གཙང་ཁུལ་གྱི་གཞས་དང་ཚིག་རྒྱག་རགས་བསྡུས་ཉ་མོ་འགུགས་པའི་ལྕགས་ཀྱུ།
གཙང་ཁུལ་གྱི་གཞས་དང་ཚིག་རྒྱག་རགས་བསྡུས་ཉ་མོ་འགུགས་པའི་ལྕགས་ཀྱུ།
རྣམ་གླིང་རིན་ཆེན་གྱིས་བསྡུས།
རང་ཅག་བོད་མི་རིགས་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ཞིང་རིག་གནས་རྒྱ་ཆེ་ལ་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། སྔ་མོ་ནས་གླུ་གར་གྱི་རྒྱ་མཚོ་ཞེས་པའི་མཚན་སྙན་གྱི་བ་དན་དྲི་བཞོན་བཞིན་རི་ཀླུང་ལ་ཁྱབ་ཅིང་འབྲུག་སྒྲ་ཇི་བཞིན་གང་སར་མཆེད་བཞིན་ཡོད། སྤྱིར་བོད་ཡུལ་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གི་ཡུལ་ལུང་ཚང་མར་རང་རང་གི་དམངས་ཁྲོད་ཀྱི་གླུ་གར་དང་ཚིག་རྒྱག གཏམ་དཔེ། ལྷ་སྒྲུང་། ལ་གཞས། གཏམ་རྒྱུད། ངག་རྒྱུན། ཁ་མཚར་སོགས་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཀྱི་རིག་གནས་དུ་མ་ཡོད་ལ། དེ་དག་གངས་ལྗོངས་གཙུག་ལག་གི་ལྷ་ལམ་ཡངས་མོའི་ངོས་སུ་འོད་ཟེར་གྱི་གཟི་བྱིན་ཕྱོགས་བཅུར་འབར་བཞིན་ཡོད།
དེང་གི་སྤྱི་ཚོགས་སུ་བོད་ཀྱི་དམངས་ཁྲོད་གླུ་གཞས་དང་ཚིག་རྒྱག་སོགས་བསྡུ་སྒྲིག་དང་དེ་དག་ལ་ ཞིབ་འཇུག་དང་དཔྱད་པ་གཏོང་བའི་མཐོ་རླབས་གསར་པ་ཞིག་འཕྱུར་བཞིན་འདུག་ལ། དམངས་ཁྲོད་རྩོམ་རིག་སྐོར་གྱི་དུས་དེབ་ཀྱང་སྒྲིག་རྩོམ་བྱས་ཡོད་དེ། དཔེར་ན། 《མང་ཚོགས་སྒྱུ་རྩལ》དང་། 《སྤང་རྒྱན་མེ་ཏོག》 《བོད་ཀྱི་རྩོམ་སྒྲིག་སྒྱུ་རྩལ》། 《གངས་རྒྱན་མེ་ཏོག》ལ་སོགས་པའི་དམངས་ཁྲོད་ཀྱི་དུས་དེབ་མང་དག་ཅིག་མིག་གིས་རིག་ཐུབ་པ་ནི་ཧ་ཅང་གི་དགའ་འོས་པའི་དོན་དག་ཉག་གཅིག་ཏུ་འཁུམས་སོ།།
སྤྱིར་གཞས་དང་ཚིག་རྒྱག་ནི་བོད་ཀྱི་དམངས་ཁྲོད་ཀྱི་སྐྱེད་མོས་ཚལ་ན་མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ཆུན་པོ་ཞིག་དང་། མང་ཚོགས་ཀྱི་དགའ་བསུ་བྱེད་པའི་སྒྱུ་རྩལ་ཁྱད་འཕགས་ཤིག་ཡིན་པས། དེར་མང་ཚོགས་རང་བཞིན་ལྡན་པ་ནི་སྨྲ་མི་དགོས་སོ།། ད་རེས་ཁོ་བོས་བོད་ཀྱི་དམངས་ཁྲོད་རིག་གནས་ལ་སྲི་ཞུའི་ཚུལ་དུ་གཙང་ཁུལ་གྱི་གཞས་དང་ཚིག་རྒྱག་འགའ་ཤས་རགས་བསྡུས་བྱས་ཡོད། དེར་གཙང་ཁུལ་ནས་ཡོང་བའི་སློབ་མ་སྐལ་བཟང་བདེ་སྐྱིད་དང་། ①བོད་ལྗོངས་རྣམ་གླིང་རྫོང་གི་རྨོ་བོ་ཚེ་རིང་གཡང་སྐྱིད་ལགས། ② དེ་བཞིན་གཞིས་ཀ་རྩེ་སོགས་སུ་གྲགས་ཆེ་བའི་གཞས་དང་ཚིག་རྒྱག་འགའ་ཞིག་བསྡུ་སྒྲིག་བྱེད་ཁུལ་བྱས་ཡོད།
དེ་ཡང་གཙང་ཁུལ་གྱི་ཚིག་རྒྱག་ལ་བརྗོད་བྱའི་ནང་དོན་ཐད་ནས་བཤད་ན། གཞན་ལ་ཟུར་ཟ་སུན་འབྱིན་དང་། གཞན་གྱི་མཚང་འདྲུད་པ་དང་། རང་བསྟོད་གཞན་སྨོད་བྱེད་པ་སོགས་ཀྱི་བརྗོད་དོན་དེ་དག་དཔེ་རུ་དྲངས་ནས་ཉན་མཁན་ལ་གད་མོ་སློང་བ་དང་སྤྲོ་སྣང་སྦྱིན་པ་དང་། ནང་དོན་དངོས་ཡོད་འཚོ་བ་དང་ཐག་ཉེ་བར་གྱུར་ནས་མིའི་དགའ་སྐྱོ་ཆགས་སྡང་གི་བསམ་པའི་ཚོར་འདུ་དྲག་པོ་དང་བརྩེ་དུང་ཟབ་མོ་མཚོ་ཡི་རྦ་རླབས་ཇི་བཞིན་བསྟན་ནུས་པ་ཡིན་ལ། རྗོད་བྱེད་ཚིག་སྦྱོར་ཆ་ནས་བཤད་ན། ཚིག་སྦྱོར་ཁ་གསལ་ཞིང་གོ་བདེ་ བ་དང་རྣ་བར་སྙན་ཞིང་གསོན་ཉམས་ལྡན་པ་དང་། རྩེད་མཚར་གྱི་ཉམས་དང་ལྡན་ཞིང་། ཚིག་འགའ་རེ་རྣོ་ཞིང་གནད་དུ་འབིགས་པ། དཔེ་རྒྱན་དང་རབ་རྟོག་རྒྱན། བསྡུས་བརྗོད་རྒྱན། རང་བཞིན་བརྗོད་པའི་རྒྱན་སོགས་བོད་རང་གི་ཁྱད་ཆོས་ལྡན་པའི་སྙན་ངག་གིས་རྒྱན་གྱིས་བཅིངས་པ་ཤུགས་ཆེ་བ་ཡིན་ལ། མདོ་སྨད་དུ་དར་ཁྱབ་ཆེ་བའི་གླུ་ཤགས་འདི་ཚེག་བར་བརྒྱད་དང་ལྡན་པ་ཤས་ཆེ་ལ། ཁྱད་ཆོས་ནི་ཚིག་རྒྱག་དང་ཆ་འདྲ་བ་སྟེ ③ཞེས་དབུས་གཙང་དུ་དར་ཁྱབ་ཆེ་བའི་ཚིག་རྒྱག་དང་མདོ་སྨད་དུ་དར་ཁྱབ་ཆེ་བའི་གླུ་ཤགས་གཉིས་ཕར་ཆེར་མཚུངས་པ་ཡིན།
གཞས་ནི་དབུས་གཙང་ཕྱོགས་ཀྱི་གནས་སོ་སོར་དར་ཁྱབ་ཆེ་བའི་ཡུལ་གླུ་ཞིག་སྟེ། ངལ་རྩོལ་མི་དམངས་ཀྱི་དགའ་སྐྱོ་ཆགས་སྡང་དང་ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས། ཐོན་སྐྱེད་ངལ་རྩོལ་བཅས་སྤྱི་ཚོགས་སྣང་ཚུལ་མཐའ་དག་མཚོན་པའི་ཚིགས་བཅད་བརྩམས་ཆོས་ཐུང་ངུ་ཞིག་ཡིན ④ཞེས་པ་ལྟར་ཡིན་ལ། གཙང་ཁུལ་དུ་དར་ཁྱབ་ཆེ་བའི་གཞས་དང་ཚིག་རྒྱག་གཉིས་ཕལ་ཆེ་བ་ཤོ་ལོ་ཀ་གཅིག་གིས་གྲུབ་པ་ཡིན་ལ། ཤོ་ལོ་ཀ་གཅིག་ལ་ཚིག་རྐང་བཞི་ཡིས་གྲུབ་ཅིང་། ཚིག་རྐང་སོ་སོའི་ཚེག་བར་མང་ཉུང་མཚུངས་པ་ཡིན་ལ། ཚིག་གི་ཆ་ཡ་སྡེབ་སྟངས་འདྲ་བ་ཡིན་ཏེ། ཚིག་རྐང་སོ་སོར་ཡིག་འབྲུའམ་ཚེག་བར་དྲུག་གིས་གྲུབ་པ་ཡིན་པ་དང་། ཚིག་ཆ་གསུམ་གྱིས་གྲུབ་པ་མང་བ་ཡིན། དེ་མིན་གཞས་དང་ཚིག་རྒྱག་དེ་དག་ལ་དབྱངས་རྟ་ངེས་ཅན་ཞིག་ལྡན་པ་དང་། དབྱངས་ཀྱི་འགྱུར་ཁུག་ངེས་ཅན་ལྡན་པས་རྣ་བར་སྙན་ཞིང་འཇེབས་ལ་ཡིད་དབང་འཕྲོག་པའི་ཁྱད་ཆོས་དུ་མ་ལྡན་ཡོད་དོ།།