདལ་འབུམ་ལས་ནས་བྱེ་མ་གཡང་དྲུང་དུ། །ཞང་ཞུང་སྟོང་ཆེན་མཐུ་ཆེན་ཞེས་བྱ་བས། །བོད་ཀྱི་མཁས་པ་ཤ་རི་དབུ་ཆེན་ལ། །བོན་གྱི་ཁྲི་སྡེ་བཤད་ཅིང་བསྒྱུར་ཅེས་ ཟེར། །བོན་གྱི་བསྟན་འབྱུང་ལེགས་བཤད་མཛོད་ལས་ཀྱང་། །མདོ་སྔགས་ཕལ་ཆེར་སྟོང་ ད་མཐུ་ཆེ་ལ། །བོད་སེ་ལྡེ་མེ་གསུམ་གྱིས་ཞུས་པ་ལས། །ཞང་ཞུང་སྒྲ་ལས་བོད་ཀྱི་སྐད་དུ་བསྒྱུར། །ཞེས་སོགས་འབྱུང་ངོ་དེ་ལས་དཔྱད་གཞི་ཆེ། །སྐད་ཡིག་གཅིག་ལ་ལོ་ཙཱ་ཅིའི་ཕྱིར་བསྒྱུར། །སུམ་བསྒྱུར་ཞེས་པ་ལྷག་པར་གང་ལྟར་འབྱུང་། །མིན་ན་ཞང་ཡིག་བོད་ཡིག་མིན་པ་སྟེ། །བོད་ཡིག་ཡོད་པའི་སྒྲུབ་བྱེད་ག་ལ་རུང་། །བོད་ཡིག་གཤེན་རབ་སྟོན་པས་བརྩམས་ལགས་ན། །དེའི་གསུང་སྐད་རིགས་གཞན་དུ་ཅི་ལ་གསུངས། །མ་གསུངས་བཀའ་འགྱུར་དཔངས་སུ་བརྩིགས་པ་གང་། །སྐད་རིགས་གཅིག་ལ་ལོ་ཙཱ་བསྒྱུར་བ་དེ། །ཁོ་བོས་མི་ཤེས་གླང་རྫི་རྒན་པོར་འདྲི། །ཡང་ན་ཞང་སྐད་སྒྱུར་བྱེད་ཡི་གེ་ཞིག །ཡོད་ཀྱང་ཞང་ཡིག་མིན་པ་ལེགས་པར་འགྲུབ། །ཚེ་ཏན་ཞབས་དྲུང་ལ་སོགས་རིགས་སྨྲ་འགས། །གསུངས་པའི་ཟ་ལར་ཡི་གེ་དཔེ་དེའམ། །ཡང་ན་ཐ་གུ་རྟགས་ཀྱི་མཚན་མ་དེ། །འདྲ་གཟུགས་ཡི་གེ་ཁ་ཐོར་ཞིག་ཏུ་སྙམ། །ལ་ལས་མཁས་པའི་གསུངས་ཞེས་རང་ཕྱོགས་ལ། །འཐེན་པའི་གར་ལ་རྣམ་དཔྱོད་ཁོང་འཛུམ་འཆོར། །གཞན་ཡང་སྟོང་རྒྱུད་གཉའ་ཁྲིའི་སྔོན་དང་ནི། །ཁྲི་སྲོང་དུས་ལ་དེ་གཉིས་ཡོད་པར་བཞེད། །དེ་ཡིས་དོགས་ཀྱང་ཚེ་རིག་གྲུབ་པ་སྟེ། །བོན་གྱི་མཁས་པས་འགལ་མེད་ལུགས་སུ་འཁྱེར། །དེས་ན་ཁྲི་སྲོང་བྱེ་མ་གཡང་དྲུང་དུ། །བོན་རྣམས་སྤྱུགས་པ་བཀའ་ཐང་དུ་གསལ་བས། །བསྒྱུར་ཅིང་སྤེལ་བ་དག་ཀྱང་སྲོང་བཙན་གྱིས། །སྔོན་དུ་མིན་ནོ་ཞིབ་ཆའི་མིག་ཟུང་བསྐྱེད། །གལ་ཏེ་ཐོན་མིའི་སྔོན་གྱི་དཔེ་རྙིང་ཞིག །ཡོད་ན་སྒམ་དུ་སྦས་པའི་དགོངས་པ་ཅི། །རྩོད་པའི་ངལ་བ་མང་བོ་མ་བསྟེན་པར། །གཟུར་ནས་དགྱེས་པའི་འཛུམ་ཕྲེང་ཅིས་མི་གྲོལ། །དེ་ལ་དེང་སང་དཔར་དང་མ་དཔར་བའི། །བོན་གྱི་བཀའ་བསྟན་པོད་གྲངས་བརྒྱ་ལས་བརྒལ། །ཆེས་རྙིང་ཡིག་ཆ་འགའ་རེའི་མཆོད་བརྗོད་སོགས། །སུམ་ཕབ་ཡིག་གཟུགས་དགོན་འགར་ཡོད་དོ་ཟེར། །འོན་ཀྱང་དེ་དག་བྱུང་དུས་མ་རྟོག་ན། །ངལ་བ་བྱས་ཀྱང་འབྲས་བུ་ག་ལ་ཐོབ། །དེ་རྣམས་སྲོང་བཙན་སྔོན་དུ་བྱུང་ངེས་པའི། །སྒྲུབ་བྱེད་གནམ་ལྕགས་རྡོ་རྗེ་ཅི་ཞིག་ཡོད། །ཞང་ཡིག་ཟེར་བའི་ད་ལྷ་ཡི་ཡི་གེ་འདིའི། ། བསྟན་བཅོས་ཡོད་ཀྱང་དེ་ལྟར་ག་ལ་འགྲུབ། །འགྲུབ་ན་གངས་ཅན་ཡི་གེ་ཕྱི་མོའི་གཟུགས། །དགའ་ལྡན་ཡིག་གསར་བསྙོན་པས་ཅིས་མི་ཆོག །ལ་ལས་གནམ་ཡིག་ཟེར་བའི་འོལ་ཚོད་ཀྱང་། །བོད་ཀྱི་ཡིག་རྙིང་ཟེར་བར་སྒྲུབ་བྱེད་མེད། །གཞན་དུ་ཚ་བ་རོང་དང་སྲིན་པོ་སོགས། །ཡིག་གཟུགས་མི་འདྲ་ཞེ་དྲུག་ཤིང་པར་དུ། །བཞུགས་པ་འདི་ལས་ཕྱོགས་སྔའི་སྒྲུབ་བྱེད་དག །བྱེ་མར་གཏོང་བའི་གཏམ་སོགས་མང་བར་དོགས། །ཀ་ཁ་སུམ་ཅུ་བོད་ལ་དཔེ་རུ་བླངས། །སློབ་དཔོན་པད་མས་གསུངས་ཞེས་ལ་ལར་སྣང་། །ཁྱུང་བོ་བསྟན་འབྱུང་དུ་ན་བོན་ཞེས་ཀྱང་། །བོད་ཡིག་ཡོད་པ་དེ་ཡིས་ཇི་ལྟར་འགྲུབ། །བོན་དང་བོད་ཉིད་འགལ་མེད་བོན་གྱིས་བཤད། །ཚིག་ལ་བརྩེགས་པས་བློ་ལྡན་ཅི་ཞིག་བཞེད། །རྒྱ་གར་ཡི་གེ་བོད་དུ་བསྒྱུར་མ་ཐུབ། །ཀ་ཁ་སུམ་ཅུ་བོད་ལ་དཔེ་བླངས་པ། །སྟོད་སྨད་ཡི་གེ་དྲུག་གོ་གསལ་བྱེད་ཕྲེང་། །བོད་ཀྱི་སྐད་ལས་གཏན་ལ་ཕབ་པའི་དོན། །གཞན་ཡང་ཏུང་ཧོང་གཏེར་ལས་གསོ་བྱེད་ཐད། །ཞང་ཞུང་དཔྱད་ཕུགས་སྦྱར་ཏེ་བགྱིས་ཞེས་པས། །ཞང་ཞུང་གསོ་རིག་བོད་ཀྱི་དབུས་གཙང་དུ། །དར་ཁྱབ་མེད་པ་སྟོན་ཏེ་གཞན་དུ་ན། །གཞན་དུ་ཕྱག་སྦལ་དུ་ནི་མེད་ དོན་གང་། །ཞང་ཞུང་དཔྱད་ཕུགས་དེ་རུ་ཡོད་ཀྱང་རུང་། །བོད་ཡིག་མིན་པར་སྒྲུབ་བྱེད་ཅི་ཞིག་ཡོད། །གསལ་མེར་ཁམས་ཆེན་བརྒྱད་སོགས་སྟེངས་གཉིས་སྐབས། །བཤད་དོ་དེ་ལ་པོད་ཏི་བཅུ་དྲུག་ཡོད། །ཡི་གེ་མེད་པས་བློར་ཤོང་མེད་ཟེར་ཀྱང་། །ཤེར་མདོ་པོད་མང་ཤེར་སྙིང་ཙམ་ལ་ཡང་། །ཤེར་མདོ་ཟེར་བའི་དཔེ་དེས་ཀུན་དུ་མཚོན། །གཞན་དུ་མེ་སྙིང་བཀའ་འགྱུར་དཀར་ཆག་དང་། །རིག་རལ་སོགས་ཀྱིས་སྲོང་བཙན་ཡར་སྔོན་དུ། །བོད་ལ་ཡི་གེ་ཡོད་པ་བཤད་པ་དེ། །ནང་ཆོས་འབྲེལ་བས་བོན་དང་གཏན་མི་འདྲ། །བོན་པོས་གཤེན་རབ་ཡི་གེ་མཛད་པར་བཞེད། །རིག་རལ་སོགས་ཀྱིས་ཆོས་འཁོར་ཚུལ་ལས་ལྒིང་། །གཉིས་ཀ་མི་འཐད་ལུང་རིགས་མཚོན་ཁ་རྣོ། །ཤེས་དམན་དག་གིས་འུད་རྒྱུགས་རེ་ཞིག་ཞོགས། །ལོ་རྒྱུས་དོན་དངོས་འཇིག་རྟེན་རིས་འཛིན་གྱིས། །གཞན་དུ་བསྒྱུར་བའི་ལ་རྒྱའི་ཚོན་གྱི་མདངས། །འགྲེམ་ལ་པིར་ཐོགས་གཞོན་ནུའི་ལག་པའི་གར། །ཤེས་ལྡན་གཞོན་ནུའི་ཁྲོད་དུ་བག་ཡོད་བྱོས། །ལྟ་བ་རྣམ་དག་རྟག་ཆད་གཡང་ལས་གྲོལ། །སྤྱོད་པ་རྣམ་དག་རང་གཅེས་མུན་པ་སངས། །སྒོམ་པ་རྣམ་དག་གཞན་ཕན་སྣང་བས་འཁྱུད། །མཁས་བཙུན་བཟང་བོས་བསྟན་ལ་རྗེས་ཡི་རིང་། །བོན་དང་ཆོས་ཞེས་རིས་འཛིན་ཅན་ལ་སྣང་། །ཕྱོགས་ཞེན་རྩོད་པ་བླུན་པོ་དག་ལ་བཟང་། །ཁོ་བོས་གང་འདུལ་གར་གྱི་སུག་རྗེས་སུ། །ངེས་ཤེས་སྐྱེས་པས་བསྟོད་སྨད་ཕྱོགས་སུ་བྲལ། །ཉེ་རིང་ཆགས་སྡང་གདོན་གྱིས་མ་བརླན་ཡང་། །བདེན་པ་མིག་ལ་བསིལ་བའི་གཞོན་ནུ་བདག །བརྫུན་གྱི་མུན་པས་ལམ་བུ་སྒྲིབ་པའི་དུས། །རྣམ་དཔྱོད་གློག་གི་སྒྲོན་མེ་འགལ་ཅི་ཡོད། །རིས་འཛིན་གདོན་དང་ཕྲག་དོག་ཚེར་མའི་གསེབ། །བདེན་པའི་བྱེའུ་སྲོག་རྩ་གཉོམ་ན་ཡང་། །ཤེས་རབ་ཅན་གྱི་རྣམ་དཔྱོད་མེ་ལོང་ལ། །གཟུགས་ཀྱི་དྭངས་མའི་རང་མདངས་བསུབ་ཏུ་མེད། །འོན་ཀྱང་ཁོ་བོས་རྟོག་གེའི་མཁྲེགས་གཟུགས་ཀྱིས། །འཆལ་བའི་ཚིག་གི་ཕོག་ཐུག་བཟོད་པར་ཞུ། །ལོག་བཤད་ཚེར་མ་དཔུང་དུ་ཆེར་འཁྲིགས་ཚེ། །ལུང་རིགས་མེ་སྟག་རྣམ་དཔྱོད་མཐོངས་ནས་སྤྲོ། །
མཆན་འགྲེལ།
①ཡིག་རིགས་སྣ་ཚོགས་ཀྱི་ཚིག་མཛོད་དང་ཐ་སྙད་ཀྱི་སློབ་དཔོན་དུ་གྱུར་པའི་གོས་དམར་ཆོས་བདག་ཁེ་སི་ཕར་རྨེ་ཙོ་ཧྥུན་ཐི(1774-1849)ནི་ཧྥང་རི་ཀང་དཔེ་མཛོད་ཁང་གི་དོ་དམ་པ་མཛད་མྱོང་བ་ཞིག་ཡིན་ཞིང་ཁོང་གིས་སྐད་རིགས་བརྒྱ་དང་བཅུ་བཞི་དང་ཡུལ་སྐད་སྣ་ཉེར་གཉིས་སྐད་སྒྱུར་བྱེད་ཐུབ། ཡོས་ཧན་རྦའོ་ཝེ་ལིན(1774-1872)བྱ་བའི་ཆབ་སྲིད་པ་ཞིག་ཡོད་པ་དེ་ནི་ལོ་རྒྱུས་ཐོག་ཏུ་བྱས་རྗེས་ཤིན་ཏུ་ཆེ་བའི་སྒྲ་རིག་པའི་མཁས་དབང་ཆེན་པོ་ཞིག་ཡིན། ཁོང་གིས་སྐད་རིགས་བརྒྱ་བཤད་ཐུབ་ཀྱང་ཡིག་རིགས་ ཉིས་བརྒྱ་ཀློག་ཐུབ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡིག་སྒྱུར་ཁང་གིས་ལས་མཁན་ཆའོ་ཀྲི་སི་ཧྲེ་མི་ཐི(1915-)ཟེར་བ་དེ་ནི་ད་ལྟ་འཚོ་ཞིང་གཞེས་པའི་སྒྲ་རིག་པ་མཁས་ཅན་ཞིག་ཡིན་ཏེ་ཁོང་གིས་ཡིག་རིགས་དྲུག་ཅུ་རེ་དྲུག་སྒྱུར་ཐུབ་ཅིང་སྐད་རིགས་སུམ་ཅུ་ཐམ་པ་བཤད་ཐུབ་པ་སོགས་ངོ་མཚར་ཆེ་བའི་གནས་ཚུལ་འདི་དག་ང་ཚོས་མངོན་སུམ་དུ་མཐོང་བས་སློབ་དཔོན་ཐོན་མི་ལ་འཁུ་དོན་མེད་དོ།།


འབྲེལ་ཡོད་འོས་སྦྱོར།