logo

རང་རྒྱལ་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་གནས་བབས་སྐོར་རོབ་ཙམ་གླེང་བ།

རྩོམ་པ་པོ།:བཀྲ་ཤིས་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-29 ཀློག་གྲངས།:

རང་རྒྱལ་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་གནས་བབས་སྐོར་རོབ་ཙམ་གླེང་བ།
       —《སློབ་དང་ཁྲིད་ཀྱི་གཞུང་པ》།

        སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་ནི་རང་རྒྱལ་ལ་མཚོན་ན་ཧ་ཅང་གལ་ཆེ་བའི་སློབ་གསོ་སྤེལ་བའི་བརྒྱུད་རིམ་ཉག་གཅིག་རེད། སློབ་མ་ཞིག་ལ་མཚོན་ན་སློབ་གྲྭ་ཆུང་འབྲིང་འགྲིམས་སྐབས་སློབ་གསོ་ཡག་པོ་ཞིག་ཡོད་མེད་དེ་ཐད་ཀར་ཁོའི་མི་ཚེ་ཡི་རྒྱལ་ཕམ་ལ་རག་ལས་ཀིན་འདུག ཡིན་ནའང་། དེང་སྐབས། ཕྱི་ནང་གི་རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་རང་རྒྱལ་གྱི་སློབ་གསོ་སྤྱིའམ་ནང་སྒོས་སུ་སློབ་གྲྭ་ཆུང་འབྲིང་གི་ཁྱབ་ཁོངས་སུ་སྤེལ་བའི་སློབ་གསོའི་རྩ་དོན་མང་པོ་ཞིག་དོན་དངོས་དང་མི་འཚམས་པའི་སྣང་ཚུལ་ཡང་བྱུང་ཀིན་འདུག  ཡང་གཅིག་བརྗོད་ན། སློབ་གསོའི་ཁ་དབྱངས་དང་ལག་ལེན་དངོས་བར་ལ་བར་ཐག་རིང་བོ་ཞིག་ཡོད་འདུག་བསམ།  ཞོལ་དུ་གནད་དོན་འགའི་ཐད་ནས་ཅུང་ཟད་གླེང་བར་བྱ།
 

གཅིག རྒྱུ་བརྟེན་གསོ་སྐྱོང་གི་རྩ་དོན་སྐོར།

 
        ལོ་ངོ་ཉིས་སྟོང་ལྷག་གི་ཡར་སྔོན་དུ། རང་རྒྱལ་རྒྱ་མི་རིགས་ཀྱི་སློབ་གསོའི་མེས་པོ་རུ་འབོད་པའི་ཁུང་ཙི་ནི་རྒྱུ་བརྟེན་གསོ་སྐྱོང་གི་སློབ་གསོའི་ཐབས་ལམ་ལ་ཤིན་ཏུ་མཁས་ཤིང་དེ་ལག་བསྟར་བྱེད་མཁན་གྱི་སྔོན་བྱིན་དམ་པ་ཞིག་རེད། ཁོས་སློབ་མའི་བྱེ་བྲག་གི་ཁྱད་ཆོས་གཞིར་བཟུང་ནས་སློབ་གསོ་སྤེལ་བས། ཕུལ་དུ་བྱུང་བའི་དངོས་སློབ་མང་པོ་བྱུང་།  དེ་བས།ང་ཚོར་འདིའི་ཐད་ཀྱི་སྲོལ་རྒྱུན་ཡོད་ལ། ང་ཚོས་སློབ་གསོའི་ཐབས་ལམ་འདིར་གོ་བའང་ཡག་པོ་ཞིག་ལེན་ཐུབ་ངེས་ཡིན། དེ་ནི་དགེ་རྒན་གྱིས་སློབ་མ་ལ་སློབ་ཁྲིད་བྱེད་པའི་སྐབས་སུ་སློབ་མའི་དོན་དངོས་སམ་རང་སྟེང་གི་ཆ་རྐྱེན་གཞིར་བཟུང་ནས་བྱེ་བྲག་གི་གནས་ཚུལ་བྱེ་བྲག་གི་བྱེད་ཐབས་ཀྱིས་ཐག་གཅོད་བྱས་ཏེ། སློབ་མ་རེ་རེས་རང་རང་གི་ད་ཡོད་རྨང་གཞིའི་སྟེང་རང་སྟེང་གི་ནུས་པ་སྔར་ལས་ལྷག་པར་ཚུར་མངོན་པར་བྱ་རྒྱུ་དེ་རེད། དེའི་རྐྱེན་གྱིས་སློབ་གསོའི་བྱེད་ཐབས་འདིས་དགེ་རྒན་རྣམས་ལ་དམིགས་བསལ་གྱི་ཆ་རྐྱེན་འགའ་བཏོན་ཡོད་དེ།
༡ གཏིང་ཟབ་པའི་སྒོ་ནས་སློབ་མར་རྒྱུས་ལོན་དང་ཞིབ་འཇུག་བྱ་དགོས།
༢ རྒྱུ་བརྟེན་གསོ་སྐྱོང་དང་གཅིག་གྱུར་འཆར་འགོད་མཉམ་དུ་སྤེལ་དགོས།
༣ ཡང་དག་པའི་སྒོ་ནས་སློབ་མའི་མི་སྒེར་ཁྱད་ཆོས་ལ་བརྩི་འཇོག་བྱ་དགོས།
༤ སློབ་མའི་སྒེར་ཚུགས་ཀྱི་གཤིས་ཀ་གཞིར་བཟུང་ནས་གསོ་སྐྱོང་གི་བྱེད་ཐབས་མང་པོ་བཀོལ་དགོས།
        ཡིན་ནའང་དོན་དངོས་ཀྱི་སློབ་གསོའི་བརྒྱུད་རིམ་ཁྲོད། ང་ཚོས་འདི་ལྟར་སྒྲུབ་ཐུབ་ཀྱིན་མི་འདུག ཅུང་ཚད་ལས་བརྒལ་བའི་སྡོམ་ཚིག་ཅིག་བཀོད་ན། ང་ཚོས་སློབ་ཆུང་འགྲིམས་པ་ནི་སློབ་འབྲིང་འགྲིམས་པའི་ཆེད་དང་། སློབ་འབྲིང་འགྲིམས་པའང་མཐར་གཏུགས་ན་སློབ་ཆེན་འགྲིམས་པའི་ཆེད་རེེད། མདོར་ན་ཡོད་ཚད་རྒྱུགས་ཀྱིས་བཀོད་སྒྲིག་བྱེད་བཞིན་ཡོད། རང་རྒྱལ་ལ་མཚོན་ན། རྒྱགས་ལེན་པའི་རྣམ་གྲངས་ཀྱང་ཧ་ཅང་མང་པོ་ཞིག་མཆིས། ཁྱོད་ཀྱིས་ཡིད་ཚིམས་པའི་སྐར་འབྲས་ཤིག་ལེན་སྙམ་ན། ངེས་པར་དུ་རང་ཉིད་ཀྱི་དགའ་ཁ་འཁྱེར་ཕྱོགས་རིང་དུ་དོར་ནས་རྒྱལ་ཁབ་ཀྱི་གཅིག་གྱུར་རྒྱུགས་གཞིར་ནན་གྱིས་འཇུག་དགོས། འདི་ལྟ་བུའི་གནོན་ཤུགས་དང་ཚད་མཐོའི་གཅིག་གྱུར་གྱི་སློབ་གསོ་སྒྲུབ་སྟངས་གཙོས་པའི་སློབ་གསོའི་ཁོར་ཡུག་ཅིག་གི་འོག་ཏུ་དངོས་ཡོད་དོན་དངོས་ཀྱི་རྒྱུ་བརྟེན་གསོ་སྐྱོང་གི་བྱེད་ཐབས་འདི་ལག་བསྟར་བྱེད་རྒྱུ་ནི་ཤིན་ཏུ་ནས་ཀྱང་ཁག་པོ་འདུག
        “རྒྱུ་བརྟེན་གསོ་སྐྱོང་དང་གཅིག་གྱུར་འཆར་འགོད་མཉམ་དུ་སྤེལ་དགོས།”དང་“རྒྱལ་ཁབ་ཀྱི་གཅིག་གྱུར་གཏན་འབེབས་གཞིར་བཟུང་ནས་སློབ་གསོའི་དམིགས་འབེན་དང་འཆར་གཞི་ལག་བསྟར་བྱེད་དགོས”(《སློབ་དང་ཁྲིད་ཀྱི་གཞུང》ཤོག་ངོས༩༠)འདི་ནི་རྒྱུ་བརྟེན་གསོ་སྐྱོང་གི་བྱེད་ཐབས་ལག་ཏུ་བསྟར་བའི་སྔོན་འགྲོའི་ཆ་རྐྱེན་རེད། ཡིན་ཡང་སྐད་ཆ་འདིས་སློབ་མའི་མི་སྒེར་གྱི་དགའ་ཕྱོགས་དང་ཁྱད་ཆོས་གཞི་བཅོལ་ནས་སློབ་གསོ་སྤེལ་དགོས་པའི་ཆ་ཡེ་ནས་གླེང་མི་འདུག  འདི་ལྟ་བུའི་སློབ་གསོའི་སྒྲིག་བཀོད་ནི་ཧ་ཅང་རྙོག་འཛིང་ཅན་ཞིག་ཡིན་ལ། འདི་ལྟ་བུའི་སློབ་གསོའི་བྱེད་ཐབས་བརྒྱུད་འབྲས་བུ་བཟང་བོ་ཞིག་ལེན་རྒྱུ་ནི་ཧ་ཅང་དཀའ་བར་སྣང་།
 

གཉིས། དགེ་སློབ་ཕྱོགས་གཉིས་ཀྱི་གོ་གནས་དང་འབྲེལ་བ།

 
        རང་རྒྱལ་ལ་མཚོན་ན། དགེ་རྒན་གྱི་སྤྱི་ཚོགས་སྣང་བརྙན་ནི“ཤེས་རིག་གི་འབྱུང་ཁུངས། བདེན་ལུགས་ཀྱི་བདག་པོ། སྤྱི་ཚོགས་རིན་ཐང་གི་ཚབ་བྱེད”བཅས་རེད། གདེང་འཇོག་འདིས་ཚད་ཧ་ཅང་མཐོན་པོའི་སྒོ་ནས་དགེ་རྒན་གྱི་ལས་གནས་ནི་རླབས་ཆེན་ཞིག་ཡིན་པ་ཁག་ཐེག་བྱས་ཡོད་པ་རེད། འདི་ལྟ་བུའི་གདེང་འཇོག་གི་ཚད་གཞི་ནི་སུས་ཀྱང་ཚབ་བྱེད་མི་ཐུབ་པ་ཞིག་རེད། དེ་བས། དགེ་རྒན་དང་སློབ་མའི་བར་གྱི་འབྲེལ་བ་ནི་ནམ་ཡང“སྟེར་དང་ལེན”གྱི་རྣམ་པ་ཞིག་ཆགས་ཡོདཔ་རེད། དེའི་རྐྱེན་གྱིས་ང་ཚོའི་སློབ་མས་གནའ་བོའི་ཞི་ལ་རྒྱལ་ཁབ་ཀྱི་བསམ་བློ་བ་གྲགས་ཅན་ཞིག་སྟེ། ཡཱ་ལི་ཧྲི་ཏོ་དིས་གསུངས་པའི“ང་དགེ་རྒན་ལ་དགའ་མོད། དྲང་བདེན་ལ་དེ་བས་ཀྱང་དུངས”ཞེས་པའི་སྐད་ཆ་ལྟ་བུ་ཞིག་གཏན་ནས་བཤད་མྱོང་མེད་ལ་བྱུང་ཡང་མི་སྲིད། རང་རྒྱལ་དུ། སློབ་མ་དགེ་རྒན་ལས་བརྒལ་བའི་ལོ་རྒྱུས་བཤད་རྒྱུ་ཉུང་ལ། ཡོད་པའང་ཧ་ཅང་མངོན་གསལ་དོད་པོ་ཞིག་མ་རེད། དེའི་རྒྱུ་རྐྱེན་ནི་སློབ་མའི་མིག་ལམ་དུ་དགེ་རྒན་ནི་ནམ་ཡང“ཤེས་རིག་གི་འབྱུང་ཁུངས། བདེན་ལུགས་ཀྱི་བདག་པོ། སྤྱི་ཚོགས་རིན་ཐང་གི་ཚབ་བྱེད”བཅས་རེད། དེའི་ཕྱིར། སློབ་མར་དགེ་རྒན་ལས་བརྒལ་འདོད་ཀྱི་འདུ་ཤེས་སྐྱེས་མི་སྲིད་ལ། གདེང་འཇོག་འདི་ལྟ་བུ་ལས་བརྒལ་རྒྱུ་ནི་ངོ་མས་བློས་མི་དཔོགས་པ་ཞིག་ཀྱང་རེད། “སློབ་མའི་མི་སྒེར་གྱི་ཁྱད་ཆོས་རྒྱུས་ལོན་བྱེད་པ་ནི་སློབ་གསོ་སྤེལ་བའི་བརྒྱུད་རིམ་ཁྲོད་གང་དེའི་གཞི་རྩའི་ཁྱད་ཆོས་ཁྱད་གསོད་བྱེད་པ་མིན་པར། ཁྱད་ཆོས་དེའི་རྨང་གཞིའི་སྟེང་གང་དེའི་མི་མངོན་པའི་སྟོབས་ཤུགས་ཚད་མཐོན་པོས་སྔོག་འདོན་བྱེད་པ་དེ་རེད།” (《སློབ་དང་ཁྲིད་ཀྱི་གཞུང》ཤོག་ངོས༡༡༩)དོན་དངོས་ཀྱི་འཚོ་བའི་ཁྲོད། ང་ཚོས་འདི་ལྟར་སྒྲུབ་ཐུབ་ཀྱིན་མི་འདུག ང་ཚོའི་དགེ་རྒན་རྣམས་ནི་ཧ་ཅང“མཆོག་ཏུ་གྱུར་བ”ཞིག་ཡིན་པས། ཁོ་ཚོས་སློབ་མའི་བྱེ་བྲག་གི་ཆར་དེ་འདྲའི་དོ་སྣང་མི་བྱེད་ལ། ཁོ་ཚོའི“མཆོག་གྱུ་”གྱི་འགན་གཅིག་པུ་ནི་ཐད་ཀར་དུ་རང་ཉིད་ཀྱི་ཤེས་ཡོན་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་སློབ་མར་བརྒྱུད་སྒྲོག་བྱ་རྒྱུ་དེ་རེད།

གསུམ། བསླབ་གནས་ཀྱི་སྒྲིག་བཀོད་དང་སློབ་ཁྲིད་ཀྱི་ཐབས་ལམ་སྐོར།

        “བསླབ་གནས་ཀྱི་སྒྲིག་བཀོད་དང་ལྷག་པར་དུ‘སློབ་ཁྲིད་ཀྱི་འཆར་གཞི’དང‘སློབ་ཁྲིད་ཀྱི་ཁྲིད་བྱང་ཆེན་མོའི’གཏན་འབེབས་ནི་སྲིད་གཞུང་གི་གནད་དོན་ཅིག་ལས་རིག་གཞུང་གི་གནད་དོན་ཞིག་ཏུ་བརྩི་རུ་མེད་པ་འདྲ་ཞིང་། ཡང་ན་སློབ་གསོ་རིག་པའི་ཆེས་མཐའ་མཇུག་གི་འགན་བབས་ནི་སྲིད་གཞུང་གི་ཡིག་ཆ་དེ་གཉིས་ལ་གོ་བ་ཇི་ལྟར་ལེན་རྒྱུ་དང་ལག་ལེན་དུ་ཇི་ལྟར་བསྟར་རྒྱུ་དེ་ཡིན་པ་འདྲ། འདི་ལྟར། རིག་གཞུང་གི་དགོས་མཁོ་དང་སྲིད་ཕྱོགས་ཀྱི་ཐག་གཅོད་གཉིས་ཕན་ཚུན་ཅུང་རྒྱབ་འགལ་གྱི་རྣམ་པ་འདིས་ཚད་ངེས་ཅན་ཞིག་གི་སྟེང་བསླབ་གནས་སྒྲིག་བཀོད་ཀྱི་ཚན་རིག་རང་བཞིན་དང་དམངས་གཙོ་རང་བཞིན་ལ་བཀག་རྒྱ་ངེས་ཅན་ཞིག་བཟོས་ཡོད།” (《སློབ་དང་ཁྲིད་ཀྱི་གཞུང》ཤོག་ངོས༡༧༠)ངས་བསམ་ན་སྐད་ཆ་འདིར་དོན་སྙིང་ཆེན་པོ་ཡོད་འདུག ད་ལྟ་བཀོད་སྒྲིག་བྱས་པའི་བསླབ་གནས་ཀྱི་སྒྲིག་བཀོད་དང་བཀོལ་བཞིན་པའི་སློབ་དེབ་མང་ཆེ་བས་སློབ་མ་ཚོའི་འདོད་བློ་སྐོང་ཐུབ་ཀྱིན་མི་འདུག ང་ཚོས་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ཚད་མཐོའི་གཅིག་སྡུད་ཀྱི་སློབ་གསོ་སྤེལ་སྟངས་དེས་སྐབས་ལ་རེར་གཞི་རིམ་དང་མཐའ་འཁོབ་ཀྱི་སློབ་གསོའི་གནས་སྟངས་ལ་དོ་ཁུར་ཆེར་བྱེད་ཀྱིན་མི་འདུག་སྙམ། དེར་བརྟེན། ང་ཚོར་དགོས་གལ་ཆེ་བ་ནི“གང་ལ་གང་འཚམ”གྱི་སློབ་གསོའི་ཁ་ཕྱོགས་དེ་རེད། རང་རྒྱལ་དུ། སློབ་གྲྭ་ཆུང་འབྲིང་གིས་རྒྱུན་དུ་བཀོལ་བའི་སློབ་ཁྲིད་ཀྱི་ཐབས་ལམ་ནི་བཤད་ཁྲིད་དང་བཤད་འགྲེལ་གཉིས་རེད། ཁྲིད་ཐབས་རིགས་འདི་གཉིས་ཀྱིས་ཆ་རྐྱེན་ངེས་གཏན་ཞིག་གི་འོག་ཏུ་སློབ་མ་ལ་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་སྤྱི་ཁོག་ནས་ཤེས་བྱའི་མ་ལག་འདོན་སྤྲོད་བྱེད་པར་ཕན་ཐོགས་ཅུང་ཡོད་ནའང་། ཁྲིད་ཐབས་འདིའི་རིགས་ཀྱིས་སློབ་མ་ནི་སློབ་ཁྲིད་བྱ་བའི་གོ་རིམ་ཁྲོད་ཀྱི་གཙོ་གནད་དུ་བཟུང་མི་འདུག་པར“སྣང་བརྙན་ཕལ་བ”ཞིག་ཏུ་བཞག་ཡོད་འདུག  དགེ་རྒན་གྱིས་ཁྲིད་ཐབས་འདིའི་རིགས་སྤྱོད་སྐབས། སློབ་མས་སློབ་ཁྲིད་ལ་ཉན་པའི་མྱོང་ཚོར་ལ་བསམ་བློ་གཏོང་ཀིན་མེད་ལ། དེ་བས་ཀྱང་དགེ་རྒན་གྱི་གཙོ་ཁྲིད་ནུས་པ་དང་སློབ་མའི་རང་རྟོགས་ཀྱི་འདུ་ཤེས། སྤྲོ་སེམས་འཕེལ་བའི་རང་བཞིན་ཅན་སོགས་ཚགས་དམ་པས་མཉམ་སྦྲེལ་བྱེད་ཐུབ་ཀྱིན་མེད་པས། སློབ་ཁྲིད་བྱེད་ཐབས་འདི་ཁོ་ན་སྤྱད་ན“འཆད་ཁྲིད”ཀྱི་རྣམ་པ་རྐྱང་རྐྱང་ཞིག་ཏུ་གྱུར་ཡོད། དེའི་ཕྱིར། ང་ཚོས་ཡོད་ཚད་སློབ་མར་ཁ་ཕྱོགས་ནས་ནུས་ཤུགས་གང་ཡོད་ཀྱིས་ཁ་བརྡའི་རང་བཞིན་དང་གྲོས་སྟུར་རང་བཞིན། མཉམ་སྒྲུབ་རང་བཞིན། འཆར་སྟོན་རང་བཞིན་བཅས་ཀྱི་སློབ་ཁྲིད་བྱེད་ཐབས་སྣ་མང་བཀོལ་རྒྱུ་ནི་མིག་སྔར་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་རེད་སེམས།
 

བཞི། སློབ་དང་ཁྲིད་ཀྱི་གདེང་འཇོག་ཚད་བཞིའི་སྐོར།

 
        དགེ་རྒན་གྱི་སློབ་ཁྲིད་སྤུས་ཚད་ལ་གདེང་འཇོག་ཡང་དག་ཅིག་བྱེད་རྒྱུ་ནི་བྱ་བ་གལ་ཆེན་ཞིག་རེད། དེ་ལ་སློབ་ཁྲིད་ཀྱི་རྣམ་འགྱུར་དང་ནུས་པ། ཐབས་བཀོད། འབྲས་བུ་སོགས་ཕྱོགས་མང་པོ་ཞིག་འདུས་ཡོད། རང་རྒྱལ་དུ། དགེ་རྒན་ཞིག་གི་སློབ་ཁྲིད་ཀྱི་རྒྱུ་སྤུས་ལ་ལྟ་ཞིབ་དང་རྒྱུས་ལོན་བྱ་སྐབས། དུས་རྟག་ཏུ་མཐའ་མཇུག་གི་འབྲས་བུ་ཁོ་ན་གཙིགས་སུ་འཛིན་གྱིན་ཡོད། འབྲས་བུ་དེའང་མདོར་ན་སློབ་མའི་རྒྱུགས་འཕྲོད་ཚད(མཐོ་རྒྱུགས་དང་འབྲིང་རྒྱུགས་གཙོས)དམ་སྐར་གྲངས་ཀྱི་མཐོ་དམའ་ཁོ་ནས་འཇལ་གྱིན་ཡོད། འདིས་ཏག་ཏག“རྒྱུ་སྤུས་སློབ་གསོ་ཁྱབ་བརྡལ་དུ་གཏོང་བ་ནི་རང་རྒྱལ་རྨང་གཞི་སློབ་གསོའི་བཅོས་བསྒྱུར་གྱི་ནང་དོན་གལ་ཆེན་ཞིག་དང་མྱུར་བར་ལག་ཏུ་བསྟར་དགོས་པའི་རྩ་དོན་ཞིག་རེད། རྒྱུ་སྤུས་སློབ་གསོ་ནི་ཕྱོགས་ཡོངས་འཕེལ་རྒྱས་དང་། ཐུན་མོང་དང་མི་སྒེར་འཕེལ་རྒྱས་ཀྱི་རྣམ་པ་ཟུང་འབྲེལ་བྱེད་པའི་སློབ་གསོའི་ཁ་ཕྱོགས་ཤིག་རེད”ཅེས་པ་དང་གཏན་ནས་འགལ་ཡོད་པ་རེད། འདི་ལྟ་བུའི་དགེ་རྒན་གྱི་གདེང་འཇོག་དེས་སྐབས་མང་པོར་ཡར་ཕྱོགས་ཀྱི་སྒེར་ཚུགས་རང་བཞིན་ལྡན་ཞིང་སློབ་གསོའི་མིག་རྒྱང་ཅུང་རིང་བའི་དགེ་རྒན་མང་པོ་ཞིག་གཞོམ་ཅི་ཐུབ་བྱེད་བཞིན་ཡོད། གོང་གསལ་དང་འདྲ་བར།ང་ཚོས་སློབ་མ་ཚོའི་སློབ་སྦྱོང་གི་རྒྱུ་སྤུས་ལ་གདེང་འཇོག་བྱེད་སྐབས་ཀྱང་གཙོ་བོ་སྐར་འབྲས་ཁོ་ན་གཙིགས་སུ་འཛིན་ཀྱིན་ཡོད། འདི་ལྟར་བྱས་ན།དངོས་ཐོག་བདེན་འཚོལ་ངང་དགེ་སློབ་ཕན་ཚུན་གྱི་ནུས་པའམ་ཕྱོགས་ཡོངས་ཀྱི་ཆུ་ཚད་ལ་གདེང་འཇོག་ཡང་དག་པར་བྱས་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ཧ་ཅང་ཚབས་ཆེ་ཞིང་སྣ་གཅིག་ལ་ཕྱོགས་པའི་སློབ་གསོའི་ཁ་ཕྱོགས་ཏེ་ཅུང་ལོག་ལམ་གྱི་ཆར་འགྲོ་བའང་གདོན་མི་ཟ། དེར་བརྟེན། ང་ཚོས་ཚན་རིག་དང་དངོས་ཡོད་ཟུང་དུ་སྦྲེལ་ནས་དགེ་སློབ་ཀུན་གྱི་ཕྱོགས་ཡོངས་སྤུས་ཚད་ལ་དཔྱད་འཇོག་བྱ་རྒྱུ་ནི་གནད་དམ་པའོ།།


འབྲེལ་ཡོད་འོས་སྦྱོར།