logo

演讲ཞེས་པ་འཁྲབ་བཤད་དང་ཁྲོམ་བཤད་དུ་བསྒྱུར་བར་དཔྱད་པ།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-10 ཀློག་གྲངས།:
       ཡིག་བསྒྱུར་གྱི་སྐབས་སུ་མ་ཕྱིའི་ནང་དོན་དང་མི་རིགས་རང་གི་སྐད་ཆའི་ཆོས་ཉིད་གཉིས་ལ་འདང་བརྒྱག་དགོས། དེ་མིན་པར་འགྱུར་ཡིག་གི་ཧ་མི་གོ་བ་དང་འགྱུར་ཡིག་དང་མ་ཕྱིའི་ནང་དོན་དང་འགལ་བའི་རིགས་འབྱུང་སྲིད་ལ་དེ་ནི་ཡིག་བསྒྱུར་གྱི་ནོར་འཛོལ་ཡིན། ལས་དང་བོ་བ་ལ་མཚོན་ན་ནོར་འཛོལ་དེ་རིགས་མི་འབྱུང་བ་ནི་མགོ་ན་བའི་བྱ་བ་ཞིག་ཡིན་ལ་གནད་དོན་དེ་ཐག་གཅོད་ན་ཐ་སྙད་རེ་རེའི་སྒྱུར་སྟངས་ལ་ཞིབ་འཇུག་བྱ་དགོས་པས་ཁོ་བོས་ཆེད་དུ演讲ཞེས་པའི་ཐ་སྙད་འདིའི་བསྒྱུར་སྟངས་ལ་དཔྱད་པ་ཅུང་ཟད་བྱའོ། །
       མིག་སྔར演讲ཞེས་པའི་ཐ་སྙད་འདིའི་སྒྱུར་སྟངས་ལ་སྣ་ཚོགས་ཤིག་ཡོད་དེ་ལ་ལས་འཁྲབ་བཤད་དང་། ལ་ལས་ཁྲོམ་བཤད། 《རྒྱ་བོད་ཚིག་མཛོད་ཆེན་མོ》ལས་གཏམ་བཤད། གསུང་བཤད། ཅེས་དང་བོད་རྒྱ་ཚིག་མཛོད་ཆེན་མོ་ལས་གསུང་བཤད་པ演讲。发言。教诲ཞེས་བསྒྱུར་ཡོད།
       འོ་ན་འཁྲབ་བཤད། ཁྲོམ་བཤད། གཏམ་བཤད། གསུང་བཤད་ཅེས་པ་ལས་གང་འགྲིག་ཅེ་ན་ཐོག་མར演讲ཞེས་པའི་ཐ་སྙད་ཀྱི་གོ་དོན་ལ་བལྟ་དགོས་ཏེ《辞海》π在听众面前就某一问题表示自己的意见或阐说某一理叫“演讲”或“讲演”ཞེས་བསྟན་ཡོད་ཅིང་། 《现代汉语词典》就某一个问题对听众说明事理,发表见解ཞེས་གསལ་བོར་གསུངས་ཡོད། གོ་དོན་དེ་ལས་བལྟས་ན་ནི་གཏམ་བཤད་ཀྱི་ནང་དོན་ལས་འཁྲབ་ཏེ་བཤད་པའི་ནང་དོན་མེད་ལ་འཁྲབ་བཤད་ཅེས་པ་ནིའཁྲབ་ཏུ་བཟུང་ཞིངབཤད་དུ་ངོས་བཟུང་བས་ནོར་འཁྲུལ་བྱུང་བ་ཡིན། དེ་ལྟར་ན演讲འཁྲབ་བཤད་ལ་བསྒྱུར་དགོས་ན讲演བཤད་འཁྲབ་ཏུ་བསྒྱུར་དགོས་དེ་ལས་དགོད་བྲོ་བ་ཞིག་ག་ལ་ཡོད།
       སྤྱིར་ན་演讲ལ་འཁྲབ་ཏེ་བཤད་པའི་གོ་དོན་ཅི་ཡང་མེད《演讲全书》ལས在本质上属一社会的实现活动而不属于舞台表演的艺术活动ཞེས་གསལ་བོར་བསྟན་ཡོད་པས་འཁྲབ་བཤད་དུ་བསྒྱུར་མི་རུང་བ་སུས་ཀྱང་ཤེས།
       ཁྲོམ་བཤད་ཅེས་པ་ནི་བོད་སྐད་དངོས་མ་ཞིག་ཡིན་ནའང་། ཁྲོམ་ནི་མི་མང་བོ་ཚོགས་པ་ལ་ཟེར་ཞིང་དེར་བཤད་པ་གནང་བ་ཁྲོམ་བཤད་ཡིན་པས演讲ཀྱི་སྐད་དོད་དུ་མི་འོས་ལ演讲་ཡིན་ན་མི་མང་བོ་ཚོགས་དགོས་ངེས་པ་གཏན་ནས་མེད་པས་དེ་ལྟར་བསྒྱུར་མི་འོས་ཏེ་བྱེ་བྲག་གི་མིང་སྤྱི་ལ་སྦྱར་བའི་སྐྱོན་དུ་འབྱུང་བའི་ཕྱིར་རོ། །
       དེས་ན་ཚད་ལྡན་ལོ་ཙཱ་བས་སྒྱུར་བཞིན་པ་དང་གཅིག མི་རིགས་རང་གི་སྐད་ཆ་དངོས་མ་ཡིན་པ་དང་གཉིས། རྒྱ་ཡིག་གོ་དོན་གསལ་བོར་མངོན་པ་དང་གསུམ། མཆོག་དམན་སུས་ཀྱང་གོ་བ་དང་བཞི། ཚད་ལྡན་ཚིག་མཛོད་དུ་གཏན་ལ་ཕབ་པ་དང་ལྔས演讲གཏམ་བཤད་དུ་བསྒྱུར་དགོས་པ་ནི་བཤོལ་ཐབས་མེད་པ་ཞིག་གོ།


འབྲེལ་ཡོད་འོས་སྦྱོར།