logo

ནོར་གྱི་ལྕི་བའི་སྐོར་རགས་ཙམ་བཤད་པ།

རྩོམ་པ་པོ།:ལྷ་མོ་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-12 ཀློག་གྲངས།:

ནོར་གྱི་ལྕི་བའི་སྐོར་རགས་ཙམ་བཤད་པ།

        དེ་ཡང་བཀའ་ཆེམས་ཀ་ཁོལ་མ་ལས་འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ་ཞེས་བསྟན་པ་ལྟར་རང་རེ་ཡབ་མེས་དག་གིས་གནའ་སྔ་མོ་ཞིག་ནས་རྨིག་ཐོགས་འབྲོང་གི་རིགས་འདི་རང་གི་སྒོ་ཕྱུགས་སུ་བཏུལ་རྗེས། ཐོག་མར་དེའི་ཤ་ཁྲག་ལོངས་སུ་སྤྱད་པ་དང་། རིམ་བཞིན་དེའི་སྟེང་ནས་རང་གི་འཚོ་བ་ལ་ཉེ་བར་མཁོ་བའི་དངོས་པོ་མང་བོ་ཞིག་སྔོག་འདོན་བྱས་ནས་འཚོ་བའི་དགོས་མཁོ་སྐོང་ཅི་ཐུབ་བྱས་པ་ནི་ང་ཚོས་རྗེས་སུ་དཔག་ཐུབ་པ་ཞིག་རེད། དེ་ཡང་འབྲོང་སྒོ་ཕྱུགས་སུ་བཏུལ་བ་ནི་ང་ཚོའི་ཡབ་མེས་དེ་དག་གི་རླབས་ཆེ་བའི་མཛད་རྗེས་ཤིག་རེད་ཅེས་སུས་ཀྱང་བརྗོད་ཆོག་པ་ཞིག་ཡིན་ཏེ། ནོར་ནག་གཅིག་པུས་ཁྱིམ་ཚང་ཞིག་གི་མགོ་སྦྲ་དང་བཟའ་བཏུང་སོགས་གང་ཅིའི་ཐད་ལ་ལག་ཐོགས་མི་དགོས་པ་ཞིག་མཁོ་སྤྲོད་བྱེད་ནུས་པ་དཔེར་ན། ནོར་གྱི་རྩིད་པ་དང་ཁུ་ལུས་སྦྲ་ནག་གི་སྦྲ་རེ་དང་སྦྲའི་ཐག་ཐིག་སྣ་ཚོགས། དེ་མིན་རྩིད་རྡང་། རྩིད་སྒྲོག འུར་ལྕག་དང་རྩིད་དོམ། རྩིད་སྐུད་སྦོམ་ཕྲ་མང་བོ། ཐིག་ནག ཁུད་རྩིད་ཀྱི་ཕྱིང་གདན། དར་ལྕོག་གི་ཁ་རྒྱུད། གྲུ་གཟིངས་ཀྱི་གཏིང་ཐག འདུ་ཁང་གི་རེ་ཡོལ། ཐ་གུ་སྣ་ཚོགས། སྒྱེ་མོ། སྒྲོག་གི་རིགས་མང་བོ། ད་དུང་ནོར་གྱི་སྐེ་ཐིག་སོགས་འདོག་ཐག་གི་རིགས་མང་བོ་ཞིག་བཟོ་ཐུབ་པ་ལྟ་བུ། ནོར་གྱི་ཀོ་བོས་གནའ་བའི་ཀོ་གྲུ་དང་རྐྱལ་བ། ཀོ་སྒྲོ། ཀོ་འབོག ཀོ་སྒམ། ཀོ་ཏལ། ཀོ་ལྷམ། འབྲེང་ལེབ་དང་འབྲེང་རིལ། སྒ་ཁེབས་དང་ཡག་ཤུན། སྲབ་མདའ་དང་མཐུར་མདའ། ཀོ་སྒྲོག་དང་ཀོ་ཁུག་སོགས་བགྲང་ལས་འདས་པའི་དངོས་པོ་མང་བོ་ཞིག་བཟོ་ནུས། ནོར་གྱི་རྭ་རུས་ཀྱིས་བཟོས་པ་ཆང་རྭ་དང་སྣ་རྭ། ཐུན་རྭ། ཧོམ་རྭ། རྭ་ཐོམ་དང་རྭ་ཁ། རྭ་རྙི་དང་རྭ་གཞུ། ཚྭ་རྭ་དང་རྔུབ་རྭ། རྭ་ཆར་དང་རྭ་སྒྲོག་སོགས་སོ། ། 
        གོང་གསལ་ནོར་ནག་གི་ཕྱི་ལུས་ཀྱི་ཐོན་རྫས་ལ་སྤྱི་བསྡོམས་རགས་པ་ཞིག་བྱས་པ་འདི་ལས་ཀྱང་ནོར་ནག་ནི་ངེས་པ་དོན་གྱིས་རིན་བྲལ་གྱི་ནོར་བུ་ཞིག་ཡིན་པ་ངང་གི་རྟོག་ནུས། འདི་ལ་རྒྱལ་ཁམས་རིག་པས་སྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མར། རྒྱ་གར་བ་རྣམས་ཀྱིས་བོད་ཡུལ་གྱི་ལྟད་མོ་མཚར་བོ་གཉིས་ལ་ནོར་དང་གཏོར་མ་གཉིས་འདྲེན་ཟེར་བ་ལྟར་ནོར་ནི་བོད་མཐོ་སྒང་འདིར་གནས་པའི་ཐུན་མོང་མ་ཡིན་པའི་སྲོག་ཆགས་ཤིག་ཡིན་པ་གསལ་བར་ཤེས་ཐུབ་པ་རེད། ནོར་གྱི་ལུས་སྟེང་ན་ཐོན་རྫས་མང་བོ་ཞིག་ཡོད་པ་མ་ཟད། ཐ་ན་དེའི་བཤང་ལམ་བརྒྱུད་ཡོང་བའི་ལྕི་བས་ཀྱང་འབྲོག་མིའི་འཚོ་བར་ནུས་པ་མི་དམན་པ་ཞིག་འདོན་བཞིན་ཡོད་པས། འདིར་ནོར་གྱི་ལྕི་བའི་སྐོར་ནས་ཅུང་བཤད་པར་འདོད་དེ།
        བོད་ཀྱི་ཁ་དཔེ་ལ་མགོ་ནག་མི་རིགས་བརྟེན་ས་སྤུ་རིགས་དང་དཀར་ནག་ཕྱུགས་རིགས་བརྟེན་ས་རྩྭ་རིགས་ཟེར་བ་ལྟར་ནོར་འདི་ཡང་སྲོག་ཆགས་གཞན་དང་འདྲ་བར་རི་མཐོ་ཞིང་ས་གཙང་བའི་མཐོ་སྒང་གི་གཞིས་ཁྱིམ་འདིར་ཡབ་མེས་ཚོས་སྒོ་ཕྱུགས་སུ་བཏུལ་བ་ནས་བཟུང་རྩྭ་ཆུ་ལོངས་སུ་སྤྱད་ནས་ཡོང་བ་ཡིན་པས་གནས་འདིའི་རྩྭ་ཆུ་ཐམས་ཅད་སྨན་ཡིན་པ་ལྟར་ནོར་ནག་གིས་ཁམ་བུ་གང་རེ་གང་རེ་བྱས་ཟོས་རྗེས་དོར་བའི་ལྕི་བའང་དོན་གྱི་མི་ལ་གནོད་འཚེ་ཅུང་ཙམ་ཡང་མེད་པའི་མཆོག་གྱུར་གྱི་འབར་རྫས་ཤིག་ཡིན་ཕྱིན། འབྲོག་མི་ཚོས་དེ་ལ་བདག་ཉར་དོ་དམ་བཟང་བོ་བྱེད་པ་རེད། ནོར་ནག་གི་ལྕི་བ་དེ་འབྲོག་མིས་གཙོ་བོ་ཟས་གཡོ་སྐོལ་གྱི་འབར་རྫས་སུ་བཀོལ་བ་ལས། གཞན་ད་དུང་དགུན་ཁར་སྦྲ་འདབས་དང་སྦྲ་སྒོ་ལས་འོང་བའི་གྲང་ངར། འཁྱག་རླུང་འགོག་པའི་ལྕི་ར་དང་། སྒོ་ཁྱིའི་ཚང་མལ་དྲོན་པོ་ལྕི་ཁང་། ཤ་ཁང་། བསང་ཁྲི། ཕྱུགས་ར་སོགས་ལས་བར་ལྕི་བ་འདི་ཉེ་བར་མཁོ་བ་ལས། དགུན་ཁར་བྱིས་པའི་རྐང་ལག་འཕྱིད་པ་དྲོས་པར་བྱེད་ནུས་པ་མ་ཟད། འདིའི་འོད་སྣང་ལ་བརྟེན་ནས་འབྲོག་མི་ཚོས་གནའ་ནས་ད་བར་ཕྱིའི་རི་སྤྱང་དང་ནང་གི་རྐུན་ཇག་འགོག་སྲུང་བྱེད་པ་རེད། ད་དུང་འབར་རྫས་རིགས་སོ་སོ་ལ་བེད་སྤྱོད་ཀྱི་གནས་མང་བོ་ཞིག་ཡོད་པ་རྗེས་ནས་འགོད་པར་བྱ།
   ནོར་གྱི་ལྕི་བའི་ཁྱད་ཆོས་ཐད་ནས་ཅུང་བཤད་ན་དེའི་ལྕི་བ་འབར་རྫས་གཞན་དང་མི་འདྲ་བར་མིའི་ལུས་ཕུང་གི་བདེ་ཐང་ལ་གནོད་འཚེ་མེད་པ་དང་། རང་བྱུང་གནམ་གཤིས་ལ་འབག་བཙོག་མི་བཟོ་བ། ཉར་ཚགས་བྱེད་བདེ་བ། མེ་རུ་འབར་སླ་བ། འབར་ཚེ་མེ་ཤུགས་ཆེ་བ། དེས་སྐོལ་བ་དང་སྲེག་པའི་ཟ་མ་མིས་འཐུང་ཚེ་ལྟོ་བར་མི་གནོད་པ་སོགས་ཁྱད་ཆོས་དུ་མ་ལྡན།
   ནོར་གྱི་ལྕི་བས་བཟོ་ནུས་པའི་འབར་རྫས་སྣ་ཚོགས་དང་དེ་དག་གི་མིང་རེ་རེ་ཡང་བོད་དམངས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཡིན་སྟེ། ལྕི་བས་བཟོས་པའི་འབར་རྫས་ལག་ཤེས་དེ་དག་ལ་འབྲོག་མི་རང་གི་ཡུལ་སྲོལ་གོམ་འགྲོས་དང་ཧ་ཅང་མཐུན་པ་དཔེར་ན། བསང་ཁྲི་ལྟ་བུ་ལ་ཆ་མཚོན་ནས་བཤད་ན་སྔོན་ཆད་འབྲོག་པའི་འཚོ་བ་དེ་རྩྭ་གར་ཡོད་དང་ཆུ་གང་བཟང་གི་གནས་སྙེག་ནས་འགྲོ་དགོས་པས་རང་གི་སྐྱེས་ལྷ་གཞི་བདག་དང་ཆོས་སྐྱོངས་སྲུང་མ་ལ་མཆོད་དེ་རང་ཁྱིམ་གྱི་མི་ལ་ན་ཚ་མི་ཡོང་བ་དང་ཕྱུགས་ལ་གོད་ཁ་མི་འབྱུང་བར་བསམ་དོན་ཡིད་བཞིན་འགྲུབ་པའི་སྐྱབས་འཇུག་ཞུ་དགོས་ན་ངེས་པར་དུ་བསང་ཁྲིའི་སྟེང་ནས་ཡར་དཀོན་མཆོག་ལ་མཆོད་པ་འབུལ་དགོས་པས། དབྱར་དུས་སུ་སྤོ་ཐོ་བརྩེགས་ནས་བསང་ཁྲི་བཟོས་ཆོག་མོད། འོན་ཀྱང་དགུན་གཞུང་ས་གཞི་འཁྱག་གིས་བསྡམས་ཡོད་པས། གང་འདོད་དུ་ས་རྐོ་རྡོ་སློག་བྱེད་མི་ཐུབ་པས་ངེས་པར་དུ་ལྕི་ལེབ་དང་ལྕི་སྒོང་ལ་བརྟེན་ནས་སྐབས་བསྟུན་བསང་ཁྲི་བཟོ་དགོས་པ་རེད། དེ་མིན་ལོ་གསར་ཚེ་ལ་ཉེ་སྐབས་མ་སྲུ་ཚོས་རང་རང་གི་ལག་རྩལ་ཡོད་དགུ་བཏོན་ནས་ལྕི་བའི་བསང་ཁྲི་གཞན་ལ་ངོམ་ཆོག་པ་ཞིག་བཟོ་པ་སོགས་ལས་ཕྱོགས་གཅིག་ནས་འབྲོག་མིའི་དུས་བསྟུན་གྱི་འཚོའི་ངོ་བོ་གསལ་ལྷང་ངེར་མཚོན་ནུས་དང་ཕྱོགས་གཞན་ཞིག་ནས་མ་སྲུ་ཚོའི་ཐུན་མོང་མ་ཡིན་པའི་ལག་ཤེས་བཟོ་ལས་དེ་ཡང་གསལ་བོར་མཚོན་ནུས་པ་ཞིག་ཡིན། ལྕི་བས་བཟོས་པའི་འབར་རྫས་ལ་དབྱེ་བ་མང་བོ་ཞིག་ཡོད་པ་ལས་རགས་པ་ཞིག་དབྱེ་ན་རིགས་བཅུ་ཡོད་པ་དང་། དེ་དག་སོ་སོའི་ཁྱད་ཆོས་སོགས་གསལ་བར་བཀོད་ན་གཤམ་གསལ་འདི་ལྟ་སྟེ།
༡ ཁོལ་ལེབ།

        ཁོལ་ལེབ་ནི་ཆེད་དུ་འབར་རྫས་ལ་བཟོས་པའི་ཕྱུགས་ར་སོགས་གྱང་ངོས་སུ་གོར་གོར་ཟླ་འདྲ་བ་བཟོས་ནས་སྦྱར་ཏེ་སྐེམ་པའི་ཅུང་མཐུག་པའི་རིགས་དེ་ལ་ཟེར།
        དེ་ཡང་ཁོལ་ལེབ་བཟོ་བྱེད་ཀྱི་རྒྱུ་གཙོ་བོ་གཡག་དང་འབྲི་ཡི་ལྕི་བ་ཅུང་ཆེན་པོ་གསར་དུ་བཏང་བ་དེ་ཡིན་དགོས་པ་ལས་བེའུ་སོགས་ཀྱི་ལྕི་རུག་རིལ་མོས་ལེགས་པོ་ཞིག་འཁྱོངས་དཀའ། ནོར་ལྕི་གཅིག་གམ་གཉིས་ཀྱིས་ཁོལ་ལེབ་གཅིག་བཟོ་ཆོག དེ་གྱང་ངོས་སུ་ཤེད་ཤུགས་ཀྱིས་སྦྱར་རྗེས་ལེབ་ལེབ་ཙམ་བྱས་པས་ཆོག ཁོལ་ལེབ་གོར་མོ་རེ་རེའི་ངོས་སུ་མ་སྲུ་ཚོའི་མཛུབ་མོ་རེ་རེ་ཡི་རྗེས་ཤུལ་སྣ་ཚོགས་གསལ་ལྷང་ངེར་ཡོད། ཁོལ་ལེབ་བཟོ་བའི་དུས་ཀྱི་ཆ་ནས་བཤད་ན་གཙོ་བོ་དགུན་ཁའི་དུས་ཡིན། དགུན་ཁའི་དུས་ཀྱི་ལྕི་བ་དབྱར་གཞུང་གི་ལྕི་བ་དང་མི་འདྲ་བར་ཅུང་སྲ་མོ་ཡིན་པས་ཁོལ་ལེབ་བཟོས་རྗེས་དབྱིབས་མི་འགྱུར་བར་གྱང་ངོས་སུ་བརྟན་པོར་འདུག་ཐུབ། ཁོལ་ལེབ་ལ་འབར་ཡུན་རིང་ཞིང་འབར་ཤུགས་ཆེ་བ། ད་དུང་དུས་ག་ཙམ་ཞིག་ལ་བཞག་ཀྱང་ལྕི་འབུའི་རིགས་ཀྱིས་གནོད་པ་བཟོ་མི་ནུས་པ་སོགས་ཀྱི་ཁྱད་ཆོས་ལྡན་ནོ། །
༢ ཁོལ་ཤོག

        ཁོལ་ཤོག་ནི་གསར་དུ་བཏང་བའི་ནོར་ལྕི་མང་བོ་ལྷས་འདབས་ཀྱི་ཐང་བདེ་སའམ། ཡང་ན་ཆར་ཆུ་དང་ལྷས་ཆུའི་བཞུར་ལམ་མིན་པའི་ས་བདེ་མོ་ཞིག་ཏུ་བླུགས་རྗེས་བཟོས་པའི་ཤོག་བུ་ལྟར་སྲབ་པའི་འབར་རྫས་རིགས་ལ་ཟེར།
        ཁོལ་ཤོག་དེ་གཙོ་བོ་དབྱར་ཁར་བཟོ་བ་ཞིག་ཡིན། དེ་ཡང་འབྲོག་མོ་ཚོས་ལྕི་བ་རློན་པ་རེ་རེ་ལག་མགོར་འཁྱེར་ནས་ལྷས་འདབས་སུ་འཕངས་རྗེས་པུས་མོ་གཉིས་ས་ལ་བཙུགས་ཤིང་དཔུང་ལག་གཡས་པའི་སྤར་མོས་འདོམས་གང་རེ་གང་རེ་གཡས་ཕྱོགས་ནས་གཡོན་ཕྱོགས་སུ་ས་ལ་ཤོག་བུ་བཞིན་གླེབས་སྦྱོར་བྱེད་ཞོར་རང་ལུས་མུ་མཐུད་དུ་ཕྱི་ནས་ཕྱི་རུ་ནུར་དགོས། ཁོལ་ཤོག་གི་དབྱིབས་ལ་ཟླུམ་ཟླུམ་དང་འཇོང་འཇོང་། ནར་ནར། ད་དུང་གྲུ་བཞི་སོགས་བདག་མོའི་བློས་བསླངས་ཀྱི་འགྱུར་བ་ལྟར་གང་འདོད་འདོད་བྱས་ཆོག་པ་རེད། དེའི་ཁྱད་ཆོས་གཙོ་བོ་ནི་འབར་སླ་བ་དང་ལྗིད་ཚད་ཡང་བས་ཉར་ཚགས་བྱེད་བདེ་བ། དུས་ཡུན་ཐུང་བའི་ནང་དུ་སྐེམ་ཐུབ་པ་སོགས་ཉེར་མཁོའི་འབར་རྫས་མཆོག་གྱུར་ཞིག་ཡིན།
༣ ལྕི་སྤུངས།

ནོར་གྱི་ལྕི་བའི་སྐོར་རགས་ཙམ་བཤད་པ།

        ལྕི་སྤུངས་ནི་ནོར་གྱི་ལྕི་རློན་མང་བོ་ལྷས་འདབས་ཀྱི་ཐང་ཡང་ས་ཞིག་ཏུ་སྤུངས་པའི་འབར་རྫས་རིགས་ཤིག་ཡིན།
        དེ་གཙོ་བོ་དབྱར་དུས་བཟོ་བ་ཞིག་སྟེ། དུས་འདིར་ལྕི་བ་འབུ་ཡིས་རིགས་མང་བས་ཟ་སླ་བས་ལྕི་སྤུངས་ནི་དབྱར་གྱི་ལྕི་བ་ཉར་ཚགས་བྱེད་པའི་ཐབས་ལམ་བཟང་བོ་ཞིག་ཀྱང་ཡིན། ལྕི་བ་རེ་རེ་ཕྱོགས་གཅིག་ཏུ་སྤུངས་རྗེས་དེས་ལྕི་སྤུངས་ཤིག་གྲུབ་ཡོད། ལྕི་སྤུངས་ཀྱི་ཆེ་ཆུང་དང་དབྱིབས་གཟུགས་སོགས་ལ་མངོན་གསལ་གྱི་གཏན་ཁེལ་ཞིག་མེད་པས་འབྲོག་མོ་ཚོས་གང་འདོད་དུ་བཟོ་ཆོག་པ་རེད། ལྕི་སྤུངས་དེ་འབྲོག་པའི་མཚེར་ཤུལ་དུ་བཞག་ནས་ཕྱི་ལོ་རུ་ཕྱིར་གནས་དེར་སླེབས་ན། དབྱར་དགུན་སྟོན་དཔྱིད་ཀྱི་ཉི་འོད་དང་གྲང་རླུང་གིས་དེ་དག་འབར་ཤུགས་ཆེ་བའི་འབར་རྫས་མཆོག་གྱུར་ཞིག་ཏུ་བཏང་ཡོད། མ་སྲུ་ཚོས་དེའི་བརྩེགས་མ་རེ་རེ་བླངས་ནས་ལྕགས་ཁེམ་གྱིས་དུམ་བུར་བཏང་ནས་ཡང་བསྐྱར་སྐེམ་ཚེ། དེ་ནི་མཚེར་གསར་གྱི་འབར་རྫས་མེད་དུ་མི་རུང་བ་ཞིག་ཡིན། དེའི་ཁྱད་ཆོས་གཙོ་བོ་ནི་འབར་ཡུན་རིང་བ་དང་མེ་ཤུགས་ཆེ་བ་བཅས་སོ། །
༤ ཨོང་སྤུངས།

        ཨོང་སྤུངས་ནི་འབྲོག་མོ་ཚོས་དབྱར་དགུན་སྟོན་དཔྱིད་དུས་བཞིར་ཨོང་བ་སྐམ་པོ་རྣམས་ཁོལ་ལེབ་དང་ལྕི་སྒོང་གི་ཨོང་རའི་ནང་དུ་བླུགས་རྗེས་ལྕི་རློན་འཇམ་པས་ཁྱོན་ཧྲིལ་བོ་ངོས་སྙོམ་པར་གླེབས་སྦྱོར་བྱས་ཏེ་ཉར་ཚགས་བྱེད་པའི་ཨོང་བའི་མཛོད་དེ་ལ་ཟེར།
        དེ་ཡང་ཨོང་སྤུངས་ཀྱི་རྒྱུ་ཆར་རུང་བ་ལྕི་སྒོང་དང་ལྕི་ལེབ་བམ་ཁོལ་ལེབ། ལྕི་ཐོ་དང་ལྕི་རུག་སོགས་གཞི་གཅིག་སྤུངས་པ་ལས་གྲུབ་ཡོད་ལ། དེའི་དབྱིབས་གཟུགས་ཀྱི་ཆ་ནས་ནར་ནར་དང་གྲུ་བཞི། ད་དུང་མཆོད་རྟེན་གྱི་དབྱིབས་དང་འདྲ་བ་སོགས་མང་བོ་ཡོད། འབྲོག་ཕྱོགས་སུ་འདི་ལྟ་བུའི་ལུགས་སྲོལ་ཞིག་ཡོད་དེ། ཁྱིམ་ཚང་དེའི་སྒོ་ཁའི་ཨོང་སྤུངས་ཀྱི་ཆེ་ཆུང་དང་མང་ཉུང་སོགས་ཀྱིས་ཁྱིམ་དེའི་བདག་མོར་ལག་ལས་ཀ་ཅི་ཙམ་ཡོད་པ་གཏན་ཁེལ་བྱེད་པས། ཁྱིམ་དེར་མནའ་མ་གསར་བ་ཞིག་ཡོང་རྗེས་ཨ་ནེས་ཀྱིས་ཐོག་མར་མནའ་མར་ཨོང་སྤུངས་བཟང་བོ་ཞིག་རྒྱག་དགོས་ཚུལ་སྐོར་ནས་ཁ་ཏ་ནན་མོ་བྱེད་པ་ཡིན་ཕྱིན། མནའ་མོས་ཀྱང་དུས་རྒྱུན་ལས་ཀའི་ཁྲོད་དེ་གཙིགས་ཆེན་དུ་འཛིན་པ་རེད། འབྲོག་པའི་མ་སྲུ་ཚོས་རུ་ཁ་ཁྱིམ་མཚེས་བར་ནས་ཨོང་སྤུངས་ཀྱི་ཆེ་ཆུང་སོགས་ལ་འགྲན་བསྡུར་བྱེད་པའི་སྲོལ་དེ་གནའ་ནས་ད་ལྟའི་བར་མ་ཉམས་པར་ཡོད། ཨོང་སྤུངས་ཤིག་རྒྱག་པ་ནི་དུས་ཡུན་ཅུང་རིང་བའི་ལས་ཀ་ལྕི་མོ་ཞིག་ཡིན་པས་འབྲོག་མོ་ཚོས་སྔོན་བརྒྱབས་ཟིན་པའི་ཨོང་སྤུངས་དེ་ལ་བདག་ཉར་ལེགས་པོ་བྱེད་པ་རེད། ཨོང་སྤུངས་དེ་དག་དུས་བཞིའི་མཐོ་སྒང་གི་ཉི་མའི་འོད་ངོགས་ནས་ཡུན་གྱིས་སྐེམ་པ་ཡིན་པས། དེ་འབར་སླ་བ་དང་འབར་ཤུགས་ཆེ་བ། འབར་ཡུན་རིང་བ། འབར་ཚར་བའི་ཐལ་ཡང་སྨན་དུ་སྲེས་ཆོག་པའི་ཁྱད་ཆོས་ལྡན་ནོ། །
༥ ལྕི་རུག
 

         ལྕི་རུག་ནི་བེའུ་དང་ཡ་རུ་སོགས་ཀྱིས་བཏང་བའི་མིས་ལས་སྣོན་ཅི་ཡང་མ་བྱས་པར་བསྐམས་ཡོད་པའི་འབར་རྫས་རིགས་ལ་བྱ།
        དེ་དག་སྒྱེ་མོའི་ནང་དུ་བཏུས་ནས་ཕྱོགས་གཅིག་ཏུ་སྤུངས་ཏེ་དུས་ཡུན་རིང་བོར་བཞག་རྗེས་ལུག་གི་རུལ་མ་ལྟར་འབར་སླ་ཞིང་ཁྱིམ་ལ་དྲོད་མྱུར་མོར་རྒྱས་སུ་འཇུག་ཐུབ་པའི་ཁྱད་ཆོས་ལྡན།
༦ ཨོང་ལུད།

        ཨོང་ལུད་ནི་ལོ་དུ་མར་སྤུངས་བའི་ཨོང་སྤུངས་ཀྱི་ཨོང་རྡོག་རེ་རེའི་གཙུབ་བརྡར་དང་སྐྱི་བསེར་རླུང། དེ་མིན་ལྕི་འབུ་སྣ་ཚོགས་ཀྱིས་ཕྱེ་མར་བཟོས་པའི་ཆ་དེ་ལ་ཟེར།
        དེ་ཡང་འབྲོག་མོ་རྣམས་ཀྱིས་དུས་རྒྱུན་ཨོང་བ་ལེན་སྐབས་ཨོང་ལུད་རྣམས་ཨོང་སྤུངས་ཀྱི་ཕྱོགས་གཅིག་ཏུ་སྤུངས་རྗེས་དགུན་དུས་ས་གཞི་འཁྱག་པས་བསྡམས་རྗེས་ཐབ་ཀ་དང་འབུམ་ཁང་། བསང་ཁྲི་སོགས་བགྱི་བྱེད་ཀྱི་ས་དཀར་དེ་དག་ཨོང་ལུད་ཀྱི་མེ་དྲོད་ལ་བརྟེན་ནས་ལོན་པ་ཡིན། དེ་ལས་གཞན་ཁྱི་རྒན་ཉལ་ས་དང་ཁྱི་མོ་ཚང་ལོག་མའི་དྲོད་སྐྱིད་ཀྱི་འབོལ་གདན་བྱས་ཆོག སྔོན་ཆད་རྩྭ་ཐང་གི་བུད་མེད་སུ་ལ་ཕྲུ་གུ་བཙའ་དུས་ཀྱང་མེད་དུ་མི་རུང་བའི་རྫས་མཆོག་ཅིག་ཏུ་བརྩི། ད་དུང་དེ་ལ་དུག་སེལ་དང་བརླན་ལེན་པའི་ནུས་པ། སྣུམ་ལེན་པ་སོགས་ནུས་མང་བོ་ཞིག་ཡོད།
༧ ཨོང་སྐྱ།

        ཨོང་སྐྱ་ནི་བྱོལ་སོང་ནོར་གྱིས་གནས་གཞན་ཏེ་སྤང་ཐང་སོགས་ནས་གང་འདོད་དུ་བཏང་བའི་ལྕི་རློན་རྣམས་རིམ་གྱིས་དབྱར་གྱི་ཆར་ཆུ་དང་དགུན་གྱི་གྲང་རླུང་། ཉི་འོད་བཅས་ཀྱི་འོག་ནས་བསྐམས་པོར་གྱུར་ཏེ་མདོག་སྐྱ་བོར་གྱུར་བའི་འབར་རྫས་རིགས་ལ་ཟེར།
        དེ་ནི་རྩྭ་ཐང་གི་སྤང་ཁུགས་སོགས་ནས་མཐོ་སྒང་གི་ཉི་མའི་འོད་སྣང་ལ་བརྟེན་ནས་སྐམ་པ་ཡིན་པས་འབར་ཤུགས་ཆེ་ཞིང་འབར་ན་མྱུར་བའི་ཨོང་བའི་རིགས་མཆོག་ཏུ་གྱུར་བ་ཞིག་ཡིན།
༨ ལྕི་རློན།


        ལྕི་རློན་ནི་ནོར་གྱིས་གསར་དུ་བཏང་བའི་ལྕི་བའི་རིགས་དེ་ལ་ཟེར། དེར་དབྱེ་ན་གཡག་ལྕི་དང་འབྲི་ལྕི། ད་དུང་བེའུའི་ལྕི་བ་སོགས་མང་བོ་ཡོད་པ་དེ་དག་ཆེ་ཆུང་གི་སྟེང་ནས་གསལ་བོར་དབྱེ་བ་ཡིན། ལྕི་རློན་དེ་དག་རྩྭ་ཐང་གི་བྱིས་པ་རྣམས་ཀྱིས་རང་རང་གི་བསམ་ཚུལ་ལྟར་རྟ་ནོར་ལུག་གསུམ་དང་གནམ་གྲུ། མཚོ་གྲུ། རླངས་འཁོར་ཆེ་ཆུང་སོགས་རྩེད་ཆས་བཟོ་བྱེད་ཀྱི་རྒྱུ་ཆ་བཟང་བོ་ཞིག་ཡིན། ད་དུང་འབྲི་མོའི་སྒལ་གཞུང་དུ་ལེབ་ཀྱིས་སྦྱར་ནས་གཡག་རྒོད་ཀྱི་འདོད་ཆགས་འགོག་པ་དང་འབྲི་མོའི་ནུ་མར་འགོ་རུ་བཅུག་ནས་ཡ་རུར་ནུ་མཚམས་འཇོག་ཏུ་འཇུག་པ་སོགས་དང་། དེ་ཉི་མའི་འོད་ཀྱིས་བསྐམས་ཚེ་མདོག་ནག་པའི་འབར་རྫས་རིགས་ཤིག་ཏུ་གྱུར་འགྲོ་བ་རེད། དེ་ཡང་གོང་གསལ་ཨོང་སྐྱ་ལྟ་བུའི་ཁྱད་ནུས་ལྡན་ནོ། །
༩ ལྕི་སྒོང་།
        ལྕི་སྒོང་ནི་དགུན་དུས་སུ་ལྕི་རློན་ཧྲིལ་བོ་འཁྱག་རེངས་སྲ་མོར་བཏང་བ་དེ་ལ་ཟེར། ཕལ་ཆེ་བ་འབྲི་གཡག་གི་ལྕི་བ་ཆེན་པོ་ཏག་ཏག་ཡིན། དེ་འབྲོག་མོ་རྣམས་ཀྱིས་ཨོང་སྤུངས་རྒྱག་སྐབས་ཨོང་ར་ལས་སྤྱད་ཀྱི་རྒྱུ་གལ་ཆེན་ཞིག་ཡིན། རིམ་གྱིས་དཔྱིད་དང་དབྱར་གྱི་དུས་ལ་སླེབས་ཚེ་དེ་དག་སྐམ་པོ་སྲ་མོར་གྱུར་ཡོད་པས་འབར་རྫས་མཆོག་གྱུར་ཞིག་ཡིན་ལ། དེར་ཨོང་བ་དམར་ཟི་མའང་ཟེར། འབར་ཧ་ཅང་སླ་བས་མེ་གསོ་བྱེད་དེ་ལས་བཟང་བ་ཞིག་མེད་པས། འབྲོག་པ་རྣམས་ཀྱིས་རི་བསང་ཕུལ་དུ་འགྲོ་སྐབས་བསང་རྫས་ཞོར་ཉུང་ཙམ་ཞིག་བཟུང་ནས་འགྲོ་བའི་སྲོལཡོད།
༡༠ ལྕི་ཁང་།
        ལྕི་ཁང་ནི་ལྕི་རློན་མང་བོ་གཞི་གཅིག་ལ་བརྫིས་རྗེས་ལྕི་ལེབ་གྲུ་བཞི་ཆེན་པོ་བཟོས་ནས་འཁྱག་རེངས་སུ་གྱུར་རྗེས་དེའི་བཟོས་པའི་ཁང་བ་ཆུང་ཆུང་དག་ལ་གོ སྔོན་ཆད་དེ་ནི་ཁྱིམ་ཚང་གི་དགུན་ཤ་འཇོག་ས་དང་རི་དྭགས་སྲམ་འཛིན་བྱེད། སྒོ་ཁྱིའི་དགུན་མལ་གྱི་ལྕི་ཁང་སོགས་རིགས་མང་བོ་ཞིག་ཡོད། དེ་ལ་གྲང་རླུང་འགོག་པའི་ནུས་པ་ཧ་ཅང་ཆེན་པོ་ཞིག་ལྡན་ནོ། །
        གོང་ནས་ལྕི་བའི་རིགས་མི་འདྲ་བ་བཅུའི་ཁྱད་ཆོས་སོགས་ཅུང་ཙམ་བཤད་ཚར་བས། འདི་ལས་ནོར་གྱི་ལྕི་བ་ནི་རང་བྱུང་ཁམས་ལས་བྱུང་སྟེ་ཕྱིར་རང་བྱུང་ཁམས་ལ་གནོད་འཚེ་ཅུང་ཙམ་ཡང་མི་བྱེད་པའི་འབར་རྫས་མཆོག་གྱུར་ཞིག་ཡིན་པ་གསལ་བོར་ཤེས་ནུས་སོ། ། དེ་ཡང་བོད་གངས་ཅན་གྱི་ཡུལ་དུ་ཡི་གེ་བྱུང་འཕེལ་གྱི་པ་བརྗོད་པ་རིག་པའི་སྒྲོན་མེ་ལས་སྔོན་གྱི་ཚེ་བོད་ཁྱིམ་ཐམས་ཅད་རི་ལ་སྡོད་ཅིང་བྲག་རྫོང་བཙན་པོར་གནས་བཅས་ཏེ་རི་གནས་སྲོག་ཆགས་དང་ནགས་སྐྱེ་ཤིང་ཏོག་ལ་བརྟེན་ནས་སྤྱི་འདུས་ཀྱི་འཚོ་བ་རོལ་བའི་སྐབས། གནམ་ནས་ཐོག་བརྒྱབ་པ་དང་ས་གཞིར་ཤིང་གཙུབས་པ་ལས་མེ་བྱུང་བ་ལ་ཐོག་མར་དངངས་ཤིང་སྐྱི་གཡའ་སྟེ་ཅར་རེར་བསྡད། ཕྱིས་རིམ་གྱིས་མེའི་རིང་བཞིན་ལ་རྒྱུས་ལོན་གསལ་བོར་བྱུང་བ་ན་དགྲ་འགོག་རང་སྐྱོབ་ཀྱི་མཚོན་ཆ་གལ་ཆེན་ཞིག་ཏུ་བཟུང་ནས་མེ་རྒྱུན་མི་ནུབ་པར་གཅེས་གསོ་བྱས་ཞེས་བསྟན་པ་ལྟར་རང་རེའི་ཡབ་མེས་དག་གིས་ཀྱང་མེས་བཀོལ་ཤེས་པ་ནས་རིམ་གྱིས་ཨོང་བའི་འབར་རྫས་འདི་བཀོལ་སྤྱོད་བྱས་ནས་ཡོང་བ་ཡིན་པས་ཁོ་ཚོས་བཟའ་བཏུང་གཡོས་སྦྱོར་བྱེད་སྐབས་རང་བྱུང་ཁམས་ཀྱི་སྐྱེས་དངོས་སྣ་ཚོགས་ལ་གནོད་པ་ཅུང་ཙམ་ཡང་བྱེད་མི་དགོས་པར་མཆོག་གྱུར་ཐོན་རྫས་འདི་བཀོལ་བ་ཡིན་པས། གནའ་མི་དེ་དག་ཚེ་ཐག་རིང་ཞིང་ལུས་ཕུང་བདེ་ཐང་ཡིན་ཚུལ་དེང་སང་ང་ཚོ་ཧ་ལས་དགོས་པའི་ཚད་ལ་སླེབས་ཡོད་པའང་ཆུང་བྱིས་པའི་དུས་ནས་སྨན་སྣ་མང་བོ་ཞིག་གི་ངོ་བོ་གཅིག་ཏུ་འདྲེས་པའི་འབར་རྫས་འདིའི་དུ་བ་དང་འདིའི་མེ་ཤུགས་ལ་བརྟེན་ནས་གཡོ་སྐོལ་བྱས་པའི་ཟའི་རིགས་སྤྱད་པས་ཡིན་པར་འདོད། དེ་བས་ང་ཚོའི་མི་རིགས་འདི་ལ་དང་བོ་ནས་རང་བྱུང་ཁམས་ལ་སྲུང་སྐྱོབས་བྱེད་པའི་འདུ་ཤེས་ཧ་ཅང་བཟང་བོ་ཞིག་ཡོད་སྟབས་ད་ལྟ་འཛམ་གླིང་ཡོངས་ནས་མདོ་དབུས་མཐོ་སྒང་འདི་ཆེས་མཇུག་མཐའི་རྨ་ཁ་མེད་པའི་ས་སྒང་ལ་བརྩི་བཞིན་ཡོད་པའང་གནད་འདི་དང་འདི་ལྟ་བུ་ལ་རེག་ལས་ཡོད་སྙམ། ཨོང་བའི་འབར་རྫས་འདིས་སྔོན་གྱི་འབྲོག་མིའི་འཚོ་བར་ནུས་པ་ཅི་འདྲ་ཐོན་ཡོད་སུས་ཀྱང་བཤད་མ་དགོས་པའི་གནས་ཤིག་ཡིན་ལ། དེང་གི་དུས་འདིར་ཡང་འབྲོག་པ་འཚོ་སྡོད་བྱས་ཡོད་པའི་ས་ཆ་སོ་སོ་ནས་རྡོ་སོལ་སོགས་རིན་གོང་དཀའ་བའི་འབར་རྫས་རིགས་དེ་དག་ཉོ་མི་དགོས་པར་སྔར་བཞིན་འདི་ཉིད་བཀོལ་བཞིན་ཡོད་པས།འདིས་ཀྱང་འབྲོག་པའི་དཔལ་འབྱོར་ཐད་ལ་ནུས་པ་མི་དམན་པ་ཞིག་ཐོན་ཡོད་པ་གདོན་མི་ཟའོ། །  དེ་ན་ང་ཚོའི་འཚོ་བའི་གྲུ་ཟུར་རེ་རེ་ན་འདི་དང་འདི་ལྟ་བུའི་རིན་བྲལ་གྱི་དངོས་པོ་དང་རིག་གནས་མང་བོ་ཞིག་ཡོད་པས་དེ་དག་རང་ནུས་གང་ཡོད་ཀྱིས་སྔོག་འདོན་བྱེད་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བའི་བྱ་བ་ཡིན་པར་འདོད་དོ། །


འབྲེལ་ཡོད་འོས་སྦྱོར།