སྒྲུང་ཐུང་ཡིག་བརྒྱ་མ《སྔོ་ཚལ་ར་བའི་ནང་གི་མཐོང་སྣང》ཞེས་པར་བག་ཙམ་དཔྱད་པ།
སྒྲུང་ཐུང་ཡིག་བརྒྱ་མ《སྔོ་ཚལ་ར་བའི་ནང་གི་མཐོང་སྣང》ཞེས་པར་བག་ཙམ་དཔྱད་པ།
འབའ་སྨད་རྒྱལ་ལོ་ཚེ་རིང༌། (ཆབ་ཆ)
ཀླད་ཀྱི་བགྲོ་གཏམ།
དེང་གི་དུས་འདིར་མི་རྣམས་ཀྱི་བསམ་བློའི་ཆུ་ཚད་དང༌། མི་གཤིས་ཀྱི་སྤྱོད་ལམ། བྱ་བ་བྱེད་སྟངས། ཐ་ན་འགྲོ་འདུག་སྤྱོད་གསུམ་གང་རུང་ཞིག་སྔོན་ཆད་བསྡུར་ན་མི་ཡི་རྒྱུ་སྤུས་ཕྱོགས་གང་ཐད་དུ་ཁ་མི་འཕྲོད་པའི་ཚུལ་དུ་གནས་འདུག དེའི་རྒྱུ་མཚན་དེང་གི་དུས་ནི་ཚན་རིག་འཕྲུག་གསུམ་དར་ཁྱབ་ཆེ་ཞིང༌། ཕྱི་རོལ་ཡུལ་གྱི་ཟིང་ཟིང་གི་ཆོས་སྣ་ཚོགས་ཀྱིས་མིའི་མི་གཤིས་བཅོམ་ཞིང༌། མིའི་བསམ་སྤྱོད་བཟང་བོ་རྣམ་པར་དུད་ཀྱིན་ཡོད་པའི་སྐབས་སུ་འཁེལ། རྫུན་བཟོ་རྐྱང་རྐྱང་གིས་གྲུབ་པའི་གནས་བབས་ཤིག་གི་འོག་ཏུ་ཡ་རབས་སྤྱོད་བཟང་གི་ཕྱོགས་སུ་འཇུག་པ་ཕར་ཞོག དེ་ལས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཏེ་ཧ་ཅང་ནོངས་མཚར་བའི་གནས་སུ་བསྐྱལ་ཡོད། རིག་གནས་མ་དར་ཞིང་ལྡོག་ཕྱོགས་ཀྱི་དཔལ་འབྱོར་དར་ཚབ་ཆེ་བའི་རྐྱེན་གྱིས་མི་ཡི་གཤིས་ཀ་དཔལ་འབྱོར་གྱིས་བརླག་སླ་ཞིང༌། མི་ཡི་བསམ་བློ་དཔལ་འབྱོར་གྱི་བྲན་ཏུ་གྱུར་བ། བསམ་བློའི་གཏོང་སྟངས་དམའ་རིམ་ནས་དམའ་རིམ་གྱི་ཕྱོགས་སུ་བསྐྱོད་པ། མི་ཡི་བྱ་བ་བྱེད་སྟངས་ཀྱང་བསྣོག་དང་རྫུན། ཡ་ཡོ་དང་ཚུལ་འཆོས། མདོར་ན་རྫུན་ཁོ་ན་མ་གཏོགས་བེད་སྤྱོད་མི་བྱེད་པ་ད་ལྟའི་སྤྱི་ཚོགས་ཀྱི་གཞི་གྲུབ་ལམ་ལུགས་ཤིག་ཡིན་པ་ཁོ་བོས་སྨྲ་འདོད།
ལར་རིག་གནས་ཡོད་པའི་མི་ཞིག་གི་བྱ་བ་བྱེད་སྟངས་དང་མི་གཤིས་སྤྱོད་ལམ། བསམ་བློ་གཏོང་སྟངས་སོགས་ཀྱི་ཚད་རིམ་མཐོ་བ་དང༌། མི་གཤིས་སྤྱོད་ལམ་ཡག་པ། བསམ་བློ་གཏོང་སྟངས་ཀློང་ཡངས་པ། ཤེས་རབ་ཀྱི་མཁྱེན་ཡངས་པའི་ཁྱད་འཕགས་མི་སྣ་སྐོར་ཞིག་ཡིན། རིག་གནས་མེད་པའི་མི་རྣམས་ཀྱི་བྱ་བ་བྱེད་སྟངས་ནི་ཧ་ཅང་སྐྱུག་བྲོ་བ་དང༌། ཞེ་མེར་བ། གཅིག་ལ་ཕན་ན་ཅིག་ཤོས་ལ་གནོད་པ་དེང་གི་སྤྱི་ཚོགས་ཀྱི་ཟུར་རེ་འགས་གསལ་བཤད་བྱེད་ཐུབ། སྤྱི་ཚོགས་ནི་དེ་འདྲའི་སྐྱུག་བྲོ་བ་ཞིག་ཏུ་གྱུར་བའི་རྒྱུ་དང་རྐྱེན་ཡང་རིག་གནས་ལ་མཐོང་ཆེན་མི་བྱེད་པ་དང༌། ཡང་ན་རིག་གནས་ལ་དགག་རྒྱག་དང་རྒྱབ་འགལ་བྱེད་མཁན་བྱས་པས་རྐྱེན་གྱིས་ད་གཟོད་འདི་འདྲའི་གནས་བབས་མི་ལེགས་པ་ཞིག་ཏུ་གྱུར་པ་རེད། སྤྱི་ཚོགས་ཀྱི་མི་ཀུན་པོའི་རིག་གནས་ཀྱི་བྱང་ཚད་མཐོ་བ་དང་མི་གཤིས་སྤྱོད་ལམ་མཛེས་པ། ཤེས་རབ་ཀྱི་ཚད་མཐོ་བའི་ཚོགས་ཁག་ཅིག་ཡིན་བྱས་དེང་གི་སྤྱི་ཚོགས་ཀྱི་གནས་བབས་ཀྱང་འདི་ལྟ་བུ་ཞིག་ཏུ་འགྱུར་མི་སྲིད། མིས་རིག་གནས་གསར་སྐྲུན་བྱས་པ་དང་མཉམ་དུ་རིག་གནས་ཀྱིས་ཀྱང་མི་བསྐྱེད་བསྲིང་བྱེད་བཞིན་ཡོད། སྐྱུག་བྲོ་བའི་རྣམ་པ་དག་བསྒྱུར་དགོས་ན་རིག་གནས་ལ་འབྲེལ་འདྲིས་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ།
མིའི་གཉུག་གཤིས་སུ་བྲིད་པའི་སྤྱོད་སྟངས་ལ་རྒོལ་བ།
རྩོམ་རིག་བརྩམས་ཆོས་ཀྱི་བསྟན་བཅོས་གང་ཡིན་རུང་མིའི་འཚོ་སྡོད་དང་བསམ་བློ། སྤྱོད་སྟངས། མི་གཤིས་བཅས་ལ་ཕན་སྤྲོད་ཐུབ་པ་ཞིག་ཡིན་དགོས་ཏེ། མི་ཡི་འཚོ་གནས་ཐད་ལ་ཡར་སྐུལ་མི་ཐུབ་ཅིང་དེ་དང་ཁ་བྲལ་བའི་བརྩམས་ཆོས་ཤིག་ཡིན་ཚེ་སྙིང་བོ་ཆེན་པོ་མི་འདུག རྒྱུ་མཚན། མི་དང་བྲལ་བའི་བརྩམས་ཆོས་ཤིག་དང་བྱེད་ལས་ཤིག་ཡིན་ཚེ་མི་ཡི་འཚོ་གནས་ཐད་ལ་རམ་འདེགས་བྱེད་མི་ཐུབ་ཅིང༌། མི་ལ་སློབ་གསོ་དང་ཤེས་བྱ་སོགས་སྦྱིན་མིན་ཐུབ་ཚེ་མིའི་བསམ་བློ་ལ་འགྱུར་ལྡོག་མེད་ཅིང༌། འཚོ་གནས་དེ་ཡང་ཉམས་ཐག་པ་ཞིག་ཡིན་འདུག སྤྱིར་བཏང་རྩོམ་རིག་གིས་མི་ལ་སློབ་གསོ་བྱེད་ཐུབ་དགོས་ཀྱང་མི་ལ་ཤེས་བྱ་སྟེར་ཐུབ་པ་ཞིག་ཡིན་ན་འགྲིག་པར་བསམ། དེ་ལྟ་བུའི་བརྩམས་ཆོས་ཤིག་ཡིན་ཚེ་མིའི་འཚོ་གནས་ཐད་ལའང་འགྱུར་ལྡོག་གསར་བ་དང་ལྟ་ཚུལ་གསར་བ། ལག་ལེན་གསར་བ་སོགས་ཀྱི་བློ་སྒོ་འབྱེད་ཐུབ། དེ་ལྟ་བུའི་བརྩམས་ཆོས་ཀྱིས་མི་ལ་སློབ་གསོ་དང་ཤེས་བྱ་སོགས་སྦྱིན་ཐུབ་པ་ཡིན་ཞེས་བཤད་པ་ཡིན། དེ་བཞིན་ཐེངས་འདིར་བདག་གིས་གླེང་བྱར་གྱུར་བའི་བརྩམས་སྒྲུང་ནི《སྦྲང་ཆར》དུས་དེབ2011ལོའི་དེབ་གསུམ་པ་སྟེང་གི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ཀྱིས་བྲིས་པའི་བརྩམས་སྒྲུང《སྔོ་ཚོལ་ཚོང་ར་ནང་གི་མཐོང་ཐོས》ཞེས་པ་དེ་ཡིན། བརྩམས་སྒྲུང་ཐུང་བ་དེས་དེང་གི་སྤྱི་ཚོགས་ཀྱི་སྣང་ཚུལ་དག་ལ་དགག་རྒྱག་བྱས་ཡོད་ཅིང༌། དེས་དེང་གི་ཚད་ཞན་པའི་མིའི་བསམ་བློའི་སྤྱོད་སྟངས་སྐོར་ཞིག་དམར་རྗེན་དུ་བཤུས་ཡོད། སྤྱིར་ན་བརྩམས་སྒྲུང་འདིས་ཀྱང་སྔོན་ཆད་དང་ད་ལྟའི་གནས་བབས་ཤིག་གཤིབ་བསྡུར་བརྒྱུད་རིག་གནས་ལ་བརྩི་མཐོང་ཁེབས་པའི་སྔོན་ཆད་ཀྱི་དུས་སྐབས་ནི་མི་ཡི་བསམ་བློ་ལ་ཤུགས་རྐྱེན་ངན་པ་ཐེབས་མེད་པ་དང་སྐབས་དེའི་མི་རྣམས་ཀྱི་བྱ་བ་བྱེད་སྟངས་ལ་རྣོག་ལས་སོགས་སྐོར་གསུམ་གྱི་ངན་ཤུགས་ཐེབས་མེད་པ་བསྟན་ཡོད། དེང་གི་དུས་འདིར་དཔལ་འབྱོར་གཙོ་རྒྱུགས་ཆེ་བའི་རྐྱེན་གྱིས་མི་ཡི་བསམ་བློ་དང་ཀུན་སྤྱོད་སོགས་ལ་ཤུགས་རྐྱེན་ངན་པ་ཐེབས་ཏེ་སྤྱིར་བཏང་གི་བྱ་བ་བྱེད་སྟངས་ཀྱི་ཐད་ཀྱང་རྣོག་ལས་དང་རྫུན། སྤྱོད་སྟངས་ཡ་མ་བརླ་སྤེལ་གྱིན་པའི་སྣང་ཚུལ་རྒོལ་ལན་སྤྲད་ཡོད་པ་བརྩམས་སྒྲུང་འདི་ལས་ཀྱང་རྗེན་པར་བསྟན་ཡོད་དོ།།
དཔེར་ན་རྩོམ་པ་པོས་གཤིབ་བསྡུར་གྱི་གོ་རིམ་ལས་དེང་གི་མི་རྣམས་ཀྱི་བསམ་བློའི་ཆུ་ཚད་དང་བྱ་བ་སྤྱོད་སྟངས། སྔོན་ཆད་ཀྱི་སྤྱི་ཚོགས་སྣང་ཚུལ་སོགས་ཇི་ལྟར་གཤིབ་བསྡུར་སྤྱད་ཡོད་ཟེར་ན། ཚན་པ་ཐུང་བ་འདི་ལས་ཤེས་ཐུབ། “ང་སྔ་དྲོའི་ལས་ཀ་གྲོལ་མ་ཐག རྫོང་མཁར་གྱི་དཀྱིལ་དབུས་སུ་སྣང་བའི་སྔོ་ཚལ་ར་བའི་ནང་དུ་འགྲོ་རྒྱུར་གོམས་ཡོད་ལ། དེ་གར་གང་མཁོའི་སྔོ་ཚལ་རེ་ཉོས་རྗེས་དལ་བ་དལ་བུར་རང་ཁྱིམ་དུ་ལོག་པར་གོམས་ཡོད” ཅེས་འདི་ལས་བསྟན་པ་ནི་སྔོན་ཆད་ཀྱི་སྤྱི་ཚོགས་ནི་ཞི་བདེ་ཞོད་འཇགས་ཤིག་ཡིན་པ་ར་སྤྲོད་བྱེད་ཐུབ་ཅིང༌། དེ་ལས་ཀྱང་མི་རྣམས་ཀྱི་བསམ་བློའི་ཆུ་ཚད་མཐོ་བར་བསྟན་ཡོད་པ་བརྒྱུད་མི་རྣམས་ཀྱི་མི་གཤིས་ཐད་ལ་དཔལ་འབྱོར་གྱིས་ཤུགས་རྐྱེན་ངན་པ་སོགས་ཐེབས་མེད་པར་བྱ་བ་བྱེད་སྟངས་དེ་ཡང་རྣོག་ལས་འཕྲུལ་གསུམ་གྱི་ཐབས་སྤྱད་མེད་པར་ངོས་གཙང་ཞིང་རང་གཞན་ཀུན་ཕན་གྱི་འཚོ་བ་ཞིག་གི་སྣང་བརྙན་ཡིན་པ་བསྟན་ཡོད་འདུག དེ་ན་དེང་གི་གནས་བབས་དང་མི་རྣམས་ཀྱི་བསམ་བློའི་ཆུ་ཚད་དང་བྱ་བ་སྤྱོད་སྟངས་སོགས་མདོར་ཙམ་བསྟན་ན། “དེ་རིང་ཡང་ནམ་རྒྱུན་དང་འདྲ་བར་ལས་ཀ་གྲོལ་མ་ཐག་སྔོ་ཚལ་ར་བའི་ནང་དུ་ཕྱིན།སྔོན་ཆད་དང་མི་འདྲ་ས་ནི་དེ་རིང་སྔོ་ཚལ་ར་བའི་ཟུར་ཞིག་ཏུ་འུར་ཟིང་གིས་ཁེངས་འདུག་སྟེ། མི་ཚོགས་ཀྱི་ཨ་ལོང་ཡང་ལོང་བསྐོར་བའི་དཀྱིལ་དུ་མི་འགའ་རེས་ཁ་འཛིང་བྱེད་བཞིན་འདུག ངས་མཐའ་རུ་ལྟད་མོར་ལྟ་བཞིན་པའི་མི་ཞིག་ལ་རྒྱུ་རྐྱེན་དྲིས་པར། ཁོས་མང་ཚོགས་ལ་མགོ་སྐོར་གཏོང་བར་གོམས་པའི་སྔོ་ཚལ་འཚོང་མཁན་ཞིག་གི་གཡོ་སྒྱུའི་རྐུབ་ཁུག་དབྲལ་བ་རེད་ཟེར”། སྐད་ཆ་དེས་ང་ལ་ལྟད་མོར་བལྟ་འདོད་སྐྱེས་བྱུང་བས། མི་མང་གི་བར་གསེང་དུ་བཙངས་ནས་ཞིབ་ཏུ་ཉན་པ་ན། ཤ་རྒྱགས་པའི་ཚོང་བ་རྒྱ་མོ་ཞིག་གིས་སྐད་ཤུགས་མཐོན་པོས“ཁྱོད་ཚོས་ད་སྔོན་རིན་གོང་གཏན་འཁེལ་བྱས་མེད་པས། ངས་རང་གི་ཚོང་རྫས་གོང་ག་ཚོད་ལ་འཚོང་བསམ་ན་དེ་ལྟར་བཙོང་རྒྱུ་ཡིན། ཁྱོད་ཚོས་ངའི་རང་དབང་ལ་ཐེ་གཏོགས་བྱེད་མི་ཆོག”ཅེས་ལབ་ཀྱང༌། ཚན་པ་འདི་ལས་ཤེས་ཐུབ་པ་ནི་དེང་གི་ང་ཚོའི་སྤྱི་ཚོགས་ཀྱི་འཚོ་བའི་སྣང་ཚུལ་ཞིག་དང༌།ཤ་རྒྱགས་པའི་རྒྱ་མོ་ཚོང་བ་དེ་ནི་དེང་གི་སྤྱི་ཚོགས་ཀྱི་རྣོག་ལས་གོམས་པའི་ཚབ་མཚོན་མི་སྣ་ཞིག་ཡིན་པ་བསྟན་ཡོད་འདུག ངོ་མ་ཡིན་ཏེ་དེང་གི་སྤྱི་ཚོགས་ལ་འགྱུར་ལྡོག་ཆེ་བ་དང་བསྟུན་མི་རྣམས་ཀྱི་བསམ་བློའི་ཆུ་ཚད་དང་མི་གཤིས་སྤྱོད་ལམ། བྱ་བ་བྱེད་སྟངས་སོགས་ཀྱི་ཐད་དུ་ཡང་ཤུགས་རྐྱེན་ངན་པ་ཐེབས་ཡོད་པ་ཡང་བརྩམས་སྒྲུང་ཐུང་བ་འདི་ལས་རྩོམ་པ་པོས་མངོན་པར་བསྟན་ཡོད་པ་ལས་ཤེས་ཐུབ། སྤྱིར་ན་འདི་ལྟ་བུའི་ལམ་ཁ་ཞིག་ཇི་ལྟར་བཏོན་པ་རེད་ཟེར་ན། དེང་སྐབས་ནི་དཔལ་འབྱོར་ཞེས་པའི་ཞྭ་མོ་ལྗིད་མོ་ཞིག་མི་ཆེ་མ་ཆུང་གསུམ་གང་རུང་གི་མགོ་མནན་ནས་ཡོད་པས་དང། དེས་བསྐྱེད་པས་འབྲས་བུ་གྱིས་དེང་གི་མི་རྣམས་ཀྱི་བྱ་བ་བྱེད་སྟབས་ནི་ཁྲིམས་མེད་ལུགས་མེད་དང༌། རང་དབང་རང་མོས། རྣོག་ལས་འཕྲུལ་གསུམ། མགོ་གཡོག་སྣ་ཚོགས་ཀྱི་བྱེད་ཐབས་སྤྱོད་ཀྱིན་ཡོད་འདུག དཔལ་འབྱོར་དང་རིག་གནས་གཉིས་ལས་དཔལ་འབྱོར་གྱི་ཤེད་ཆེ་བ་དང༌། དེང་གི་མི་རྣམས་ལ་རིག་གནས་དང་དཔལ་འབྱོར་གཉིས་ལས་དཔལ་འབྱོར་དར་ཚབ་ཆེ་བས་རྐྱེན་གྱིས་ད་གཟོད་མི་རྣམས་ཀྱིས་ཀྱང་རིག་གནས་ལ་སློབ་སྦྱོང་བྱེད་པར་མི་སྤྲོ་ཅིང་རིག་གནས་ལ་དོ་སྣང་མི་བྱེད་པའི་རྒྱུ་ཡང་དེ་ན་ཡོད་འདུག རིག་གནས་སློབ་གསོ་ལ་མཐོང་ཆེན་མི་བྱེད་པ་དང་དེ་དང་ཁ་བྲལ་བའི་རྒྱུ་མཚན་གྱིས་དེང་གི་གནས་བབ་ཀྱང་སྐྱུག་བྲོ་ཞིང་ཞེ་མེར་བ། ཡ་མཚན་པ། འདང་མི་དཔོག་པ་ཞིག་ཏུ་གྱུར་བ་རེད། ཡང་ང་ཚོ་ལ་དཔལ་འབྱོར་ཡོད་དགོས་པ་སྨོས་མེད་རེད་མོད་དཔལ་འབྱོར་གྱི་ཆེད་དུ་དོན་གཉེར་བ་དང་དཔལ་འབྱོར་གྱི་བྲན་གཡོག་ཏུ་ཚུད་པ་ནི་ཇི་འདྲའི་གླེན་རྟགས་ཚ་བོ་ཞིག་རེད་ཨང༌།
ཚུགས་ཐུབ་མེད་པའི་མི་གཤིས་ལ་སུན་འབྱིན།
དེང་གི་མི་རྣམས་ལ་མི་གཤིས་ཀྱི་གཏིང་རིམ་ན་བརྟན་བརླིང་གི་མི་གཤིས་ཤིག་ཚུགས་ཐུབ་མེད། དེ་ཇི་ལྟར་ཤེས་ཐུབ་ཟེར་ན་ཚོང་བ་རྒྱ་མོ་དེས་རིན་གོང་གཏན་འཁེལ་བྱས་མེད་པས་རང་གི་ཚོང་རྫས་གོང་ག་ཚོད་ལ་བཙོང་བསམས་ན་དེ་ལྟར་བཙོང་རྒྱུ་ཡིན་ཞེས་སྐད་ཆ་སྦོམ་པོ་ཞིག་བཤད་མྱོང་ཅིང༌། རྗེས་སུ་དོ་དམ་ལས་ཁུངས་ཀྱི་ལས་མི་དག་གིས་ཁྱོད་ཀྱིས་མུ་མཐུད་དུ་ཚོང་ར་འདི་ནས་ཚོང་རྒྱག་རྩིས་ཡོད་ན། ངེས་པར་ཚོང་རའི་རིན་གོང་དང་མཐུན་པའི་ཚོང་ལས་གཉེར་དགོས་ཚུལ་དང་རང་འདོད་ལྟར་སྔོ་ཚལ་བཙོང་མི་ཆོག་པ་དང༌། དེ་རིང་ཁྱེད་རང་ཚོང་རའི་སྒྲིག་ལམ་དམ་འགལ་ཡོད་པས་དམངས་སྒོར་ལྔ་བཅུ་ཡི་ཆད་པ་བཅད་པ་ཡིན་ཞེས་བཤད་མོད།དེ་ལྟར་བཤད་མ་ཐག་ཚོང་བ་རྒྱ་མོ་དེས་ངར་ཤུགས་ཇེ་ཆེར་ཕྱིན་པ་དང་བསྟུན་སྐད་ཤུགས་སྔར་ལས་ཇེ་མཐོར་བཏང་སྟེ་ང་ལ་ཆད་པ་འབབ་མི་རུང་བ་དང་ཁྲིམས་འགལ་སོགས་ཀྱི་བྱ་བ་ལས་མེད་ཅིང་ཆད་རིན་ཡང་སྟེར་མི་ཐུབ་ཅེས་ཨུ་ཚུགས་བསྟན་བྱུང༌།ཡང་དོ་དམ་ལས་ཁུངས་ཀྱི་ལས་མི་དག་གིས་ཕྱིར་ལན་དུ་གནས་ལུགས་མེད་པའི་སྐད་ཆ་བཤད་མི་རུང་བ་དང་ཐ་ན་ཁྱོད་ཀྱིས་རྒྱ་མ་ཡང་རྣོག་ཡོད་ཅིང༌། གལ་སྲིད་ཁྱོད་ཀྱི་ཉེས་ཆད་མི་འཁུར་ན་ཕྱིན་ཆད་ཚོང་ར་འདི་ནང་དུ་ཡོང་མི་ཆོག་པར་བཤད་པར་མ་ཟད་ད་ལྟ་ཉིད་དུ་གཞུང་ལས་ཁང་དུ་འགྲོ་ཞེས་བཤད་པ་ན་རྒྱ་མོའི་རང་ཚུགས་ཤོར་བ་དང་ཐ་ན་མིག་ཆུ་ལྷུང་དགོས་པའི་ཚུལ་དུ་བསྐྱལ་བ་སོགས་ཀྱི་སྣང་ཚུལ་དེ་ལས་ཀྱང་ང་ཚོས་ཤེས་པ་ནི་ཚོང་བ་རྒྱ་མོ་དེ་ལ་རྟག་བརྟན་གྱི་རང་གཤིས་ཤིག་ཆགས་མེད་པ་དང་བྱ་བ་གང་ལའང་ཐེ་ཚོམ་གྱིས་ཚོས་ཡོད་པ་ཤེས་ཐུབ།མགོ་བརྩམས་པ་ནས་མཐའ་འཁྱོངས་མི་ཐུབ་ལ། རང་གཤིས་མེད་པའི་མི་ཞིག་བསྟན་ཡོད་པ་བརྒྱུད་དེང་གི་མི་རྣམས་ཀྱི་བྱ་བ་བྱེད་སྟངས་དང༌། རང་ཚུགས་མེད་པའི་མི་གཤིས། ཤེས་བྱའི་ཆུ་ཚད་སོགས་ཀྱི་ཕྱི་མོ་རྩོམ་པ་པོས་བརྩམས་སྒྲུང་གི་ལམ་ནས་བསྟན་ཟིན་ནོ། ། འདིའི་སྐབས་ཀྱི“རྒྱ་མ”ནི་རིག་གནས་ཀྱི་ཚབ་རྟགས་ཤིག་ཡིན་ལ། “བསྣོགས”དེ་ཡང་ཉེན་ཚབ་ཀྱི་འགྱུར་ལྡོག་དང་དེ་བཞིན“རྒྱ་མོ”ནི་དེང་གི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཚབ་མཚོན་མི་སྣ་ཞིག་དང༌། “རང་ཚུགས”ནི་རིམ་པ་དམའ་བའི་མི་ཞིག་གི་རིག་གནས་ཆུ་ཚད་ཀྱི་མཚོན་རྟགས་ཤིག་ཡིན་པ་བསྟན་ཡོད་དོ།།
རྒྱ་མོའི་རང་ཚུགས་ཤོར་བ་དང་ངུ་སྐད་འབྱིན་པ། མཚུངས་སུ་རང་ལུས་ལ་ཕངས་པ་མེད་པར་སྔོ་ཚལ་བཀབ་ནས་མདུན་གྱི་ཚོང་རྫས་འགེབས་སྲུང་བྱས་ནས་དོ་དམ་ལས་ཁུངས་ལ་ཁྱེར་རུ་མི་འཇུག་པའི་ཧམ་སེམས་ཀློང་ནས་བོད་ཀྱི་གྲྭ་རྒན་ཞིག་གིས་མོའི་ཚབ་ཏུ་དོ་དམ་ལས་ཁུངས་ལ་ཆད་དངུལ་བྱིན་པ་དང་ཕྱིན་ཆད་ཁོ་མོས་བྱ་བ་དེ་འདྲ་བྱེད་མི་སྲིད་པའི་ལས་བཅོལ་བྱས་བྱུང༌། ཚུལ་འདིས་བསྟན་ཡོད་པ་ནི་བོད་མི་རིགས་ནི་བྱམས་སེམས་ལྡན་པ་དང་སྙིང་རྗེ་ཡོད་པ། གཞན་ལ་རོགས་རམ་བྱེད་པའི་གཤིས་ཀ་ཞིག་རང་རྒྱུད་དུ་གྲུབ་ཡོད་པ་ཡང་ཞར་དུ་ཤེས། ལྷག་ཏུ་དགེ་ལུགས་པའི་སྡེ་ལ་མཚོན་ན་དེ་ལྟ་བུའི་སྙིང་རྗེའི་མཁྱེན་ཡངས་པའི་ཀུན་སློང་ཡོད་པ་ཡང་ཚུལ་དེ་ལས་ཤེས་ཐུབ། ཕྱོགས་ཡན་གར་བ་ཞིག་ནས་གྲྭ་རྒན་དེ་ནི་རིག་གནས་པ་ཉུང་བའི་ཁྲོད་ཀྱི་དེང་གི་བོད་ཀྱི་ཤེས་ཡོན་པ་ཞིག་ཡིན་ཡང་རིག་གནས་པ་དེས་བྱ་བ་བྱེད་སྟངས་ཚད་མཐོ་བ་དང་ཀློང་ཡངས་པ། ཤེས་བྱའི་སྒྲིག་གཞི་ཆ་ཚང་བའི་ཡོན་ཏན་པ་ཞིག་གི་ཚུལ་རྩོམ་པ་པོས་ཞོར་ཏུ་ངོ་སྤྲད་ཡོད་པ་ཡང་དགེ་མཚན་མི་དམན་པ་འདུག
བརྩམས་སྒྲུང་གིས་བྱིན་པའི་བློ་བསྐྱེད་དང་དགེ་བ་འཆད་པ།
སྤྱིར་སྒྲུང་ཐུང་ནི་སྒྲུང་རིང་ལྟར་བརྗོད་བྱ་འཚོ་བའི་ནང་དོན་ཕྲ་ཞིང་ཞིབ་པ་དང་ཟབ་ཅིང་རྒྱས་པར་མཚོན་པའི་ཁྱད་ཆོས་དང་ནུས་པ་མངོན་མི་དགོས་ཅིང༌། ཡང་སྒྲུང་འབྲིང་ལྟར་བརྗོད་བྱའི་དོན་གྱི་ཤོང་ཚད་རྒྱ་ཆེ་ཞིང་གཏམ་རྒྱུད་བྱུང་རིམ་གྱི་ཡན་ལག་ཀྱང་ཅུང་ཟད་མང་དུ་སྤེལ་ཆོག་མི་དགོས། དེ་ན་སྒྲུང་ཐུང་ནི་སྤྱི་ཚོགས་འཚོ་བ་མཚོན་པ་མགྱོགས་མྱུར་ཆེ་ཞིང༌། ཚིག་ཚོགས་ཉུང་ལ་བརྗོད་བྱ་གཏིང་ཟབ་ཅིང་དོན་གྱི་བྱུང་རིམ་གཅིག་ལ་ངེསཔའི་བསྟན་བཅོས་ཤིག་ཡིན། ཐེངས་འདིར་བདག་གིས་གླེང་བྱར་གྱུར་བའི་བརྩམས་སྒྲུང་འདི་མི་སྣ་གཙོ་བོ་གསུམ་བརྒྱུད་དེ་རྩོམ་པ་པོ་ཁོ་རང་སྔོ་ཚལ་ར་བ་ནང་དུ་སྔོ་ཚལ་ཉོ་རུ་ཕྱིན་སྐབས་མི་མང་བོ་འདུས་ཏེ་ཁ་འཛིང་བྱེད་པ་དང་མཐོང་བ་དང༌། ཚོང་བ་རྒྱ་མོ་ཞིག་གི་ཁྲིམས་མེད་ལུགས་མེད་ཀྱིས་ཚོང་རྫས་རིན་གོང་མཐོ་པོར་སྤེལ་བ། རྒྱ་མ་ཡང་བསྣོགས་འདུག་པ་སོགས་དོ་དམ་ལས་ཁུངས་ཀྱིས་ཁོ་མོས་ཁྲིམས་མཐུན་མིན་པའི་བྱ་སྤྱོད་ལ་དགག་པ་དང༌། ཁོ་མོ་ལ་ཆད་པ་གཅོད་པ་དང་ཆད་པ་གཅོད་པའི་ཚུལ་དེས་བོད་ཀྱི་གྲྭ་རྒན་ཞིག་གིས་མཐོང་ནས་ཁོའི་མོའི་ཚབ་ཏུ་སྒོར་ཚབ་སྤྲད་པ་སོགས་ཀྱི་བྱུང་རིམ་དང་སྒྲིག་གཞི། མི་སྣ་སོགས་རྙོག་འཛིང་ཅན་གྱི་ལམ་དེར་བརྒྱུད་མེད་པར་སྒྲུང་ཐུང་ཡིག་བརྒྱ་མའི་ཁྱད་ཆོས་འབུར་དུ་ཐོན་ཞིང༌། སྤྱི་ཚོགས་འཚོ་བ་མཚོན་པར་མྱུར་བའི་བརྩམས་སྒྲུང་ཞིག་ཡིན་པ་ཁོ་བོས་མཐོང༌།
གཞུང་ལུགས་ལྟར་ན་བརྩམས་སྒྲུང་གི་ཁྱད་ཆོས་གཙོ་བོ་ནི“རྫུན”སྤྱད་དེ་འབྲི་བའི་སྲོལ་ནི་བརྩམས་སྒྲུང་གི་ཁྱད་ཆོས་སུ་ངོས་འཛིན་མོད། རང་ཅག་གི་འཚོ་སྡོད་ཀྱི་གནས་བབས་དང་དུས་རབས་ཀྱི་འགྱུར་ལྡོག མི་གཤིས་ཀྱི་གཏིང་རིམ་ན་བག་ལ་ཉལ་བའི་བག་ཆགས་རྙིང་བ། དྭངས་གཙང་གི་མི་ཡི་གཤིས་ཀ་དཔལ་འབྱོར་གྱིས་བཅོམ་སླ་བའི་ཚུལ་དེ་དག་ལ་བསམ་ན་བརྩམས་སྒྲུང་ཡང་རྫུན་མཁོ་ན་སྤྱད་དེ་བྲི་རྩོམ་གནང་ན་སྤྱི་ཚོགས་ཀྱི་དགོས་མཁོ་དང་མི་ཡི་དགོས་མཁོ། རིག་གནས་ཀྱི་དགོས་མཁོ། འཚོ་སྡོད་ཀྱི་དགོས་མཁོ་སོགས་ལ་ནུས་པ་ཁྱད་པར་བ་ཞིག་ཐོན་མི་ནུས་པས་དངོས་ཡོད་འཚོ་བ་ལ་གཞི་བཅོས་ཏེ་སྨྱུག་ཁ་ཡང་རང་ཅག་གི་ད་ལྟའི་སྣང་ཚུལ་དག་དམར་རྗེན་ཏུ་བཤུས་ཐུབ་ན་འོས་པར་མཐོང༌། སྤྱིར་བརྩམས་སྒྲུང་ནི་དམངས་ཀྱི་འཚོ་བ་རྣམས་ཡིག་ཐོག་བཀོད་པའི་རྣམ་པ་ལ་ཟེར་ཞིང༌། དམངས་ཀྱི་འཚོ་བ་དང་བྲལ་བའི་བརྩམས་ཆོས་ནི་སྲོག་གི་དབང་བོ་ཞུགས་མེད་ཅེས་བཤད་ན་མི་རུང་བ་ཞིག་མིན། ཡང་བརྩམས་སྒྲུང་གི་ལུས་ཀྱི་རིང་ཐུང་ལ་ནང་དོན་གྱི་ཆ་ནས་བལྟ་མཁན་སྐོར་ཞིག་དང་ཚིག་གི་ཆ་ནས་བལྟ་མཁན། ཡིག་འབྲུའི་ཆ་ནས་བལྟ་དུ་མ་ཡོད་ཅིང༌། ཁོ་བོས་ཐེངས་འདིའི་གླེང་བྱར་གྱུར་བའི་བརྩམས་སྒྲུང་ཐུང་བ་འདི་ལ་ནང་དོན་དང་ཡིག་འབྲུའི་ཆ་གང་རུང་ནས་བལྟས་པ་ཡིན། རྒྱུ་མཚན་ཅིའི་ཕྱིར་ཟེར་ན། ནང་དོན་གྱི་ཆ་ནས་བརྩམས་སྒྲུང་ཐུང་བ་འདི་ལ་སྤྱི་ཚོགས་འཚོ་བ་མཚོན་པ་མགྱོགས་ཤིང་བརྗོད་བྱ་འཚོ་བའི་སྣང་ཚུལ་སྣ་ཚོགས་ཉིང་སྡུད་བཅུད་ལེན་གྱི་བདུད་རྩི་བཞིན་དུ་སྦྱངས་ཏེ་རྗོད་བྱེད་ཚིག་ཚོགས་ཀྱི་སྣོད་དམ་པ་བུམ་བཟང་ལྟར་བུངས་ཆུང་ལ་སྙིང་བཅུད་འཛིན་པ་གནད་དུ་ཁེལ་ཡོད་པས་ཡིན། གཞན་ཡིག་འབྲུ་ཆ་ནས་བརྩམས་སྒྲུང་འདི་ལ་ཡིག་འབྲུ་སྟོང་གཅིག་དང་བདུན་ཅུ་དོ་བདུན་རེ་ལོང་བ་ཞིག་ཡོད་པས་བརྩམས་སྒྲུང་ཐུང་བའི་དགོངས་པ་དང་མཐུན། དེ་བཞིན་མི་སྣ་ཉུང་ཞིང་དོན་འདུས་པ། སྣང་བརྙན་བཞེངས་སྐྲུན་གྱི་ངོས་དེ་ཡང་གཙང་ཞིང་ཁ་གསལ་གོ་བདེ་ཅན་ཞིག་ཡིན་ནོ།།
དེ་བཞིན་བརྩམས་སྒྲུང་འདི་མཇུག་བསྡུ་སྟངས་ཐད་ནས་ཤིན་ཏུ་བློར་འབབ་པ་ཞིག་རེད། རྒྱུ་མཚན་ནི༌། དོ་དམ་པ་རྣམས་ཀྱིས“ཨ་ཁུ་ཁྱོད་ཀྱི་མོའི་ཚབ་ཏུ་ཆད་དངུལ་བྱིན་པར་བཀའ་དྲིན་ཆེ་ཞེས་བཤད་པ་དང་དེ་མུར་ཚོང་བ་རྒྱ་མོ་དེར་ཁ་ཕྱོགས་ནས་ཁྱོད་ཀྱིས་ཨ་ཁུ་ལ་བཀའ་དྲིན་ཡང་ཞུ་མི་ཤེས་སམ། ཁོ་ལྟ་བུའི་མི་ད་ལྟ་རིག་རྒྱུ་མཐོང་རྒྱུ་ཧ་ཅང་ཉུང”། ཞེས་པའི་སྐད་ཆ་ཚིག་དུམ་དེ་ལས་ང་ཚོས་ཤེས་ཡོང་བ་ནི་དེང་གི་དུས་འདིར་མི་བཟང་བོ་དང་ལྷག་པར་ཡོན་ཏན་པ་ཞིག་ཧ་ཅང་ཉུང་བ་བསྟན་ཡོད་འདུག ཡོན་ཏན་དང་ལྡན་ལ་མི་གཤིས་ཀྱང་དྭངས་གཙང་བ་ཞིག་ཡིན་པའི་མིག་ལམ་ནས་སྣང་ཚུལ་དེ་རིགས་མཐོང་ན་སྙིང་རྗེ་བ་དང་སེམས་ན་བ་ཞིག་ཡིན་ཕྱིར་ཨ་ཁུ་དེ་ནི་དེང་གི་མི་གྲངས་མང་བའི་ཁྲོད་ཀྱི་ཡ་རབས་སྤྱོད་བཟང་གྱི་ཚབ་མཚོན་མི་སྣ་ཞིག་བསྟན་ཡོད་པར་ཁོ་བོས་འདོད། བརྩམས་སྒྲུང་འདི་མཇུག་བསྡུ་ཐབས་ཀྱི་ཆ་དེ་མཐར་རིག་གནས་པ་ཞིག་གི་སྤྱོད་བཟང་དང་དེ་ཡི་དགེ་མཚན་སྟེང་ནས་མཇུག་བསྡུས་ཡོད་ཅིང༌། ཡོན་ཏན་པ་ཇེ་མང་དུ་འགྲོ་བར་འབད་པ་ནི་རྩོམ་པ་པོ་ཁོ་རང་དང་བཅས་རང་ཅག་གི་ཤེས་ཡོན་པ་དག་གི་རེ་ལྟོས་ཤིག་ཡིན་པས་མཇུག་བསྡུ་སྟངས་དེ་ཡང་རེ་འབོད་ཅིག་མིན་པའི་ངེས་པ་མེད་དོ།།
མཇུག་གཏམ།
ང་ཚོ་བོད་ལ་སྤྱི་ཚོགས་རིག་པ་དང་རིག་གནས་མིའི་རིགས་རིག་པ་སོགས་ཀྱི་ཆེད་ལས་ཡན་གར་བ་ཞིག་མེད་སྟབས་རྩོམ་རིག་གིས་སྤྱི་ཚོགས་ཀྱི་འགན་ཕྲག་ཏུ་ལེན་དགོསཤིང༌། ནུབ་གླིང་ལ་སོགས་པས་སྤྱི་ཚོགས་ཀྱི་གནད་དོན་བཤད་པ་ལ་སྤྱི་ཚོགས་རིག་པའི་རིག་ཚན་ཡོད་ཅིང༌། རྩོམ་རིག་གིས་སྤྱི་ཚོགས་ལ་འགན་ཁུར་དགོས་མི་དགོས། དེ་བས་བོད་ཀྱི་སྤྱི་ཚོགས་ནི་དེ་འདྲ་ཞིག་མ་ཡིན་པར་རྩོམ་རིག་གིས་སྤྱི་ཚོགས་ལ་འགན་འཁུར་དགོས་པས་དངོས་ཡོད་འཚོ་བ་དང་དངོས་ཡོད་གནད་དོན་སོགས་ལ་རྒྱང་གྱེས་མི་རུང༌། དངོས་ཡོད་དང་བྲལ་བའི་ཚེ་སྒྱུ་རྩལ་གྱི་བདེན་པ་ཡང་ལོགས་སུ་སྤྱུགས་ཡོད།
རྩོམ་རིག་གིས་སྤྱི་ཚོགས་ལ་ནུས་པ་ཐད་ཀར་འདོན་མི་ཐུབ་ནའང་མི་ལ་སློབ་གསོ་བྱེད་པ། སྤྲོ་བ་བསྐྱེད་པ། སྤོབས་པ་སློང་བ། ཤེས་བྱ་སྟེར་བ། མིའི་བློ་སྒོ་འབྱེད་པ་སེམས་རྒྱུ་སྦྱོང་བ་སོགས་རིག་གནས་ཀྱི་རྣམ་པ་གཞན་གྱིས་ཚབ་བྱེད་བྲལ་བའི་ནུས་པ་ཐོན་ཀྱིན་ཡོད་ཅིང༌། རྩོམ་རིག་གི་ཁ་གཏོད་ཡུལ་དང་བྱེད་ནུས་ཉིས་ཆར་ནས་རྩོམ་རིག་དང་ཆོས་ལུགས་འདྲ་མཚུངས་སུ་བཤད་བཞིན་པ་ལ་དཔག་ན་རྩོམ་རིག་གི་དགོས་པ་དེ་རླབས་ཆེན་བ་ཞིག་ཏུ་ཅིའི་མི་བསྒྲེངས། ལོ་རྒྱུས་ཡིག་ཆ་དང་ཆོས་འབྱུང་དེབ་ཐེར་སོགས་ནི་ཆབ་སྲིད་དང་གྲུབ་མཐའི་དབང་དུ་གྱུར་དུས་ཕྱེད་བདེན་ལ་ཕྱེད་མི་བདེན། ཚན་རིག་རྣམ་གསུམ་ཡང་འདོད་ཡོན་གྱི་ལག་ཆར་འགྱུར་དུས་ཕྱེད་བདེན་ཕྱེད་མི་བདེན། ཆེས་ཕུལ་དུ་བྱུང་བའི་རྩོམ་རིག་ནི་ཡུལ་དུས་ངེས་ཅན་ཞིག་གི་བདེན་པ་སྨྲ་བའི་ཡིག་ཆ་ཡིན་ཞེས་པའང་དོན་ལ་གནས་ཤིང་འབོར་མི་རུང་བ་ཞིག་ཡིན་ནོ། །
རིག་གནས་སློབ་གཉེར་བ་ང་ཚོར་མཚོན་ན་དངོས་ཡོད་འཚོ་བ་ཡལ་བར་དོར་ཏེ་སྐད་ཆ་བཤད་པའི་གྲངས་ཇེ་ཉུང་དང་ཐག་ཉེ་སར་བཅར་ཏེ་ཞིབ་འཇུག་དང་ལག་ལེན་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། ང་ཚོས་དངོས་ཡོད་འཚོ་བ་ལ་ཁ་བྲལ་དང་དེར་དོ་སྣང་མི་བྱེད་པའི་རྒྱུ་མཚན་གྱིས་ད་ལྟའི་གནས་བབས་ནི་ཡ་མཚན་པ་ཞིག་ཏུ་གྱུར་བ་རེད། ང་ཚོའི་རིག་གནས་འདི་དང་སྐད་ཆ་འདི། འཚོ་གནས་ཀྱི་ཐད་དུ་ཡུན་རིང་བོར་འཚོ་དགོས་ན་ངེས་པར་ཐག་ཉེ་སར་ཡོང་སྟེ་ཞིབ་འཇུག་བྱེད་རྒྱུ་དེ་ཤིན་ཏུ་འགངས་ཆེ་ཞིང༌། སྤྱི་ཚོགས་སྟེང་གི་གནད་དོན་ཆུང་རབ་ཆེ་གསུམ་བརྩམས་ཆོས་ཀྱི་ལམ་ནས་དཔྱད་དེ་གནས་བབས་ཇེ་ལེགས་དང་ཀུན་མཐུན་གྱི་ཁོར་ཡུག་བསྐྲུན་པར་འབད་དགོས། བདག་གིས་གླེང་བྱར་གྱུར་བའི་བརྩམས་སྒྲུང་ཐུང་བ་འདིས་དེང་གི་གནས་བབས་ངོ་མ་ཞིག་བརྩམས་སྒྲུང་གི་ལམ་ནས་མངོན་པར་བྱས་ཏེ་ཀུན་ལ་ངོ་སྤྲད་ཡོད་པ་འདི་བདག་གིས་བསྟོད་པའི་ཡིད་དུ་གྱུར་བ་དང་བཅས་བྲིས་རྫོགས་སོ། །