logo

བོད་ཀྱི་སྙན་ངག་གསར་བའི་བྱུང་འཕེལ་དང་ཁྱད་ཆོས་ལ་མདོར་ཙམ་དཔྱད་པ།

རྩོམ་པ་པོ།:བསང་བསོད་དོན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-15 ཀློག་གྲངས།:

བོད་ཀྱི་སྙན་ངག་གསར་བའི་བྱུང་འཕེལ་དང་ཁྱད་ཆོས་ལ་མདོར་ཙམ་དཔྱད་པ།

ནང་དོན་གནད་བསྡུས།

        སྤྱིར་རྩོམ་རིག་དང་བྱེ་བྲག་རྩོམ་རིག་གི་ལག་ལེན་འཕེལ་རྒྱས་སོང་བའི་དུས་ཀྱི་འགྱུར་བ་དང་བསྟུན་ད་ནི་སྔར་བྱུང་གི《སྙན་ངག་མེ་ལོང》སོགས་གཞུང་ལུགས་དེ་དག་གིས་དེང་གི་ལག་ལེན་ལ་མཛུབ་ཁྲིད་ཆ་ཚང་བ་བྱེད་མི་ཐུབ་པ་དངོས་ཡོད་ཡིན་ལ། ལར་གཞུང་ལུགས་དེ་དག་མ་གཞི་ནས་སྐྱོན་མེད་འཐུས་ཚང་གི་རིགས་པའི་གཞུང་ལུགས་ཤིག་མ་ཡིན་པའང་དངོས་ཡིན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་ཐེངས་གསུམ་པའི་རྗེས་སུ། བསམ་བློ་བཅིངས་འགྲོལ་དང་ཕྱི་ཕྱོགས་ལ་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་འོག དམངས་ཡོངས་ཀྱི་བསམ་བློ་དེ་སྲོལ་རྒྱུན་རྙིང་བ་དང་གཡོན་ཐལ་ཆེ་བའི་སྒྲོག་ལས་ཐར་ཏེ། དེའི་མཚུངས་སུ་རང་རེའི་བོད་ལ་མཚོན་ནའང་རྒྱལ་ཡོངས་ཀྱི་གནས་ཚུལ་ཇི་བཞིན་འདུ་ཤེས་གསར་རྙིང་བར་འགལ་བ་དང་ཕོག་ཐུག་བྱུང་བ། ཡིད་མུག་པ་བློ་ཕམ་པ་སོགས་ཀྱི་དུས་སྐབས་ཤིག་བྱུང་བ་ཡིན། བོད་ཀྱི་རང་མོས་སྙན་ངག་ཀྱང་འདི་ལྟ་བུའི་ལོ་རྒྱུས་དང་ཆབ་སྲིད་ཀྱི་རྒྱབ་ལྗོངས་འོག་བྱུང་བ་ཡིན།དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་སྲོལ་རྒྱུན་ལ་མེད་པའི་སྟོང་ཆ་བསྐང་བ་དང་། ཡོད་ཀྱང་ཆ་ཚང་པོ་མེད་པ་ཁ་སྐོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པས་ད་ཆ་གྲུབ་འབྲས་མི་དམན་པ་ཐོན་ཡོད་པའི་སྙན་ངག་གསར་བ་གང་མང་ཞིག་སྤང་ལ་ཤ་མོ་བརྡོལ་བ་ལྟར་བྱུང་མོད། འོན་ཀྱང་མང་ཆེ་བར་དགེ་རྒན་བདུད་ལྷ་རྒྱལ་གྱིས་བཤད་པ་ལྟར་ཧྲིལ་གྱིས་ཕུན་ཚོགས་སྣ་མང་གི་ཁྱད་ཆོས་མེད་པར། ཚང་མ་བལྟས་འཇོག་གཅིག་གྱུར་གྱི་ཚུལ་དུ་མཆིས་པ། དེ་བས་ན་ཕྱིན་ཆད་བསམ་བློའི་ནང་དོན་གྱི་ཆ་ནས་བརྗོད་བྱའི་བསྟན་དོན་རྒྱ་ཆེ་ཞིང་སྣ་མང་བ། སྒྱུ་རྩལ་གྱི་ཆ་ནས་རང་ལ་རང་གི་མཛེས་པ་ངོ་མཚར་བ་ཞིག་ཡོང་བ།བརྗོད་བྱའི་སྲོག་གི་ཆ་ནས་སྔོན་ཆད་བྱུང་ཟིན་མི་གླེང་བར་མ་འོངས་འབྱུང་འགྱུར་གྱི་འཚོ་བར་ཁ་ཕྱོགས་པ།དེ་ལྟར་བྱས་ན་བོད་ཀྱི་སྙན་ངག་གསར་བའི་བགྲོད་ལམ་གྱི་གོམ་ཁ་སྔར་ལས་ཡངས་པ་ཞིག་འཁྱོང་ངེས།

དང་པོ། རིམ་བཞིན་རང་མོས་སྙན་ངག་ཅི་ལྟར་བྱུང་བ།

        སྤྱི་ཚོགས་དང་ཆབ་སྲིད་ཀྱི་ངོས་ནས་བཤད་ན་ལོ་རབས་བརྒྱད་ཅུ་བའི་འུར་ཟིང་དང་གཏོར་བཤིགས་མཚམས་ཆད་ཅིང་། དུས་ཟིང་དང་འཐབ་རྩོད་གྱི་ཡོ་ལང་ཞི་བ་དང་ལོ་ངོ་མང་བོའི་རང་གི་དཀའ་སྡུག་གི་རིག་གསར་མཇུག་བསྒྲིལ་རྗེས། རྩོམ་པ་པོ་མང་བོ་ཞིག་གིས་དུས་དེབ་དང་ཚགས་པར་སྟེང་དུ་སྙན་ངག་གི་བརྗོད་བྱ་གཙོ་བོ་ཡུལ་ལ་བསྟོད་པ་དང་ཏང་གི་སྲིད་ཇུས་ལ་བསྟོད་པ། ཕ་ཡུལ་ལ་བསྟོད་པ། ཕ་མར་བསྟོད་པ།བླ་མར་བསྟོད་པ། རང་གི་སློབ་གྲྭ་དང་དུས་དེབ་ཚགས་པར་ལ་བསྟོད་པ་སོགས་ཧ་ལམ་བརྗོད་བྱ་གཅིག་ཏུ་གྱུར་ནས། སྙན་ངག་རྣམས་ཀྱི་ཁ་བྱང་ཡང་བསྟོད་ཚིག་མེ་ཏོག་ཕྲེང་མཛེས། མའོ་ཙེ་ཏུང་ལ་བསྟོད་པ། གུང་ཁྲན་ཏང་ལ་བསྟོད་པ། རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་ལ་བསྟོད་པ། བོད་ལྗོངས་གསར་བར་བསྟོད་པ་སོགས་ཆ་མཚུངས་གང་མང་མཐོང་ཐུབ་པ་ཡིན། སྐབས་འདིར་རྩོམ་རིག་གིས་ཆོས་ལུགས་སམ་ཆབ་སྲིད་ལ་ཞབས་འདེགས་ཞུ་བའི་གོམས་སྲོལ་གྱི་ཤན་ཞུགས་ཆེ་བ། གཡོན་ལྷུང་གི་ནོར་འཁྲུལ་ལ་སོགས་ཀྱི་མིའི་རང་གཤིས་དང་བསམ་བློ་བཅིངས་འགྲོལ་གཏོང་མ་ཐུབ་པ་སོགས་རྒྱུ་རྐྱེན་མང་བོ་ལས་བྱུང་བ་ཡིན། རྒྱུ་རྐྱེན་དེ་དག་གི་དབང་གིས་བོད་ཀྱི་སྙན་ངག་གསར་བའི་མི་རིགས་ཀྱི་ལམ་སྣེ་གསར་བ་ཞིག་ཟིན་སྟེ། བོད་མི་རིགས་ཀྱི་ལོ་རྒྱུས་དང་དུས་བབ་ཆབ་སྲིད་དང་དཔལ་འབྱོར་ལ་སོགས་བརྗོད་བྱར་བྱས་པའི་སྙན་ངག་གང་མང་ཞིག་བྱུང་། ང་ཚོ་ལོ་རྒྱུས་གནའ་གཏམ་གྱི་མི་རབས་ནས་མི་རབས་སུ་བཟི་སྟེ་ཅི་མི་སྙམ་པར་སྡོད་མི་རུང་བར། དུས་རབས་ཀྱི་རྗེས་ཆོད་པ་ཞིག་ཅིས་ཀྱང་བྱ་དགོས་པའི་འབོད་སྐུལ་གྱིས་རྩོམ་རིག་གསར་བ་ཞིག་གི་མགོ་བརྩམས། དེ་བས་རང་མོས་སྙནངག་བྱུང་བ་ནི་ཐོལ་བྱུང་གི་སྣང་ཚུལ་ཞིག་མ་ཡིན་པར་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་ལྡན་ལ། དུས་རབས་ཁྱད་པར་ཅན་ཞིག་གི་འོག་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་ཡིན་པར་མ་ཟད་སྲོལ་རྒྱུན་སྙན་ངག་གོ་སླ་ཅན་དུ་གྱུར་བའི་རྟགས་ཤིག་ཅིང་ཡིན་པས། དེ་རང་རེའི་བོད་ཀྱི་སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་དང་མཐུན་པར་མ་ཟད་ད་སྐབས་བོད་ཀྱི་གཞོན་ནུ་རྣམས་ཀྱི་འདོད་བློ་དང་རེ་འདུན་ལའང་ཧ་ཅང་འཚམ་པའི་རྐྱེན་གྱིས་ད་བར་དུ་དར་བ་ཡིན།
༡ རང་གྲོལ་གྱི་འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིནཔའི་སྙིང་གསོན་པོ་ཞིག་འདུག

རང་རེའི་མེས་པོ་སྟེ
སྤྲེའུ་བྱང་ཆུབ་སེམས་དཔའ་དང
ཇོ་མོ་ཁྲོ་གཉེར་མའི་སྤྲུལ་བ
བྲག་སྲིན་མོ་གཉིས་ཀྱི་ངོ་མཚར་ཞིང་གཞན་གྱི་བློ་ཡུལ་ལས་འདས་བའི་ངག་རྒྱུན་ཡོད་པ
སྔོན་གྱི་ཚེ་ཡང
ཤ་ཟན་གདོང་དམར་བོད་ཀྱི་དམག་དཔུང་ཞེས
སྙན་གྲགས་ཀྱི་བ་དན་དགུང་དུ་བསྐྱོད་མྱོང་ཞིང

༢ རང་གྲོལ་ལང་ཚོའི་རྦབ་ཆུ་ལས།

ཁྱོད་ཀྱི་ཆུ་མགོ་གངས་དང་འདྲེས་ཤིང་
ཁྱོད་ཀྱི་ཆུ་སྔ་རྒྱ་མཚོ་འདྲེས་ཡོད་པའི་ཕྱིར
ཁྱོད་ཀྱི་ལོ་རྒྱུས་བཞུར་རྒྱུན་རིང་མོས
ང་ཚོ་ལ་གཟི་བརྗིད་དང་ལ་རྒྱ་གནང་བ་དང
ཁྱོད་ཀྱི་དུས་རབས་ཀྱི་བཞུར་སྒྲ་སྙན་མོས
ང་ཚོ་ལ་སྐུལ་མ་དང་སྟོབས་ཤུགས་བསྩལ་བྱུང

༣ འཇུ་སྐལ་བཟང་གི་མཁའ་འགྲོའི་གཟུགས་རིས་ལས།

མཛེས་སྡུག་དར་གྱི་ཤམ་བུ་ལྷབ་ལྷབ་ཏུ་གཡོ་ཤིང
ལྕུག་ཕྲན་ལུས་ཀྱི་ཟློས་གར་ནམ་མཁའ་ན་བསྒྱུར་བ
ཨེ་མ་མཁའ་ལ་རྒྱུ་བའི་འཆི་མེད་ཀྱི་བུ་མོ
མཛེས་སྡུག་གི་བཞིན་དཔལ
ཉ་གང་གི་ཟླ་དཀྱིལ
དཀྱུས་རིང་གི་ཟུར་མིག
དྲི་ཟའི་འཇོ་སྒེག་འདི་སུ་ཡིས་གནང་བྱུང
མཛེས་སྡུག་སྣ་གཅིག་གི་ཡང་རྩེར་འཕགས་ཀྱང
ཀུན་གྱི་ཉིང་བཅུད་འདི་ཇི་ལྟར་བསྡུས་སམ

༤ ནོར་སྡེའི་ང་ཡི་རྒྱུགས་ཤོག

འཕྲལ་ཡུན་གཉིས་ཕུང་གི་ཆོམ་རྐུན་ཁྱོད་ཀྱིས
ང་ཡི་ལང་ཚོའི་མེ་ཏོག་དེ་བརྐུས་ནས་གང་ལ་འཁྱེར
ང་ཡི་ཚེ་སྲོག་གི་དུས་ཚོད་དེ་འཕྲོག་ནས་ཅི་ཞིག་བྱས
ལྟོས་དང
རྨོངས་བ་ཡི་གཅོག་རོང
མུན་ནག་གི་འོབས་དོང
ཅི་འདྲའི་ཉམས་ང་བ་ཞིག་འདུག་ཨང

༥ དོན་འགྲུབ་དབང་འབུམ

སྤྲིན་ནག་ལང་ལོང་འཁྲིགས་སོང་
རླུང་འཚུབ་འུར་འུར་ལྡིང་སོང
ཁོར་ཡུག་ཀུན་ཏུ་མུན་པས་བསྒྲིབས་ལ
མུན་པའི་ཀློང་དུ་འབྲུག་སྒྲ་འུར་འུར་སྒྲོག
མུན་པའི་ཀློང་དུ་གློག་ཞགས་ཆེམ་ཆེམ་འཁྱུག
འཛིན་མའི་དཀྱིལ་འཁོར་ཡོམ་ཡོམ་འགུལ
ལྗོན་ཤིང་ཚོགས་ཀྱང་ཤིག་ཤིག་འདར
མཐོང་མི་འདུག་སྟེ
དངོས་གནས་མཐོང་མི་འདུག
ཁྱོད་ཉིད་ཤར་ན་ཡོད་དམ་ནུབ་ན་ཡོད
ཤར་ན་སྨུག་པ་ལང་ལ་ནུབ་ན་ས་རྡུལ་འཐིབས
ལྷོན་ན་སྤྲིན་ནག་གཡོ་ལ་བྱང་ན་ན་བུན་འཁྲིགས
ཀྱེ་མ་ཀྱེ་ཧུད

༦ དཔའ་རྩེ

ཁྱེད་ཀྱིས་སྲ་མཁྲེགས་རང་བཞིན་དང་དུ་ལོངས
ཁྱོད་ཀྱིས་འུ་ཚུགས་གཤིས་རྒྱུད་རིང་དུ་དོར
བཅོས་མིན་གྱི་རང་མདངས་ཕྱི་རུ་ངོམས་དང
ཁྱོད་ཀྱི་སྙན་འཇེབས་ཀྱི་ངར་སྐད་གསར་བའི་ཆེད་དུ
ངས་རང་ཉིད་ཀྱི་མགོ་བོ་འདི
གཏུམ   ཤིང   བྱེད   ཀྱང    མོས

༧ ལང་ཚོའི་རྦབ་ཆུ

མ་འོངས་བའི་ལམ་ཁར་
ཀྱག་ཀྱོག་སྔར་བའི་ཆེ་ན་ཡང་
ང་ཚོས
རང་རེའི་མི་རིགས་འདིར
མདུན་བསྐྱོད་ཀྱི་ལམ་གསར་བ་ཞིག་འབྱེད་ངེས་ཡིན
ལྟོས་དང
གྲལ་འགྲིག་པའི་རུ་དཔུང་དེ་ནི
བོད་གངས་ཅན་གྱི་མི་རབས་གསར་བ་རེད
ཉོན་དང
གཟི་བརྗིད་ཀྱི་ལས་འགན
བདེ་སྐྱིད་ཀྱི་འཚོ་བ
འཐབ་འཛིང་གི་གླུ་དབྱངས

༨ ལག་ལྡན་གྱི་མོས་འདུན

ཁོ་བོ་དགུང་ཁའི་མཚམས་སྤྲིན་གྱི་དམར་མདངས་ལས
ཞོགས་པའི་སྐྱ་རེངས་མའི་སྐྱ་མདངས་ཞིག་བགྱིས་ཏེ  མུན་དཔུང་གི་འཇིག་རྟེན་གྱི་ཁམས་ཆེན་པོ
སྐད་ཅིག་གིས་མཐའ་རུ་བདས་ནས
ནང་ཡང
འོད་སྟོང་གི་བདག་པོ་མཁའ་རུ་འདྲེན་འདོད

༩ རེབ་གོང་རྡོ་རྗེ་མཁར་གྱི་གླག་རྒོད་ལས།

ཁྱོད་ལ་འཕུར་རྩལ་ལྡན་པའི་གཤོག་པ་ཡོད
ཁྱོད་ལ་གནམ་འཕངས་གཅོད་པའི་གཤོག་རྩལ་ཡོད
ཁྱོད་ལ་འཇིགས་པ་མེད་པའི་སྙིང་སྟོབས་ཡོད
ཁྱོད་ལ་ལེགས་ཉེས་སྟོན་པའི་བློ་གྲོས་ཡོད
ཁྱོད་ལ་ཡིད་དབང་འཕྲོག་པའི་སྒྲོ་ཐུལ་ཡོད
ཁྱོད་ལ་བསིལ་འཇམ་རླུང་གི་སྐྱོར་མ་ཡོད
ཁྱོད་ལ་འཕུར་ལྡིང་རྩེན་པའི་གནམ་མཁའ་ཡོད
ཁྱོད་ལ་ངལ་གསོ་གནང་བའི་ཚང་མལ་ཡོད
ཁྱོད་ལ་རྒུན་འབུ་འཐུ་བྱེད་མཆུ་སྡེར་ཡོད
ཁྱོད་ལ་ཀུན་ཏུ་ལྟ་བའི་འདྲེན་བྱེད་ཡོད

༡༠ ལྕགས་མོ་མཚོའི་ཡོད་ཚད་སྐྱ་ཐིང་ངེར

འཚོ་བ་ནི་སྨྲ་མི་ཤེས་བའི་མཚན་ཉིད་ཅིག
འདུན་པ་ནི་ཁྲོམ་སྲང་གི་ཕྱག་དར་བཞིན
ཡོད་ཚད་མག་མོག་གི་ཕྱག་དར་བཞིན
ངའི་ཐམས་ཅད་ཀྱི་ཐམས་ཅད་སྐྱ་ཐེང་ངེར

༡༡ ཆས་པ་རྟ་མགྲིན་ཚེ་རིང་གི་དྲོད་ཡལ་བའི་སོར་གདུབ་དེ

དྲན་གདུང་གི་སྡུག་བསྔལ་སེལ་བའི་སོར་གདུབ་དེ
བདག་གི་སྙིང་ཁར་རྦུར་ཚེ
ཁོ་མོའི་མཛུམ་མདངས་མིག་ལམ་དུ་མངོན་ཞིང
ཁོ་མོའི་སྙིང་གཏམ་རྣ་ལམ་དུ་གྲགས་འོངས

༡༢ ལྕགས་མོ་འཚོའི་རེ་སྙེག

འདིའང་གདོད་མའི་སྟོང་འཇགས་ལུང་ཁུག་རེར
ལས་དབང་གི་མིག་ཆུ་འཕྱར་བའི་བུ་མོ་རེ་རེས
མཐིང་མདོག་གི་འཇིག་རྟེན་ཞིག་ལ་རེ་ཞིང་སྙེག
རྨི་ལམ་ནས་རྨི་ལམ་བརྒྱུད
ཡིན་ཡང
ཁ་ཆར་དང་བུ་ཡུག་ཁྲོད
གནག་ཕྱུགས་ཀྱི་འོ་མའི་ཤག་སྒྲའི་བསྐྱར་ཟློས་ནང
ལང་ཚོ་ཡི་མེ་ཏོག་ཡལ
མི་རབས་མང་བོ་ཞིག་འདི་ལྟར་འཁོར་ཞིང་རྒས
མཐིང་མདོག་གི་འཇིག་རྟེན་ཡ
རྒྱང་རིང་གི་ཡུལ་གྲུ
ནམ་ཞིག་ལ
ནམ་ཞིག་ལ
ང་ཚོ་གནས་དེར་ཐོན་སྲིད

༡༣ གནས་ལ་འགྲོ་བའི་བུ་མོ།

གནས་ལ་འགྲོ་བའི་བུ་མོ་ཞིག
གང་ལྟར་དྲན་བྱུང
མཚན་མོ་དེར
ནམ་ལངས་སྐར་ཆེན་གྱི་མིག་ཆུ་འབྱིད་མཁན
གནས་ལ་འགྲོ་བའི་བུ་མོ་གཞན་ཞིག་སྟེ
དྲན་པའི་སྒོ་མོ་རྡུང་ཞོར
བུད་སོང
ང་ལ་བྱ་ཐབས་བྲལ

༡༤ སྨན་བླ་སྐྱབས། དོ་ནུབ་ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔ།

དོ་ནུབ་ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔ
ཟླ་བ་རླུང་གིས་ཁུར་སོང་བ་འདྲ
དོ་ནུབ་སྐར་ཚོགས་ཀྱི་རྫི་མའི་རྩེ་ལ་མིག་ཆུ་འཛུམ
ངུ་སྐད་ཀྱིས་ཅི་ཡང་སག་མ་ནུས་པར
ཁྱོད་ཀྱི
སྦྲའི་ཕ་རོལ་ཏུ་ད་དུང་ཁ་བ་འབབ་དུས
མཁའ་མཐའ་གང་ནས་འོངས་ཤིང་སུ་ཞིག་གི་རེ་ཐག་ཆད

༡༥ ལྗང་བུའི་ཕྱི་རོལ་ཏུ་འགྲོ

ཞག་གང་ལ་གཉིད་མ་ཁུག་པའམ
ཡང་ན
རྨི་ལམ་གྱི་མྱུ་གུ་ག་ས་རུ་འབུས
དམར་དམག་གི་རྦ་རླབས་དང་བཅས་པའི་དུ་སྤྲིན་སྟུག་པོས
སྲང་ལམ་གྱི་ཕར་སྣེ་ནས་ངོ་གདོང་མེད་པའི་མི་ཚོགས་དེད་འོང
བླ་སྲོག་དང་གཟུགས་དབྱིབས
གོ་རིམ་འཆོལ་བའི་སྨྲ་བརྗོད
སྦྲ་ནག་གི་སྨྲེ་བའི་དབྱིངས་ཀྱིས་ཝང་ཝང་འུར་འུར་ཟེར
དྲན་འཛིན་གྱི་གོར་མ་ཉམ་ང་བའི་གཤོག་པར་བརྫུས་ནས་འདར
སྡོད་མི་ཚུགས་པའི་དུས་སུ
ཕྱི་རོལ་དུ་འགྲོ མི་མེད་སའི

༡༦ སྨན་བླ་སྐྱབས་ཀྱི་མཆོད་མེ།

མཆོད་མེ་རྐོང་བུ་གང་གི་ངོགས་སུ
གཡུལ་འཁྲུག་གི་ང་རོ་ཞི་བའི་བྲག་ཅ་ད་དུང་འཁོར་ལ
དུག་གི་སྦྱོར་བའི་མན་ངག་ལྷན་ཐབས་དང་བཅས་པ
སྐྱེས་ཆེན་ཚོའི་རིང་སྲེད་ལས་རྙེད་པས
མཆོད་མེ་རྐོང་བུ་གང་ལ་འཁྱིལ་བའི་ཁྱོད
ཁྲག་ལ་ཞེན་ཅིང་ཁྲག་གིས་འཚོ
འོད་དང་གྲིབ་མའི་མཚམས་ནས
ལྷ་འདྲེ་ངོ་གཉིས་མའི་བཟོ་བཀོད་ལ་འཇོན་པ
ཁྱོད་གཅིག་པུ་ག་ལ་ཡིན་ཡང
ལམ་སྣེ་དེ་ཕྲག་པར་བླངས་པ་ནས
གློ་སྙིང་འདབས་མ་འགྱོད་གདུང་གི་བ་མོས་བཟུང

༡༧ གཅན་མེ་སྟག་གི  དུས་སྐབས་གང་རུང་ཞིག་གི་ངའི་སྣང་བརྙན།

མགྲོན་པོ་སོང་རྗེས
འཁོལ་བཞིན་པའི་ཇ
གློ་བུར་འཁྱག་ཅིང་
དུ་བ་སྔོ་ལྷེམ་ལྷེམ་གྱི
ངོ་གདོང་ཞིག
ཁང་བའི་སྦུག་ནས
གསལ་ལ་མི་གསལ་དུ་མཐོང་
དེའི་དབང་གིས
ཁྱོད་ཤིན་ཏུ་སྐྱོ
རབ་རབ་མག་མོག་གིས
རང་ཉིད་ནི     
སུ་ཞིག་གི་མགྲོན་ཁང་གང་རུང་དུ་བསྐྱུར་བའི
ཐ་མག་སྲེག་འཕྲོ་ཞིག་དང་འདྲ་བ་ཚོར

༡༨ ལྗང་བུའི་རྨི་ལམ།

རྨི་ལམ་གྱི་གཤོག་ཟུང་རྒྱས་པ་ཁོ་ནས
ཁོ་རང་སྟོང་བའི་ཁམས་སུ་སྤུར་ཅིང
མཚོ་ངོས་སུ་འཕྱོ་བའི་གྲུ་གཟིངས་ཆུང་ཆུང
འཇིག་རྟེན་ཕ་མཐའི་ངོགས་སུ
ཐོགས་མེད་དལ་བུར་གཡོ
ཉིན་བྱེད་ཀྱི་པང་དུ་ཞུགས་པས
འཆིང་ཐག་གི་ངོ་བོ་འདྲ་མཚུངས་རྟོགས
གསེར་གྱིས་བྱས་པའི་ཁྲམ་བུ
དར་གྱིས་སྒྲིམ་པའི་ཐ་གུ་ཡང་
ཨ  རང་དབང་དང་འདྲ་མཉམ་ལྟ་བུའི་རྨི་ལམ་ཞིག

༡༩ གཅན་མེ་སྟག་གི་རྨི་ལམ་དུ་སྙན་ངག་མཐོང་བྱུང་།

རྨི་ལམ་དུ་སྙན་ངག་མཐོང་བྱུང་
རྨི་ལམ་དུ
ཨ་ཕའི་སྙིམ་པར་འཚེར་བའི
གསེར་མདོག་གི་ལོ་ཏོག་མཐོང་བྱུང་
ལྷུག་གེར་འཛུམ་པའི་སྙེ་མ་སེར་བོ
མཐོ་ས་ནས་ངའི་སེམས་པ་ཇི་བཞིན་ཕྱོགས་བཞིར་ལྡེམ
རྨི་ལམ
སྐྱོ་གདུང་གི་སྙན་ངག་དབུས་ཀྱི
ཨ་ཕའི་ལག་ཁྱིམ་དུ་རྙེད་པའི
མཛེས་སྡུག་གི་སྤྲིན་པ་དཀར་བོ་ཡིན་ནམ
ངའི་གནས་ཚང་ཇི་བཞིན
འཇམ་ཅག་པའི་སྐྱ་ཀ་ཁྲ་མོ
སྔར་ནས་བཙལ་ཅིང་མ་རྙེད་པའི་ཚོར་བ་དེ་ཡིན

༢༠ ལྗང་བུའི་འབྲོང་ཤི་རྐྱེན།

རྒྱུ་སྐར་གྱི་ཉམ་ང་བའི་འོད་མདངས་ཚོར་དཀའ་ལ
ཁུ་བྱུག་གི་བློ་ཕམ་པའི་འབེལ་གཏམ་ཡང་འཚོལ་དགའ
ཡང་ན
སྐྱ་རེངས་ཀྱི་སྔ་རོལ་དུ་མུན་པའི་སྦུབས་ན
ཁ་བ་ཉིལ  དལ་བ་དལ་བུར
གྲག་མེད་འགུལ་མེད་ངང
ཁ་བ་ནག་པོ་དེ་ཉིད་ཡུན་རིང་བསྒུག་པའི་འབྲོང་རྒོད་དེ་བྲག་ལྕིབས་སུ
ཉལ་བའམ་ཤོག་དཀར་ངོས་ཀྱི་ཡིག་འབྲུའི་འགྲོས་དང་བསྟུན་ཏེ
ངའི་འདུན་པས་ཁྲིད་ནས་ཐག་རིང་དུ་བསྐྱལ་ལ་སླར་ཡང་སུ་ཡི་སེམས་ཁོངས་སུ་ཞུགས

༢༡ གེ་སེར་གྱི་ཉིན་ཞིག་ལ།

ཉིན་ཞིག་ལ
ང་རང་སེམས་ཀྱི་བྲག་རོང་ལ་མཆོངས་ནས
རང་ཉིད་ཀྱི་འདོད་འདུན་ཡོད་ཚད་རྩ་བ་ནས་དོར་སྲིད
མེ་ཏོག་དང་རྩྭ་ལྗང་ཉི་འོད་ཀྱི་རྕེ་འདུན་ཟབ་ས་ནས
ཉིན་ཞིག་ངས་རང་ཉིད་ཀྱི་སྙན་ངག་གི་ལུག་ཁྱི་དེད་དེ
ཁྱོད་སེམས་ཀྱི་སྤངས་ལྗོངས་ངོས་སུ་བག་ཡང་ངང་འཚོ་སྲིད
ཉིན་ཞིག་ལ
ང་ཕ་མཐའ་ཡི་ཕ་མཐའ་ནས་ཕྱིར་ལྷགས་དུས
རང་ཉིད་སྨྲ་བ་ཉུང་བའི་འགྲུལ་བཞུད་པ་ཞིག་གི་ཚུལ་དུ
ཁྱོད་ཀྱི་གྲོང་ཁྱེར་ཀློང་དུ་རྡོག་སྒྲ་ཞིག་གསལ་བོར་འགོད་ངེས

༢༢ གངས་ཞུན་གྱི་ང་དང་མེས་པོའི་སེམས་བསྐྱེད།

འགྲོ་དྲུག་གི་རྒྱལ་ཁམས་སུ་འགྲེ་ལྡོག་ཡང་ཡང་རྒྱག་ཅིང་
ཟུང་འཇུག་མར་མེ་ཙམ་གྱི་དུས་སུའང
ངས་སྔར་བཞིན
འགྲོ་དྲུག་གི་རྒྱལ་ཁམས་སུ་འོ་དོད་ལྷང་ལྷང་འབོད་དགོས་སམ
ཨུ་ཧུད
སྤྱན་རས་གཟིགས
འགྲོ་བའི་ཁམས་ནས
ངས་མ་མྱངས་བའི་ཚ་གྲང་མེད
སྣང་བའི་ཡུལ་ནས
ངས་མ་བརྒྱུད་པའི་གཏམ་རྒྱུད་མེད
ད་ལྟ་ངའི་ལུས་སེམས་རྨ་ཁས་ཁྱབ་ཅིང་
ད་ལྟ་ངའི་བླ་སྲོག་ན་ཟུག་གི་བཟུང་ཚར་ཕྱིར

༢༣ དུར་བུད་རྣམ་གྲགས།   ན་ཟླ་ཚོ  གླུ་ཞིག་ལོངས་དང་།

ན་ཟླ་ཚོ  གླུ་ཞིག་ལོངས་དང
གླུ་ཡི་འབྲུ་དྲུག་ས་ནས་སྨིན
གླུ་ཡི་ཉི་ཞགས་མཁའ་ནས་བརྐྱངས
ཤིན་ཏུ་ཟབ་པའི་གླུ་ཡི་ཆོས་ཉིད་དེར་འཇུས་ནས
འཇིག་རྟེན་ལམ་དུ་བསྙེགས
ཤིན་ཏུ་སྙན་པའི་གླུ་ཡི་བསམ་གཞིགས་དེ་དེད་ནས

༢༤ གང་བུ་དགའ་སྐྱེད་ཀྱི་ལང་ཚོའི་མཆོད་པ་ཞེས་པ་ལས།

ཁྲག་དྲོན་དང་སྙན་ཚིག      མིག་ཆུ་དང་མེ་དཔུང་གིས
འཇིག་རྟེན་འདི་བསྐྱར་དུ་བསྐྲུན་དགོས

༢༥ གངས་ཞུན་གྱི་ཁྱོད་ཀྱང་འགྲོ་རྒྱུ་ཡིན་ནམ་ཞེས་པ་ལས།

མདང་དགུང
ལོ་ངོ་གསུམ་ཙམ་སོན་པའི་བུ་ཆུང་གིས
སྟོད་ཕྱོགས་ནས་ཁ་པར་བཏང་འོང་སྟེ
ཨ་ཕ   ས་འདིར་ཁ་བ་བབས་བྱུང
ང་ཧ་ཅང་གྲང
ས་ཡང་རུབ་འདུག་པས
ང་ངོ་མ་སྐྲག་གི་ཟེར
ཀྱེ་ཧུད  འགྲོ་བའི་ཉི་མ་དངོས་ནས་ནུབ་སོང་ངམ
ནུབ་སོང་ངམ།

༢༦ འཇུ་སྐལ་བཟང་གི་དགེ་འདུན་ཆོས་འཕེལ་ཞེས་པ་པ་ལས།

བདག་གིས་ནི་རབ་རིབ་ཀྱི་ས་སྲོདཅིག་ལ 
ཁྱེད་ལ་ལན་མེད་པའི་འདི་རྟགས་དུ་མ་ལས་གྲུབ་པའི
ལྕགས་ཐག་རིང་བོ་ཞིག་དྲུད་དེ
ས་སྒང་གི་གངས་ཐིག་མཐོ་ཤོས་ལས
དལ་བུར་བཞུད་པ་མཐོང
སྡིག་བོའུ་ཁྲ་རིང་གི་ཁ་ན་འཐིབས་པའི
རྫས་དུད་མོག་པོ་དེ་ཡུན་གྱིས་དྭངས་པ་ན
ཁྱོད་ཀྱི་བང་སོ་དེ
ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ནས་རྙེད་བྱུང

༢༧ ལྗང་བུའི་སྙན་རྩོམ་གཟི་མིག་དགུ་པ་ཞེས་པ་ལས

བརྩེ་དུང་ཁྱོད་ཀྱིས་ཁྱེར་ཆོག
དུས་ཚོད་ཁྱོད་ཀྱིས་ཁྱེར་ཆོག
ཐ་ན་བླ་སྲོག་ཀྱང་ཁྱོད་ཀྱིས་ཁྱེར་ཆོག
འོན་ཀྱང    ནང་མ་སྤྲོ་ཁང་གཅིག་པུ
ང་ལ་འཇོག་རོགས་གནོང

གསུམ་པ། གོང་གི་སྙན་ངག་དེ་དག་གི་བརྗོད་དོན་མདོར་དྲིལ་ན།

        སྐབས་འདིར་བོད་ཀྱི་གསར་སྐྱེས་སྙན་ངག་པ་འགའ་ཞིག་གིས་ཀྱང་རྒྱ་ནག་གི་སྙན་ངག་པ་གྲགས་ཅན་འགར་ལད་ཟློས་དང་འབྲེལ་བོད་ལའང་སྙན་ངག་གསར་བ་ཞིག་གི་མགོ་ཚུགས། གནས་སྐབས་དེའི་རྒྱ་ནག་གི་སྙན་ངག་མང་ཆེ་བའི་བརྗོད་དོན་སྐབས་དེའི་སྔ་རོལ་དུ་བྱུང་བའི་ལྔ་བཞིའི་ལས་འགུལ་གྱི་བསམ་བློའི་རླབས་རྒྱུན་དང་དུས་རབས་ཀྱི་སྙིང་སྟོབས་ཡང་ཡང་བརྗོད་དེ། སྤྱི་ཚོགས་རྙིང་ངོ་རྒོལ།བཙན་འཛུལ་སྲིད་ཇུས་ལ་ངོ་རྒོལ། བཀས་བཀོད་རྒྱུད་འཛིན་ལམ་ལུགས་ལ་ངོ་རྒོལ། ག་ས་གར་ཆ་སྙོམས་ཀྱི་ཕུགས་བསམ་གྱི་སྤྱི་ཚོགས་རིང་ལུགས་གསར་བ་ཞིག་འཛུགས་པར་བརྩོན་པ་ཡིན། སྐབས་དེར་བོད་ལ་མཚོན་ན་ཡང་མི་རིགས་ཀྱི་ལས་སྐལ་དང་དུས་རབས་ཀྱི་འོས་འགན་མི་རབས་གཅིག་གི་ལས་དབང་རང་གི་ཕྲག་ལ་བླངས་ནས་བསམ་བློ་རྒྱ་ཆེ་བ་དང་དུས་རབས་གསར་བའི་གཞོན་ནུ་རྣམས་ལ་སྐུལ་ལྕག་གི་ནུས་པ་ཚད་མེད་ཐོན་པའི་ལང་ཚོའི་རྦབ་ཆུ་ནས་མགོ་བརྩམས། ཁོང་གིས་བོད་རིགས་གཞོན་ནུ་རྣམས་ཀྱིས་་གསར་གཏོད་ཀྱི་སྙིང་སྟོབས། མ་འོངས་བའི་ཕུགས་བསམ། རང་ཉིད་ཀྱི་རེ་འདུན་སོགས་བརྗོད་པའི་རང་མོས་སྙན་ངག་ཆེས་ཐོག་མ་སྤེལ་བ་དང་ལྷན། རིམ་བཞིན་བོད་ཁམས་ཡོངས་ལ་སྙན་ངག་གསར་བ་རང་གི་འདོད་བློ་དང་མཐུན་པར་འབྲི་མཁན་གཅིག་རྗེས་གཉིས་མཐུད་དུ་བྱུང་། འབྲས་བུ་ཅུང་མི་དམན་པ་ཐོབ་པ་དང་ལྷན་རིམ་བཞིན་གཏིང་ཇེ་ཟབ་དུ་གྱུར་ཏེ་མི་སྣའི་ཡིད་ཀྱི་འགྱུར་བ་མཚོན་པའིརང་མོས་སྙན་རྩོམ།གཞན་དབང་འོག་གི་སྐྱོ་གདུང་གི་འཚོ་བ་མཚོན་པའི་རང་མོས་སྙན་རྩོམ།དངོས་པོ་ག་གེ་མོའམ་གྲོགས་ག་གེ་མོ་ཞིག་ལ་ཞེན་ཆགས་པའི་དུང་བརྗོད་སྙན་ངག དགྲ་དང་ཇག  དེ་བཞིན་སྲིད་འཛིན་ལམ་ལུགས་དང་སློབ་གསོའི་ལམ་ལུགས་སོགས་ལ་མ་འཐད་པའི་སེམས་ཀྱི་འགྱུར་བ་མཚོན་པའི་དཔེ་བཀོད་སྙན་ངག  རང་བྱུང་ཁམས་ཆེན་མོའི་ཁྲོད་ཀྱི་ཁ་ཆར་བུ་ཡུག་དང་གློག་དམར། སྤྲིན་དང་ན་བུན་ལ་སོགས་ལ་བཀོད་པ་ཡང་ཤིན་ཏུ་མང་། དེ་ནས་རིམ་བཞིན་གཏིང་ཇེ་ཟབ་ཏུ་ཕྱིན་ཏེ་རི་བྲག་དང་གཅན་གཟན། སྤང་རི་དང་དེར་རྩེན་པའི་རི་དྭགས་ཤྭ་བ་དང་རྒོ་བ། སྤྲ་དང་སྤྲེའུ། ཁུ་བྱུག་དང་འཇོལ་མོ་དེ་བཞིན་གངས་ཆུ་རྫ་ཆུ་ཕུ་ཆུ་ན་ཆུ་དགུ་ཆུ་སོགས་ཀྱི་རྣམ་པ་དང་ཁ་དོག་དབྱིབས་དང་སྐད་སྒྲ་སོགས་འཕྱོར་འབྲི་བྱས་པ་ཡང་ཤིན་ཏུ་མང་བར་སྣང་། དེར་མ་ཟད་ད་དུང་སེམས་ཀྱི་སྐྱོ་བ་མཚོན་པའི་སྙན་ངག་ལྟ་བུར་མཚོན་ནས་བཤད་ན། སྐྱོ་བ་སྐྱེ་བར་སྐྱོ་བ་སྐྱེ་མཁན་ཞིག་དང་སྐྱོ་བ་སྐྱེ་རྐྱེན་གཉིས་ཡོད་དགོས་པ་ལྟར། དཔེའི་སྐྱོ་བ་སྐྱེ་རྐྱེན་ནི་རིམ་པ་ལྟར་ཆར་ཁ་བར་སོང་བ་དང་། རླུང་སྐྱི་བསེར་ཐོན་པ། མཚོ་འཁྱགས་པས་བསྡམས་པ། དགུང་ཉི་མ་ནུབ་པ། ལྷོ་གཡུ་འབྲུག་ཉལ་སོགས། སྐྱོ་བ་སྐྱེ་མཁན་ནི་རིམ་པ་ལྟར་གཡུ་འབྲུག་དང་ཁུ་བྱུག་ངང་བ། སྦྲང་མ། རྨ་བྱ་ལྟ་བུ། ད་དུང་ཕྱི་རོལ་ཡུལ་གྱི་ཆར་སྡོད་བྱེའུ་དང་དེའི་གཤོག་ཟུང་། ཕུག་རོན། སྟོན་རླུང་། དགུན་དུས། རྡུལ་སྨུག འདབ་ཆགས་སོགས་ཀྱི་ཡིད་བརྙན་མང་བོ་ཞིག་འཕྲོ་རིམ་འཕྲོར་བསྟར་ཞིང་། ཡིད་བརྙན་དེ་དག་གིས་དཀའ་སྡུག་དང་སྐྱོ་ངལ། ཕམ་ཉེས་ཕང་སེམས་སོགས་ཀྱི་མའ་དབུགས་ཤིག་ཀྱང་བསྐྲུན་འདུག་པའང་ཤུགས་ནས་ཤེས་ཐུབ།དེ་ལྟར་སྐྱོ་བའི་སྙན་ངག་བརྗོད་མཁན་ཡང་གང་མང་ཞིག་སྣང་། བོད་དམངས་སྲོལ་གྱི་ཁྱད་ཆོས་དང་འབྲེལ་ཏེ་བརྗོད་པའི་སྙན་ངག་ལྟ་བུར་མཚོན་ན། སྔོན་ཆད་ནས་ད་བར་དུ་ལྷ་ས། ཡུམ་བུ་བླ་སྒང་། གཙུག་ལག་ཁང་། པོ་ཏ་ལ་སོགས་བརྗོད་བྱར་བྱས་པའི་སྙན་ངག་དུས་རྒྱུན་མཚམས་ཆད་མེད་པ། དེ་བཞིན་དུ་མི་བུ་གང་དང་གང་ཞིག་ལའང་རང་གི་འཚོ་བའི་ཆུ་རྒྱུན་རིང་མོའི་ཁྲོད་དུ། རིམ་གྱིས་གྲུབ་པ་དང་རིམ་གྱིས་དར་བའི་རིག་གནས་དང་། མི་རིགས་དེ་ཉིད་ཡུན་རིང་དུ་གནས་པའི་འཚོ་རྟེན་སྒོ་ཕྱུགས་རྟ་དང་དྲེལ། ལུག ར་མ། གཡག འབྲི། བེའུ། མཛོ་ལ་སོགས་དང་དེ་བཞིན་དུ་འཚོ་བའི་ལོངས་སྤྱོད་དང་ཕྱི་དགྲ་འགོག་སྲུང་གི་སྐོར་བརྗོད་པ་ཡང་ཤིན་ཏུ་མང་བར་སྣང་། གནའ་དེང་ཀྲུང་ཕྱིའི་སྙན་ངག་པ་ཚད་ལྡན་མང་པོར་ཁེར་རྐྱང་གི་བསམ་བློ་དང་སྐྱོབ་དཀའ་བའི་སེམས་གདུང་གི་རང་གཤིས་ཤིག་ཆག་ནས། འཇིག་རྟེན་དང་འཁོར་བར་ཡིད་ཐང་ཆད་པ་སྙིང་བོ་མེད་པའི་ལྟ་ཚུལ་ལྟ་བུ་བརྗོད་པ་ཤིན་ཏུ་མང་།

བཞི་བ། བོད་ཀྱི་སྙན་ངག་གསར་བར་བཏོན་པའི་རེ་བ་འགའ།

        སྤྱིར་བཤད་ན་བོད་ཀྱི་སྙན་ངག་གསར་བར་འབྲི་ཐབས་གྱི་ཆ།ཚིག་ཉམས་ཀྱི་ཆ། རྒྱན་གྱི་སྤེལ་ཐབས་ཀྱི་ཆ། དཔེར་འགོད་སྟངས་ཆ་སོགས་ཕྱོགས་གང་ཐད་ནས་སྔོན་དང་མི་འདྲ་བའི་འཕེལ་རྒྱས་བྱུང་མོད། བརྗོད་བྱའི་ནང་དོན་གྱི་ཆ་ནས་དུས་སྐབས་མི་འདྲ་བ་གསུམ་གྱི་བྱ་བཞག་དང་མཇུག་འབྲས་ཡང་དང་བསྐྱར་དུ་བཟློས་བཞིན་འདུག  དེ་བས་ན་རྗེས་ཕྱོགས་སུ་ཁྱད་གཞི་གཅིག་ལ་ཁྱད་ཆོས་དུ་མ་བཀོད་ནས་འབྲི་བ།མི་སྣའི་ཕྱི་ནང་གི་རྣམ་པ་བསྡུས་ཏེ་འབྲི་བ། མཆོག་དམན་སྡུར་ནས་འབྲི་བ། གནའ་རྩོམ་གྱི་ཚིག་སྡུད་རྩོམ་ཉམས་ལ་བསླབ་སྟེ་འབྲི་བ། ངོ་མཚར་བའི་གཏམ་ལ་དྲངས་ཏེ་འབྲི་བ། བརྗོད་དོན་ནན་ཏན་དུ་བརྣན་པའི་སྒོ་ནས་འབྲི་བ། རྒྱུ་མཚན་མང་བོ་དཔེ་ཡི་སྒོ་ནས་སྟོན་པར་འབྲི་བ། བསྡུར་ཐབས་སྣ་ཚོགས་ལ་བརྟེན་ནས་མིའི་བསམ་སྦྱོར་ཕུན་སུམ་ཚོགས་པར་འབྲི་བ། ཕྲ་མོའི་བརྡ་ལ་བརྟེན་ནས་རང་གི་འདོན་དོན་ནན་ཏན་གྱིས་ཕ་རོལ་བར་བསྐུལ་ཐུབ་པ། གོང་ལྟར་རྒྱུ་མཚན་དཔེ་ཡི་སྒོ་ནས་སྟོན་པ་གནད་ལ་ཁེལ་བ། སྐད་ཆའི་སྒྱུ་རྩལ་ཕུན་སུམ་ཚོགས་པ། ང་ཚོའི་དུས་རྒྱུན་འཚོ་བའི་ཁྲོད་ན་ཆ་རྒྱུས་ཡོད་པ་དང་དོན་ལ་འབྱོར་བའི་དངོས་པོ་དཔེར་འདྲེན་པ། རྙོག་དྲ་དང་འགལ་འདིའི་ཁེངས་བའི་ལུས་སེམས་ཀྱི་འགུལ་སྐྱོད་རྒྱུད་རིམ་ཐུང་ངུ་ཞིག་ལས་ཀྱང་སྙན་ངག་གི་ཉམས་རྩལ་རྫོགས་ཤིང་དྲན་པའི་ངང་ཚུལ་མཚོན་པ་ཞིག་ཡིན་དགོས།མི་སྣ་ལ་ལུས་ཀྱི་ཉམས་དང་སེམས་ཀྱི་དྲན་ཚུལ། ངག་གི་གཏམ་བརྗོད་ལ་སོགས་ལྡན་པས། སྙན་ངག་ལེགས་པོ་ཞིག་ཡིན་ན་རང་ཉིད་འཚོ་བ་དངོས་ཀྱི་ནང་དུ་ཞུགས་ཡོད་པ་ལྟ་བུའི་འཆར་སྣང་འགོག་མེད་དུ་སྟེར་ཐུབ་པ། མི་རྣམས་ལ་ངོ་མཚར་བ་དང་ཧ་ལས་པའི་སྣང་བ་ཞིག་སྟེར་བ་དང་སྦྲགས། ཚིག་གི་ཉམས་འགྱུར་ཕུན་སུམ་ཚོགས་པ་འདི་སྦྱར་བས་དོན་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པའི་བྲོ་བ་གསར་བ་ཞིག་ང་ཚོ་ཀློག་མཁན་སྤྱི་དང་།སྒོས་སུ་སྙན་ངག་སྨྲ་བའི་དབང་བོ་རྣམས་ཀྱི་རྣ་བའི་བཅུད་དུ་སྨིན།
        སྙན་ངག་ལེགས་པོ་ཞིག་ཡིན་ན་མཛེས་པ་ལ་ངོས་འཛིན་སྟངས། མྱོང་རོལ་བྱེད་སྟངས། བརྡར་ཤ་གཅོད་སྟངས་སོགས་ཕྱོགས་གང་ཐད་ནས་ཀློག་པ་པོ་རྒན་གཞོན་བར་མ་སུ་ཞིག་གིས་བཀླགས་ཀྱང་རང་རང་གི་མྱོང་རོལ་གྱི་རྩལ་དང་འགྲོགས་ནས་སྙན་ངག་གི་བསྐྱེད་པའི་མཛེས་ཉམས་རབ་དང་རིམ་པ་ཞིག་མྱང་དུ་ཡོད་དོ།། དེ་བས་ང་ཚོ་ཚང་མས་རང་འཁྲིའི་ལས་འགན་ལས་མི་གཡོལ་བར་ཕྱར་བ་གྲུ་འདེགས་ཀྱིས་རང་ནུས་གང་ཡོད་འདོན་སྤེལ་གྱིས། རིག་གནས་གསར་བ་འཛུགས་བསྐྲུན་ཐད་ལེགས་སྐྱེས་སྣ་རེ་རེ་ནས་འབུལ་དགོས། མཇུག་ཏུ་ཚང་མས་རང་ནུས་ཡོད་དགུ་བཏོན་ནས་བོད་ཀྱི་སྙན་ངག་གསར་བ་དེ་འཛམ་གླིང་གོ་ལ་ཟླུམ་པོའི་ཡང་སྟེང་ན་འོད་དུ་འཚེར་བའི་མུ་ཏིག་རྡོག་པོ་ཞིག་ཏུ་འགྱུར་བར་བརྩོན་དགོས་སོ།། འབད་དགོས་སོ།།


འབྲེལ་ཡོད་འོས་སྦྱོར།