logo

ལས་བྱ་དང་སྦྱང་བྱའི་ཁྱད་པར་རགས་ཙམ་གླེང་བ། ཚེ་དབང་རིག་འཛིན།

རྩོམ་པ་པོ།:ཚེ་དབང་རིག་འཛིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-26 ཀློག་གྲངས།:

ལས་བྱ་དང་སྦྱང་བྱའི་ཁྱད་པར་རགས་ཙམ་གླེང་བ། 
                                
ཁང་གསར་ཚེ་དབང་རིག་འཛིན།

         དུས་རབས་གསར་བ་ནི་མི་རིགས་སོ་སོའི་རང་གི་རིག་གཞུང་ལ་ཞུན་བརྡར་བྱས་ཏེ་སྲོལ་རྒྱུན་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ།  ཡང་ན་ཞན་ཆ་བསྒྱུར་བཅོས་སོགས་བྱེད་པའི་རྫོགས་ལྡན་དུས་སྐབས་ཤིག་ཡིན་ལ།  འཛམ་གླིང་སྔོན་ཐོན་མི་རིགས་ཀྱི་རིག་གནས་སམ་ཡང་ན་འགྲོ་བ་མིའི་རིགས་ལ་ཐུན་མོང་དུ་མཁོ་བའི་རིག་གནས་ནང་འདྲེན་དང་དང་ལེན་བྱེད་པའི་དུས་སྐབས་ལེགས་པོ་ཞིག་ཀྱང་རེད།  དེ་ལྟ་བུ་ཞིག་ཡིན་ཕྱིན་ང་ཚོས་རིག་གཞུང་སྤྱི་དང་ཁྱད་པར་དུ་རང་ཉིད་ཀྱི་ཆེད་ལས་ཐད་ནས་ཆེ་ས་རིག་གཞུང་གི་ཕུང་བོ་དང་ཆུང་ས་ནས་མིང་དང་ཐ་སྙད་ཙམ་ཡང་ནོར་བ་རྒྱུན་འབྱམས་དང་ཤེས་བཞིན་དུག་འཐུང་དུ་མི་བསྐྱུར་བར།  ཞིབ་དཔྱད་དང་བཅོས་བསྒྱུར་གང་འཚམ་བྱས་ཏེ་མི་རིགས་རིག་གཞུང་ལ་ཞབས་འདེགས་བསྒྲུབ་ཅི་ཐུབ་བྱེད་རྒྱུ་ནི་གཟུར་དུ་མེད་པའི་འོས་འགན་ཞིག་མ་ཡིན་ནམ། 

གཅིག    མིང་འདོགས་ཚུལ།

         སྤྱིར་རང་རེའི་མི་རིགས་ལ་ནང་བསྟན་སྦྱང་སའི་ཆོས་གྲྭ་ཕུད་སྐྱ་བོའི་སྡེ་ཁག་གི་སློབ་གྲྭ་ཞེས་པའི་ལས་གཞི་འདི་ཚུགས་པ་དང་ཚུགས་ནས་ཀྱང་དར་སྤེལ་གཏོང་བའི་བགྱི་བ་འདི་ཅུང་འགོར་བའི་ཆ་ནས།  ཁྱིམ་མཚེས་རྒྱལ་ཁབ་དང་ལྷག་པར་དུ་རྒྱ་ནག་གི་ཐ་སྙད་ཐད་བསྒྱུར་བྱས་པ་སོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་མིག་མཐོང་ལག་ཟིན་རེད།  དེ་བས།  黑板,粉笔,课外活动,课间操,作业 སོགས་ལྟ་བུའི་དངོས་པོ་དང་བྱ་བའི་མིང་མང་བོ་ཞིག་བཀོལ་བའམ་བསྒྱུར་སྐབས་作业ཞེས་པ་ལས་བྱ་རུ་བསྒྱུར་བ་ཡིན་ཤས་ཆེ།  སྤྱིར་རྒྱ་བོད་ཚིག་མཛོད་ཆེན་མོ་སོགས་སུ་འདི་ལྟར་བསྒྱུར་ཡོད་དེ།  作业1(学习)སྦྱོང་ཚན།  སྦྱོང་གཞི།  2(生产或军事活动)ལས་སྒྲུབ།  ལས་ཀ  དམག་རྩལ་སྦྱོང་གཞི།  ཞེས་རིགས་གཉིས་སུ་བཀར་ཡོད་ལ།  ཁ་གསལ་བོའི་སྒོ་ནས་ནང་དོན་གཉིས་སུ་ཕྱེས་ཡོད་པ་ཡིན་མོད།  ཕྱིས་སུ་འགའ་ཞིག་གིས་དོན་དངོས་ཀྱི་ནང་དོན་དང་བོ་ལྟར་མི་འབོད་པར་ཕྱི་མ་ལྟར་འབོད་པའམ་གང་འདོད་དུ་བཀོལ་བ་ཡིན་ཚོད་རེད།

གཉིས།    མིང་དེ་ལྟར་བཏགས་པ་མི་འཐད་ཚུལ།

         དེང་སྐབས་མདོ་དབུས་ཁམས་གསུམ་གྱི་ས་ཆ་མང་བོ་ཞིག་ན་སློབ་མའི་ཉིན་རེའི་འབྲི་བ་དང་ཀློག་པ་བློར་འཛིན་པ་གསུམ་ལ་སྤྱི་ཁྱབ་ཏུ་ལས་བྱ་ཞེས་འབོད་ཀྱིན་འདུག་ལ།  ལྷག་པར་དུ་ཨ་མདོའི་ས་ཆ་མང་ཤོས་ན་ཐ་སྙད་འདི་དམའ་ས་སློབ་ཆུང་ནས་མཐོ་ས་སློབ་ཆེན་གྱི་བར་ན་འགྲིག་འགྲིག་ལྟར་བེད་སྤྱོད་བྱེད་ཀྱིན་ཡོད་པ་ང་ཚོས་ཤེས་གསལ་ལྟར་རེད། དེ་ལྟར་འགའ་ཞིག་གིས།  ལས་བྱ་ཞེས་བརྗོད་ན་སྐྱོན་མི་འདུག་སྟེ།  སློབ་མས་ལས་རྒྱུའི་བྱ་བ་མ་ཡིན་ནམ་ཟེར་ན་མ་ཁྱབ་སྟེ།  སློབ་མ་ལ་འབྲི་བ་དང་།  ཀློག་པ།  བློར་འཛིན་པ་ལྟ་བུ་ལས་གཞན་ལས་རྒྱུའི་བྱ་བ་ཤིན་ཏུ་མང་བོ་ཡོད་པའི་ཕྱིར། དཔེར་ན། སློབ་མའི་སྒྲིག་ལམ་སྣ་ཚོགས་དང་ལེན་བྱེད་པ་དང་།  གཙང་སྦྲ་བྱེད་པ།  ལུས་རྩལ་སྦྱོང་བ།  ཐུན་མོང་གི་བྱ་བ་བསྒྲུབ་པ།  རྩེད་མོ་རྩེ་བ་ལྟ་བུ་མང་བོ་ཡོད་པ་ཡིན། ཡང་ལས་བྱ་ཟེར་ན་སློབ་མས་ལས་རྒྱུ་གཙོ་བོར་གོ་བ་ཡིན་ཟེར་ན་དེ་ལས་ཀྱང་མ་ཁྱབ་སྟེ།  དེང་སྐབས་ང་ཚོས་སྤུས་ཚད་སློབ་གསོ་དང་།  བྱང་ཚད་སློབ་གསོ་ཞེས་སློབ་མའི་ཤེས་ནུས་རྩལ་གསུམ་དང་།  ལུས་སེམས་ཀུན་སྤྱོད་སོགས་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་དམིགས་པའི་སློབ་གསོ་སྤེལ་བཞིན་པ་ཡིན་ཙ་ན།  འབྲི་ཀློག་བློར་འཛིན་ཁོ་ན་གཙོ་བོ་ག་ལ་ཡིན།  རྒྱུུ་མཚན་དེ་ལྟ་བུའི་ཕྱིར་དེ་རིང་ནས་ང་ཚོས་སྦྱོང་གཞིའམ་སྦྱང་བྱ་ཞེས་བརྗོད་ན་དངོས་པོའི་གནས་ལུགས་དང་མཐུན་པ་མ་ཡིན་ནམ།  དེ་བཞིན་དུ་ལས་བྱ་དང་སྦྱང་བྱ་གཉིས་ལ་སྤྱི་དང་བྱེ་བྲག་གི་ཁྱད་པར་མངོན་གསལ་གྱིས་ཡོད་དེ།  སློབ་མའི་དབང་དུ་བཏང་ནའང་།  ལས་བྱ་ཟེར་ན་སྤྱི་ཡིན་དེ་ལས་རྒྱུའི་བྱ་བ་ཡོད་ཚད་ལ་གོ་བ་ཡིན་ཞིང་།  སྦྱང་བྱ་ཟེར་ན་བྱེ་བྲག་གི་སློབ་མའི་སྦྱང་རྒྱུའི་ཤེས་བྱ་གསར་བའམ།  ཡང་ན་སྦྱང་ཟིན་པའི་མག་མོག་གི་ཤེས་བྱ་ཇེ་གསལ་དང་ཇེ་བརྟན་དུ་གཏོང་བའི་བྱ་བ་ཞིག་ཡིན་པ་ལགས་ན་ཐ་སྙད་ཕྱི་མ་འདི་དོན་དང་མཐུན་ཞིང་སེམས་ལ་ཧ་ཅང་ནས་འབབ་པ་ཞིག་ཡིན།

གསུམ།   ཞོར་དུ་གླེང་བ།

         འདི་ནི་ད་ལྟ་རྒྱལ་ཁབ་སློབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱིས་བསྒྲིགས་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སྦྱང་བྱར་ཆེད་དུ་བཀོལ་རྒྱུར་གནང་བཞིན་པའི《སྦྱང་གཞིའི་ལྷན་ཐབས》ནི་དོན་གྱིས་ང་ཚོས་རྒྱུན་དུ་གླེང་བཞིན་པའི་ལས་བྱ་ཡིན་ལ་འདིར་ཚད་ལྡན་གྱི་མིང་བཏགས་ཡོད་ཅིང་། འདི་ནི་ད་ལྟ་སློབ་གྲྭ་སོ་སོ་ན་བཀོལ་བཞིན་པ་ཡིན་ཡང་།   ད་དུང་ཉམས་སྣང་ཙམ་ཡང་མེད་པའམ་ཡང་ན་བཙན་གྱིས་ལས་བྱ་ཞེས་པའི་མིང་བཀོལ་སྔྱོད་བྱེད་ཀྱིན་པ་འདི་ནི་དངོས་གནས་ལས་དོན་འདིར་སེམས་པ་ཆེས་རྩིང་བ་ཞིག་ཏུ་སེམས།  དོན་དག་འདི་གླེང་རིན་མེད་པར་བཞག་པ་ཡིན་ནམ། གང་ལྟར་ཡང་མིག་སྔའི་བོད་ཀྱི་དུས་དེབ་དང་ཚགས་པར་གང་དུ་གླེང་བ་མ་མཐོང་བས་ཁོ་བོས་ནི་བོད་ཀྱི་རིག་གནས་ཀྱི་ཉིང་ལག་ཅིག་ཏུ་བརྩིས་ཏེ་བསམ་ཡར་སེམས་དང་སྐུད་པ་ཡར་འཁེལ་གྱི་དཔེ་ལྟར་ཕུལ་བ་ཡིན་ནོ། ། 

2012ལོའི་སྤྱི་ཟླ11པར་ཕ་ཡུལ་དུ་བྲིས། 


འབྲེལ་ཡོད་འོས་སྦྱོར།