འབྲོག་རུ་འཇམ་དཔལ་རྒྱལ་གྱི་ནང་བསྟན་སྙན་ངག་སྐོར་གྱི་དཔྱད་གཏམ།
ནང་བསྟན་སྙན་ངག་ཁྲོད་ཀྱི་བརྗོད་སྙིང་འདི་དག་གིས་མ་ཁྱབ་པའི་བོད་མིའི་སེམས་ཁམས་མེད་པས། བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཁྲོད་དུ་ཡང་། དཔའ་བོ་དག་གི་སྣང་བརྙན་ནི་ལས་རྒྱུ་འབྲས་བརྩི་ཞིང་ཉམ་ཆུང་གི་མཐའ་ནས་སྐྱོར་བ། ངན་པའི་ཁ་གནོད་དུ་གྱུར་བའི་རྩོམ་རིག་གི་སྣང་ཚུལ་མངོན་འདུག བོད་བྱིངས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་མཛེས་དཔྱོད་ལྟ་བ་དེ་ཡང་ནང་བསྟན་ཚིགས་བཅད་སྙན་ངག་གི་བརྗོད་བྱར་གྱུར་བར་མ་ཟད། དོན་གྱི་མཛེས་དཔྱོད་ལྟ་བའི་ཕར་ཕྱིན་དྲུག་གི་བསམ་བློས་བསྐྱེད་འབྲས་ཡིན་ནོ།།
གསུམ། སྒྱུ་རྩལ་གྱི་མཛེས་པ་འདོན་ལུགས།
སྐད་དང་ཡི་གེ མི་རིགས་གང་དེའི་གོམས་སྲོལ་གྱི་མཛེས་སྣང་འཛིན་ལུགས་བཅས་ལས་རིགས་དེའི་རྩོམ་ལ་ཡང་ཐུན་མོང་མ་ཡིན་པའི་སྒྱུ་རྩོམ་གྱི་སྒྱུ་རྩལ་འདོན་ལུགས་ཡོད་ཅིང་། ཚིགས་བཅད་སྙན་ངག་ལ་ཡང་དེ་དང་འདྲ་བར་ལུས་ཀྱི་དབང་གིས་ལྷུག་རྩོམ་དང་མི་འདྲ་བའི་ཁྱད་ཆོས་དུ་མ་ཡོད། དེ་བཞིན་ནང་བསྟན་ཚིགས་བཅད་སྙན་ངག་ལ་ཡང་དོན་གྱི་བརྗོད་བྱ་སྟེ་ནང་དོན་དང་། ཕྱི་ཡི་རྣམ་པ་སྟེ་སྡེབ་སྦྱོར་གཉིས་ཀྱི་དབང་གིས་རྩོམ་གྱི་རིགས་ལ་མངའ་བའི་ཁྱད་ཆོས་ཤིག་རང་ཆོས་སུ་ཡོད་དོ།།
ཀ སྐུ་གསུང་ཐུགས་ཀྱི་ཡོན་ཏན་གོ་རིམ་བཞིན་འཛིན་པ།
བོད་དུ་སངས་རྒྱས་ཆོས་ལུགས་དར་བ་ནས་བཟུང་། རིག་པའི་གཞུང་ལ་མཁས་པའི་མཁས་པའི་ཚོགས་དང་མང་ཚོགས་ཀྱི་དབུས་གང་སར་ནང་བསྟན་གྱི་ཤན་ཞུགས་ཡོད་ལ། དེ་བཞིན་གངས་རི་ལས་ཆུ་བོ་དང་འོ་མ་ལས་མར་ལོའི་དཔེ་བཞིན་ནང་བསྟན་ལས་ནང་བསྟན་ཚིགས་བཅད་སྙན་ངག་བྱུང་། ཆོས་ལུགས་ལ་དད་མོས་དང་འཇིག་རྟེན་ཕུན་ཚོགས་མི་དམིགས་པའི་རིན་ཐང་ལྟ་ཚུལ་ལྡན་པས་དེའི་སྐྱེས་རབས་དང་། རྟོགས་བརྗོད། བསྟོད་རྩོམ་སོགས་ཚིགས་བཅད་སྙན་ངག་ཁག་ཏུའང་། ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་གསུམ་གྱི་ཞེ་ཚིག་སྦྱར་ཏེ་དང་བོ་སྐུ།དེ་ནས་གསུང། ཐ་མར་ཐུགས་དང་མཛད་པ་བཅས་གོ་རིམ་བཞིན་བརྗོད་པར་འདོད་པའི་སྐྱེས་བུ་གང་དེའི་ཡོན་ཏན་དང་མཛད་འཕྲིན་རྣམས་རེ་རེ་བཞིན་བརྗོད་པའི་རྩོམ་སྟངས་ཤིག་ཆགས་ཡོད།
དེ་དག་རེ་རེའི་ཡོན་ཏན་སྙན་ཚིག་སྒྱུ་རྩལ་གྱིས་བཞེངས་པའི་སྐབས་སུའང་དཔེ་དོན་འགོད་ལུགས་ཐུན་མོང་བ་ཞིག་ཆགས་ཡོད་དེ། སྐུ་ལུས་གསེར་གྱི་རི་བོ་དང་། གསུངས་དབྱངས་ཡན་ལག་དྲུག་ཅུ། ཐུགས་ཟབ་ཡངས་རྒྱ་མཚོའི་འཇིངས་སོགས་སོ་སོའི་ཁྱད་ཆོས་འཛིན་པའི་ཡོན་ཏན་སྣ་ཚོགས་གཅིག་ཏུ་བསྡུས་ནས་རྒྱལ་ཀུན་ཡེ་ཤེས་སུ་བཤད་པའི་རྣམ་པ་ཚིགས་བཅད་སྙན་ངག་སྤྱི་ལ་མངོན་པ་མ་ཟད། སྙན་ངག་ཆེན་པོ་ལ་འཇུག་པའི་སྒོ་གསུམ་སྟེ། ཤིས་བརྗོད། ཕྱག་བྱ་བ། དངོས་པོ་ངེས་བསྟན་བཅས་ཀྱི་གོ་རིམ་ཡང་ལྡན་དེ། ཁྱད་ཆོས་དེ་དག་ལ་དཔེ་མཚོན་ཙམ་བཀོད་ན། རྗེ་ཙོང་ཁ་བས། ཆོས་ཀྱི་རྗེ་གྲགས་པ་དཔལ་བཟང་བོ་ལ་བསྟོད་པའི་མགོར། སྭ་སྟི། སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས།། ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།། ཟབ་ཡངས་རྒྱ་མཚོའི་འཇིངས་ལྟར་དཔག་དཀའ་བ།། དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།།ཅེས་ཤིས་བརྗོད་དང་ཕྱག་བྱས་ཡོད་པ་མ་ཟད།རིམ་པ་བཞིན་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དཔེར་བཀོད་ནས་བརྗོད་ཡོད། ད་དུང་ཐུབ་དབང་གི་མཛད་པ་བཅུ་གཉིས་ལས་བརྩམས་པའི་མགུར་མ་ལས། སྐུ་མཐོང་བས་ཕན་བདེའི་དཔལ་སྟེར་བ།། གསུང་ཐོས་པས་རྣམ་གྲོལ་དྲུག་ཅུའི་དབྱངས།། ཐུགས་དྲན་པས་སྲིད་ཞིའི་འཇིགས་སྒྲིལ་བའི།། ཡོངས་ལྷ་མིའི་སྟོན་པ་མཆོག་དེ་འདུད།།ཅེས་པ་སོགས་སྒྱུ་རྩལ་འདོན་ལུགས་ཀྱི་ཁྱད་ཆོས་མང་བོ་ཡོད།
གཞན་ཡང་། ཤིས་བརྗོད་དང་ཕྱག་བྱ་བའི་ཐ་སྙད་ལ་ལེགས་སྦྱར་གྱི་ཡི་གེའང་མང་སྟེ། དཔེར་ན།ཨོ་སྭསྟི།ན་མོ་བུདྡྷ་ཡ། ན་མོ་གུ་རུ་མཉྫུ་གྷོ་ཥྰ་ཡ།ན་མོ་ལོ་ཀེ་ཤྭ་རྰ་ཡ། ན་མོ་གུ་རུ་སོགས་ཀྱིས་མཚོན་པའི་ནང་བསྟན་ཚིགས་བཅད་སྙན་ངག་གི་ཁྱད་ཆོས་འདི་དག་ཀྱང་སྐབས་ཀྱི་མཁས་པའི་ཚོགས་ཀྱི་ལེགས་སྦྱར་ཡི་གེ་ཤེས་པའི་ཉམས་ཤེད་དང་། རང་གི་ལྷག་པའི་ལྷ་ལ་ཕྱག་གི་དགོས་པ། དུས་ཀྱི་མཁས་པའི་རྩོམ་པའི་ཉམས་སོགས་ཆོས་ཀྱི་དད་པའི་ཁྱད་ཆོས། མཁས་པའི་ཡོན་ཏན་གྱི་ཁྱད་ཆོས་སོགས་ནང་བསྟན་སྙན་ངག་གི་ཁྱད་ཆོས་སུའང་གྲུབ་པ་མ་ཟད། ཆོས་ཀྱི་ཁམས་ན་དད་མོས་མཛེས་དཔྱོད་ཀྱི་ལྟ་བའི་ཁྱད་ཆོས་ཀྱང་ཡོད་པར་འདོད།
ཁ། སེམས་མེད་རབ་རྟོག་དང་གཟུགས་རྒྱན་གྱི་འབྲི་ཐབས་བྱང་རྩལ་ཅན།
སྙན་ངག་གི་སྒྱུ་རྩལ་གྱི་བློས་བསླངས་དང་འཆར་ཡན་གྱི་བློ་རྒྱ་རྣམས་ཚིག་གི་སྒྱུ་རྩལ་ལ་བརྟེན་ནས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དང་ཕྱིའི་བཀོད་པ་སྣ་ཚོགས་བཞེངས་བསྐྲུན་བྱེད་པ་ཞིག་ཡིན་ཞིང་། སེམས་མེད་རབ་རྟོག་དང་གཟུགས་རྒྱན་གྱི་འབྲི་ཐབས་གཉིས་སྙན་གཞུང་མེ་ལོང་དར་བ་ལ་བརྟེན་ནས་འཕེལ་རྒྱས་སུ་ཕྱིན་པ་ཡིན། ཡིན་ནའང་། ནང་བསྟན་ཚིགས་བཅད་སྙན་ངག་ཁྲོད་དུ་བཀོལ་སྤྱད་བྱས་པའི་མང་བ་མ་ཟད། སྒྱུ་རྩལ་གྱི་བློ་སྦྱོང་ལས་ཐོབ་པའི་བཀོལ་སྤྱོད་ཀྱི་རིན་ཐང་དང་། མཛེས་སྣང་གི་ཆ་ཤས་ཡོངས་སུ་རྫོགས་ཡོད་ལ། བོད་ཀྱི་སྙན་ངག་གཞན་དུ་རྒྱན་འདི་གཉིས་ཀྱི་སྤྱོད་སྟངས་དེ་ལས་ལྷག་པ་མེད་སྙམ།
ལྷག་པར་ཏུ་རྒྱན་འདི་གཉིས་དཔེ་བརྗོད་བཞིན་སོ་སོར་མ་ཕྱེ་བར། གཅིག་གིས་གཅིག་ལ་རམ་འདེགས་ཀྱི་ཚུལ་གྱིས་སྦྱར་བས་འཆར་ཡན་གྱི་ཁམས་ཡངས་བོར་བྱས་ཡོད་དེ། རྟོགས་བརྗོད་གསེར་གྱི་མེ་ཏོག་ལས། འཛམ་བུའི་རྒྱལ་མཚན་སྲིད་པའི་རྩེ་མོ་ལས།། རྣམ་པར་གཡོ་བའི་རྩེ་དགའ་མ་ཉམས་པས།། སྲིད་ཞིར་ཁེངས་པས་འཇིག་རྟེན་རབ་མཐོ་བ།། འཛམ་གླིང་ཞེས་བྱ་གྲགས་པའི་ཐིག་ལེ་ཅན།། དེ་ཡི་སྙིང་བོ་གངས་རིའི་མེ་ཏོག་གིས།། གྲུ་འཛིན་རི་བོའི་དཔལ་ཡང་ཕམ་བྱས་ནས།། ཕྱག་ན་པདྨོ་རང་གི་རྒྱལ་སྲིད་དུ།། འཛིན་པའི་འཇིག་རྟེན་གཉིས་པ་གཞན་ཡོད་མིན།།ཞེས་པར། སྲིད་པའི་རྩེ་མོ་ནི་འཛམ་བུའི་རྒྱལ་མཚན་གྱི་གཟུགས་སུ་བཀོད་པ་དང་། དེ་གཙོ་བོའམ་སྙིང་བོ་གངས་རི་ནི་མེ་ཏོག་གི་གཟུགས་སུ་བཀོད་ནས་དེ་ཡིས་གྲུ་འཛིན་དབང་བོའི་དཔལ་སྟེ། པོ་ཏ་ལའི་གཟི་ཉམས་ཡང་ཕམ་པར་བྱས་ཞེས་སེམས་མེད་རབ་རྟོག་གི་རྒྱན་བཀོད་པ་ལྟ་བུའི་ཁྱད་ཆོས་སྔ་ན་མེད་པ་ལྡན་པར་བྱས་ནས་གཟུགས་འགོད་དང་རབ་རྟོག་བསྟུད་མར་ཐོན་པས་སྙན་ངག་གི་འཆར་ཡན་གྱི་ཁམས་ཡངས་བོར་བྱས་ཡོད། ནང་བསྟན་སྙན་ངག་ཐུན་མོང་དུ་ཁྱད་ཆོས་འདི་ལྡན་མོད། ལྷག་པར་སྒེའུ་སྟིང་བློ་བཟང་གི་སྙན་ངག་རྣམས་ལ་ཁྱད་ཆོས་འདིའི་ཚབ་མཚོན་དུ་བཞག་ཆོག་པའི་སྒྱུ་རྩལ་ལྡན་པས། དོན་གྱི་བ་མོ་ཚིག་གི་རླུང་བསྐུལ་ནས།། བྱིས་པའི་བློ་ཁ་བྲིད་པའི་རྩེད་མོ་བཞིན།། ནང་གི་དོན་རྣམས་ཚིག་གི་སྒྱུ་རྩལ་གྱིས།། སེམས་ཀྱི་སྣང་བ་མིག་གི་དཔྱིད་དུ་བཀྲམས།།ཞེས་ཀྱང་བཤད་འདོད་དོ།།
ག གྲགས་པའི་ལྷ་དང་སྔོན་བྱུང་གི་གཏམ་རྒྱུད་ལ་སྦྱར་བ།
མིའི་རིགས་ནི་རང་རང་གི་དད་པའི་ལྷ་དང་། གོམས་པའི་མྱོང་སྟོབས་ཀྱིས་རང་གི་མོས་པ་དང་སྦྱར་ནས་བསྟོད་པ་བྱེད་ཕྱོགས་དང་སྨད་པ་བྱ་ཕྱོགས་སོགས་གྲུབ་ནས་བསྟོད་རྩོམ་རིགས་མང་བོ་ཞིག་བྱུང་ཡོད་པ་མ་ཟད། དེ་དག་ཏུའང་བསྟོད་པའི་ཟོལ་གྱིས་སྨད་པ་དང་། སྨད་པའི་ཟོལ་གྱིས་བསྟོད་པ་སོགས་རྩོམ་འབྲི་སྒྱུ་རྩལ་ཡང་མང་དུ་བྱུང་། རྟོགས་བརྗོད་དང་སྐྱེས་རབས། ཡུལ་གྲུ་སོ་སོའི་ངག་རྒྱུན་སྣ་ཚོགས་དང་སྦྱར་ནས་སྙན་ཚིག་གི་རྒྱན་འགོད་ལུགས་དང་།ལེགས་བཤད་དང་། བསླབ་བྱ་གཏོང་སྲོལ་སོགས་རྩོམ་རིགས་སྣ་མང་དུ་བཀོལ་ཡོད་ཀྱང་ནང་བསྟན་ཚིགས་བཅད་སྙན་ངག་ཏུ་བཀོལ་སྤྱོད་བྱས་པ་ཅུང་མང་དུ་སྣང་ཏེ། སྙན་ངག་འདི་དག་ལ་ཆོས་ལུགས་དད་མོས་ཀྱི་སྟོབས་ཞུགས་ཡོད་པའི་རྒྱུ་རྐྱེན་ཡང་ཡིན་ངེས་སོ།།
སྟོན་པའི་སྐྱེས་རབས་དུ་སྣང་བའི་ཡོན་ཏན་དུ་མ་བླངས་ཏེ། སྙན་ཚིག་གི་ལམ་ནས་སྐྱེས་བུ་དམ་པ་ལ་བསྟོད་ཚུལ་དང་། བདུད་ཀྱི་ལས་མ་རུང་བ་བླངས་ནས་དམན་པར་བྱེད་ཚུལ། ཁྱད་པར་འཕགས་བསྟོད་སོགས་ལས་བྱུང་བའི་ཆོས་ཐམས་ཅད་རྒྱ་རྐྱེན་རྟེན་འབྲེལ་ལས་བྱུང་བར་མི་འདོད་པའི་ཕྱི་རོལ་བའི་རིགས་དང་ཆོས་ཐམས་ཅད་རྒྱུ་རྐྱེན་ལས་བྱུང་བར་འདོད་པའི་སྟོན་པ་གཉིས་ཀྱི་རིགས་པ་བསྡུར་བའི་སྒོ་ནས་དོན་གྱི་གནས་ལ་ངེས་པ་བཙལ་ཚུལ་ལམ་བསྟོད་པ་བྱེད་ཚུལ། དེ་མིན་རྰ་མ་ཎའི་གཏམ་རྒྱུད་དར་བའི་དབང་གིས་དེའི་གཏམ་རྒྱུད་ལ་སྦྱར་བའི་སྙན་ཚིག་བྱུང་བ་དང། ལྷ་མོ་དབྱངས་ཅན་མ་དང་ནོར་རྒྱུན་མའི་གཏམ་རྒྱུད་དང་སྦྱར་བའི་སྙན་ཚིག རིག་བྱེད་ཀྱི་གཏམ་རྒྱུད་དང་སྦྱར་བའི་སྙན་ཚིག་སོགས་མང་དུ་སྣང་མོད་རེ་རེ་བཞིན་དཔེར་བཀོད་དགོས་པའི་དགོས་དབང་མེད་ནའང་ཚབ་མཚོན་ཙམ་ཞིག་བཀོད་ན། རྟོགས་བརྗོད་གསེར་གྱི་མེ་ཏོག་ལས། ལྷོ་རྒྱུད་དཔལ་ལྡན་ནོར་གྱི་བློ་གྲོས་གང་།། དག་པའི་འཇིག་རྟེན་མངོནཔར་དགའ་བའི་བཅུད།། ཁྱབ་འཇུག་སྦར་མོའི་འཕྲུལ་གྱིས་མངོན་བྱུང་བའི།། གྲགས་པ་སྲིད་ཞིར་སྙན་གོང་རྒྱན་དུ་མཆེད།།ཞེས་པ་ལྟ་བུ་མཐའ་ཡས་པ་ཡོད་ཀྱང་འདིས་མཚོན་ནུས་སོ།།
ང་། རང་བྱུང་ཁམས་ཀྱི་བྱ་དངོས་རྒྱུས་ཡོད་ལ་དཔེ་སྦྱར་བའི་ཁྱད་ཆོས།
སྤྱིར་རྩོམ་རིག་དང་རིག་གནས་གང་ཞིག་ཡིན་ཡང་། མི་རིགས་དང་ཡུལ་གྲུ་གང་ཞིག་རང་རང་གི་གོམས་པའི་དབང་དུ་འགྲོ་བ་ནི་སྨྲ་མི་དགོས་པར་གནས་གང་དུའང་དོན་ལ་ཤར་འདུག དེ་བཞིན་ས་ཆུ་མེ་རླུང་གི་འབྱུང་བ་གཙོས་ཉི་ཟླ་སྐར་གསུམ་གྱིས་བསྡུས་ཆོག་པའི་རང་བྱུང་ཁམས་ཀྱི་བྱ་དངོས་རྒྱུས་ཡོད་ལ་དཔེ་སྦྱོར་བ་ནི་མཁས་པའི་ཁྱད་ཆོས་དང་རྩོམ་གྱི་ལེགས་ཆ་ཡིན། དེ་ལྟར་སྦྱར་བས་འཛམ་གླིང་གི་མི་སུ་ཡང་ས་ཆུ་མེ་རླུང་དང་། ཉི་ཟླ་སྐར་གསུམ་ལ་ངེས་ཆ་ཡོད་པས་བསྟན་དོན་ཤེས་སླ་ཞིང་། སྒྱུ་རྩལ་གྱི་བཀོལ་ལུགས་ངེས་པའི་ཁྱད་ཆོས་མང་བོ་ཞིག་འདུག འདིར་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་པར་འདོད་པ་ནི་ནང་བསྟན་རྩོམ་རིག་ནི་ནང་དོན་སེམས་ཅན་སྤྱི་དང་དཔེ་དོན་འགོད་ལུགས་ཀུན་ལ་རྒྱུས་མངའ་བའི་ཁྱད་ཆོས་ལྡན་པས་གནའ་སྔ་མོ་ནས་འཛམ་གླིང་རྩོམ་རིག་ལ་ཁ་ཕྱོགས་ཡོད་པ་མཚོན་ཐུབ་བོ།།
ཆོས་ལུགས་ཀྱི་དོན་དང་ལྡན་པའི་བྱ་དངོས་སྦྱར་བས་ཀྱང་མི་མང་བོས་རྟོགས་སླ་བའི་དགོས་པ་ཡོད་དེ། ཆོས་ལུགས་ལ་མི་རིགས་རང་བཞིན་དང་།རྒྱལ་ཁབ་ཀྱི་རང་བཞིན་མེད། སེམས་ཅན་སྤྱི་བསམཔའི་དོན་དང་ལྡན་པས་ཡུལ་གྲུ་ཀུན་ཏུ་དར་ཁྱབ་ཆེ་བས་སོ།།
དེ་ཡང་ནང་བསྟན་ཚིགས་བཅད་སྙན་ངག་ཏུ་སྣང་བའི་དཔེ་མཚོན་ཙམ་བཀོད་ན།ཞང་ཞུང་བས།རྰ་མ་ཎའི་རྟོགས་བརྗོད་ལས། ལོ་བརྒྱར་བསྐམས་པའི་འཁྲི་ཤིང་ནི།། སྐལ་ལྡན་ཤིང་རྟའི་རྒྱུན་འབབ་པས།། སྐད་ཅིག་ཉིད་ལ་ལང་ཚོ་ཡི།། མེ་ཏོག་ཕོན་པོས་རྣམ་པར་མཛེས།།ཞེས་མི་ཀུན་ཆ་རྒྱུས་ཡོད་པའི་སྡོང་བསྐམས་ཀྱི་རྣམ་པ་མི་མཛེས་པ་ལ་སྐད་ཅིག་ཉིད་ལ་མེ་ཏོག་ཕོན་པོ་བཞད་ན་ལང་ཚོའི་མཛེས་པས་ཡིད་དབང་འཕྲོག་པའི་རྣམ་པ་བྲིས་ཡོད་པ་དེ་བཞིན། རིན་སྤུངས་པས།ས་པཎ་རྟོགས་བརྗོད་དུ། རྨོངས་པའི་མུན་གཅོད་མཚོན་ཆ་ཆེན་པོ་པ།། རིག་པའི་རལ་གྲི་གཡོ་བའི་མཁས་རྣམས་ཀྱི།། རྒྱུ་སྐར་ཕྲེང་བས་བསྐོར་ནས་བཏུད་པའི་དབུས།། མཚུངས་མེད་རི་བོང་ཅན་ལྟར་ཉམས་སུ་བདེ།།ཞེས་མུན་པ་ནི་རྨོངས་པའི་དཔེ་དང་། རལ་གྲི་ནི་དེ་གཅོད་བྱེད་ཀྱི་རིག་པའི་དཔེ།ས་པཎ་ནི་མཁས་པ་གཞན་གྱི་དབུས་ན་མཁས་པའི་དབང་བོ་བཞིན་རྒྱུ་སྐར་མང་བོའི་ཁྲོད་ཀྱི་ཟླ་བ་ནི་ཧ་ཅང་འོད་སྟོང་འཕྲོ་བའི་ངང་ཚུལ་དང་འདྲ་བའི་བརྗོད་སྙིང་དེ། དཔེ་ཀུན་ལ་ཆ་རྒྱུས་མངའ་བའི་མུན་པ་དང་རལ་གྲི། རྒྱུ་སྐར་དང་། ཟླ་བ་སོགས་ལ་སྦྱར་བས་དོན་ཡིག་རིགས་གཞན་དུ་བསྒྱུར་ནའང་ལེགས་པར་སྟོན་ནུས་པས་ཡུལ་གྲུ་ཆུང་བའི་གོམས་སྲོལ་གྱི་དཔེ་རུ་གྱུར་མེད་དོ།།
མདོར་ན། ནང་བསྟན་ཚིགས་བཅད་སྙན་ངག་ནི་བརྗོད་བྱ་ཕར་ཕྱིན་དྲུག་གིས་སྟོན་ཅིང་། རྗོད་བྱེད་ལ་ཆོས་ལུགས་རང་བཞིན་གྱི་ཐ་སྙད་དམ་མིང་བརྡ། མངོན་བརྗོད་དང་ཕྱི་ནང་ལྷའི་མིང་བཀོལ་བ་མང་ཞིང་། སྙན་ངག་གི་སྒྱུ་རྩལ་ལ་གོ་རིམ་གྱི་རྣམ་གཞག་ཡོད་ཅིང་། བསྲེས་རྒྱན་གྱི་བཀོལ་སྟངས་ཁྱད་པར་ཅན། སྔོན་བྱུང་གི་གཏམ་དང་། སྐྱེས་རབས་སོགས་ལ་སྦྱར་བ་མ་ཟད། ལྷག་པར་ཏུ་འཛམ་གླིང་མིའི་རིགས་ཀུན་ལ་གསལ་ཆ་ལྡན་པའི་རང་བྱུང་ཁམས་ཀྱི་བྱ་དངོས་ལ་དཔེ་དོན་སྦྱར་བས། ཕྱི་རྣམ་པའི་སྒྱུ་རྩལ་གྱིས་བཞེངས་པའི་མེ་ཏོག་ཚོམ་བུས་ནང་བསམ་པའི་དགའ་སྐྱོ་ལས་བྱུང་བའི་ཆགས་སྡང་གི་དོན་པོ་མཚོན་པའི་ནུས་པ་དང་ཁྱད་ཆོས་བརྗོད་ཀྱིས་མི་ལང་ངོ་།།
དཔྱད་གཞིའི་ཡིག་ཆ།
1.傅道淋《文学是什么》【M】北京大学出版社2006.1
2.李泽厚 《美学三书》【M】天津社会科学院出版社.2003
3.凌继尧《美学十五讲》【M】北京大学出版社.2003.8
4.དུང་དཀར་་བློ་བཟང་འཕྲིན་ལས། སྙན་ངག་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།【M】 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2001.9
5.བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས། གངས་ལྗོངས་མཁས་པ་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ།【M】 སྟོད་ཆ།བར་ཆ།སྨད་ཆ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1989.8
6.དོར་ཞི་རིན་པོ་ཆེ། སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལ།【M】 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2004.9
7.གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ་བཞུགས་སོ།། དེབ་ཉེར་བཞི་བ།【M】 མི་རིགས་དཔེ་སྐྲུན་ཁང་། 1997.5
8.ལེགས་རྩོམ་ཉིང་བསྡུས།【M】 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1991.6
9.བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན།སྟོད་ཆ།སྨད་ཆ།【M】 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008.7
10.ཚེ་ཏན་ཞབས་དྲུང་། སྙན་ངག་སྤྱི་དོན།【M】ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1981.8
11.བུ་བཞི་དོན་གྲུབ། བུ་བཞི་དོན་གྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས།【M】 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008.2