《ཡིག་ཕུད་སྙན་ངག》གི་ལོ་རྒྱུས་རྒྱབ་ལྗོངས་དང་བརྗོད་བྱའི་ནང་དོན་བཤད་པ།
རྩོམ་པ་པོ།:ཆབ་འགག་རྟ་མགྲིན།
ཡོང་ཁུངས།:《བོད་བཙན་པོའི་དུས་ཀྱི་རྩོམ་རིག》
དུས་ཚོད།:2011-11-03
ཀློག་གྲངས།:
བོད་ལྗོངས་སྟག་རྩེ་རྫོང་ཁོངས་ཀྱི་བཙུན་མོའི་ཚལ་དགོན་དུ། “༅།།ཞལ་རས་གསལ་ལ་རང་མདངས་གང་བ་བཟང་། །གདམ་ངག་ཟབ་ལམ་མ་ཆད་ཐ་དད་རང་། །ལས་ངན་བག་ཆགས་ཐམས་ཅད་གསལ་མཛད་པ། །འཕགས་པ་མ་ཕམ་ཡང་དག་དམ་པ་ལ། །བདེ་གཤེགས་བདེན་ངེས་ཡེ་ཤེས་ཏེ། །ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། །ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག །(དུག་གསུམ་བདུད་འདུལ་ཀུན་ཏུ་ཐུལ། བཙུན་མོའི་ཚལ་དགོན་གྱི《ཡིག་ཕུད་སྙན་ངག》རྡོ་བརྐོས་མར་མེད་པ《རྒྱལ་རབས་གསལ་བའི་མེ་ལོང》ལས་དྲངས་ནས་བསྐངས་པ་ཡིན།)”ཅེས་སྙན་ངག་ཤོ་ལོ་ཀ་གཉིས་རྡོ་ལ་བརྐོས་ཡོད་པ་དེ་ས་སྐྱ་པ་བསོད་ནམས་རྒྱལ་མཚན་གྱིས་ལོ་ངོ་དྲུག་བརྒྱའི་སྔོན་དུ་བརྩམས་པའི《རྒྱལ་རབས་གསལ་བའི་མེ་ལོང》དང་། དཔའ་བོ་གཙུག་ལག་ཕྲེང་བས་ལོ་ངོ་བཞི་བརྒྱའི་སྔོན་དུ་བརྩམས་པའི《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་སུ་བློན་པོ་ཐོན་མི་སཾ་བྷོ་ཊའི་བརྩམས་ཆོས་ཡིན་པར་གསུངས་པ་སྟེ། སྲོང་བཙན་སྒམ་པོ་བོད་ཀྱི་རྒྱལ་པོའི་གསེར་གྱི་ཁྲི་ལ་མངའ་གསོལ་རྗེས། ཆོས་དགེ་བ་བཅུ་ལ་བརྟེན་པའི་རྒྱལ་ཁྲིམས་འཆའ་བ། འདོད་ཡོན་ལྔ་སྤེལ་བ། ཕན་ཚུན་དུ་སྐྱེས་བསྐུར་བ། མངའ་འོག་གི་འབངས་རྣམས་ལ་ཆོས་ཀྱི་བཀའ་བསྒོ་བ་ལ། བོད་ན་ཡི་གེ་མེད་པས། ཐོན་མི་སཾ་བྷོ་ཊ་སོགས་བོད་ཕྲུག་བློ་རིག་རྣོ་བ་དང་ཡོན་ཏན་དུ་མ་ལྡན་པ་ཁག་ཅིག་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་བ་དང་། རྒྱ་གར་གྱི་ཡི་གེ་དང་སྒྲ་བསྟན་བཅོས་ཐམས་ཅད་བསླབས་ཤིང་། རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཐོག་བོད་ཀྱི་སྐད་དང་མཐུན་པའི་སྒྲ་སྦྱོར་ཡི་གེ་འདིའི་སྲོལ་བཏོད་དེ་བོད་དུ་ཕྱིར་ཕེབས་པ་ལ་བློན་པོ་ཐོན་མིས་རྒྱལ་པོ་སྲོང་བཙན་སྒམ་པོར་ཞུ་འབུལ་གྱི་ཡིག་ཕུད་དུ་བརྩམས་པར་འཁོད་ཅིང་། བོད་ལྗོངས་སྟག་རྩེ་ས་ཁུལ་གྱི་ངག་རྒྱུན་དུའང་བཙུན་མོའི་ཚལ་དགོན་དུ་རྡོ་ལ་བརྐོས་པའི《ཡིག་ཕུད་སྙན་ངག》ནི། ཐོན་མི་སཾ་བྷོ་ཊ་རྒྱལ་པོ་སྲོང་བཙན་སྒམ་པོའི་མངག་བཅོལ་ལྟར་རྒྱ་གར་དུ་སློབ་གཉེར་དུ་ཕེབས་ནས་རིག་གནས་སྣ་ཚོགས་ལ་མཁས་པར་སྦྱངས་ཤིང་བོད་སྐད་ཀྱི་ཁྱད་ཆོས་དང་མཐུན་པའི་ད་ལྟའི་བོད་ཡིག་འདི་གསར་གཏོད་མཛད་དེ་ཕྱིར་ཕེབས་ཚེ། རྒྱལ་པོ་སྲོང་བཙན་ཡབ་ཡུམ་གཉིས་ལྷ་ས་ནས་བཙུན་མོའི་ཚལ་དགོན་དུ་སྤྲོ་འཆམ་དུ་ཕེབས་པས། ཁོང་རང་ཡང་དེར་ཕེབས་ནས་རྒྱལ་པོ་ལ་ཡིག་ཕུད་དུ་ཕུལ་བ་ལ་ས་དེའི་བོད་མི་རྣམས་ཀྱིས་དོན་དེ་ལ་རྗེས་དྲན་བྱེད་ཆེད་མི་འགྱུར་གོར་མོ་རྡོ་ལ་བརྐོས་པར་བརྗོད་དོ།།
དེ་ཡང《ཡིག་ཕུད་སྙན་ངག》གི་བརྗོད་བྱའི་ནང་དོན་ལ་མདོ་སྔགས་སོ་སོའི་ཐ་སྙད་ཀྱི་སྟེང་ནས་འགྲེལ་བ་མཛད་ཚུལ་ཡོད་པ་ལས་འདིར་ཚེ་ཏན་ཞབས་དྲུང་མཆོག་གིས་སྔགས་ཕྱོགས་ཀྱི་ཐ་སྙད་སྟེང་ནས་འགྲེལ་བ་མཛད་པ་བཀོད་ན་འདི་ལྟར།
1.ཤོ་ལོ་ཀ་དང་པོའི་བརྗོད་དོན་ནི། “སོ་སྐྱེའི་ས་ལས་རིང་དུ་སོང་བས་ན་འཕགས་པ་དང་། བདུད་བཞིའི་གཡུལ་ངོ་ལས་རྣམ་པར་རྒྱལ་བས་མ་ཕམ་པ་སྟེ། དགའ་ལྡན་གྱི་མགོན་པོ་རྗེ་བཙུན་བྱམས་པ་ཆོས་ཅན། མཚན་ཉིད་ཐམས་ཅད་ཡང་དག་པར་ལྡན་པའི་འདྲེན་པ་དམ་པ་ལགས་ཏེ། སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ལས་ཐོག་མར་སྐུ་ཡི་ཡོན་ཏན་གྱི་ཆ་ནས་ཞལ་རས་ཏེ་བཞིན་གྱི་དཀྱིལ་འཁོར་དག་ཅིང་གསལ་ལ། ཕལ་བའི་ཚོན་གྱིས་བསྒོས་པ་མ་ཡིན་པར་རང་བཞིན་ནམ་ལྷན་སྐྱེས་སུ་གྲུབ་པའི་ཞལ་གྱི་གཟི་མདངས་བཟང་བར་མ་ཟད། ཐ་མལ་བའི་གདོང་ལྟར་ལྐོག་ཏུ་ལྷུང་བ་དང་། ཞོམ་པ་ལ་སོགས་པའི་སྐྱོན་དང་བྲལ་བ་ནི། དཔེར་ན། ཟླ་བ་ཉ་གང་བའི་ཚུལ་ལྟར་མཚན་བཟང་དང་ལྡན་པའི་ཕྱིར། ཡང་རྗེ་བཙུན་བྱམས་པ་ཆོས་ཅན། ཁྱེད་ལ་གསུང་གི་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡོད་དེ། གདུལ་བྱ་རྣམས་ཐར་ལམ་དུ་བཀྲི་བའི་གདམས་ངག་ཟབ་མོའི་ལམ་གྱི་རིམ་པ་གདུལ་བྱའི་སྐལ་བ་དང་འཚམས་པར་རྒྱུན་མ་ཆད་པའི་གསུང་ཚངས་པའི་དབྱངས་དེ་ནི། ལྷ་དང་བཅས་པའི་འཇིག་རྟེན་པའི་རིས་ཐ་དད་པའི་མོས་པ་བཞིན་དུ་ཆོས་ཀྱི་སྒྲ་ལྷང་ལྷིང་དུ་སྒྲོགས་པར་མཛད་པའི་ཕྱིར། ཡང་རྗེ་བཙུན་བྱམས་པ་ཆོས་ཅན། ཁྱོད་ལ་ཐུགས་ཀྱི་ཡོན་ཏན་ཁྱད་པར་འཕགས་པ་ཡོད་དེ། རང་དོན་མཐར་ཕྱིན་པ་བརྙེས་པའི་ཚེ་ན། ལས་དང་ཉོན་མོངས་པ་ངན་སོང་ངན་འགྲོའི་རྒྱུར་གྱུར་པ་གང་ཇི་སྙེད་ཅིག་ཡོད་པ་ཀུན་དང་། དེར་མ་ཟད་ཉོན་མོངས་ཀྱི་བག་ཆགས་དང་བཅས་པ་ཐམས་ཅད་སླར་མི་འབྱུང་བའི་ཚུལ་གྱིས་བསལ་བ་སྟེ་རྒྱང་རིང་དུ་དོར་བར་མཛད་པ་དང་། གཞན་དོན་མཐར་ཕྱིན་པ་བརྙེས་པའི་རྟགས་སུ་འགྲོ་བ་རིགས་དྲུག་པོའི་རྒྱུད་ཀྱི་ལས་ངན་གྱིས་བཞག་པའི་སྒྲིབ་གཉིས་བག་ཆགས་ཐམས་ཅད་བསལ་ནས། སངས་རྒྱས་ཀྱི་ས་ལ་འགོད་པར་མཛད་པའི་ཕྱིར།”ཞེས་པ་དང་།
2.ཤོ་ལོ་ཀ་གཉིས་པའི་བརྗོད་དོན་ནི། “བདེ་བའི་ལམ་ནས་བདེ་བའི་སར་གཤེགས་པའི་མི་སློབ་པའི་ཟུང་འཇུག་གི་སྐུ་ཐོབ་པའི་རྡོ་རྗེའི་སྐུ་ཅན་རྣམས་ཆོས་ཅན། བདེན་གཉིས་དབྱེར་མེད་ཀྱི་རྣམ་འབྱོར་ལ་བརྟེན་ནས་རྒྱལ་བ་ཀུན་གྱི་བགྲོད་པའི་ལམ་གཅིག་པུར་ངེས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་བརྙེས་པ་ཡིན་ཏེ། འོད་ཟེར་དོན་དམ་པའི་ཏིང་ངེ་འཛིན་རྟག་ཆད་ཀྱི་མཐའ་གཉིས་ཞི་བ་ཉིད་དེ་གཏན་བྲལ་དུ་གྱུར་པས་ཆོས་ཀྱི་དབྱིངས་སྟོང་བ་ཉིད་མངོན་སུམ་དུ་རིག་ཅིང་སྒྲིབ་མེད་དུ་གཟིགས་པའི་ཐུགས་དག་པ་དོན་གྱི་འོད་གསལ་ཆོས་ཀྱི་སྐུ་དང་། ཤིན་ཏུ་ཕྲ་བའི་གཉུག་མའི་རླུང་སེམས་ལས་གྲུབ་པའི་མཚན་དཔེ་གསལ་རྫོགས་ཀྱི་སྐུ་ཉོན་མོངས་ཕྲ་རགས་ཀྱི་ཚོགས་ཀུན་ནས་བཅོམ་པའི་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་ཀྱི་དོད་ཐུབ་པའི་སྐུ་དག་སྒྱུ་མའི་གཟུགས་ཀྱི་སྐུ་སྟེ། སྐུ་ཐུགས་ཟུང་དུ་འཇུག་པའི་དང་པོའི་མགོན་པོ་མཆོག་ཏུ་དངོས་གནས་སུ་བཞེངས་པའི་སྐུ་དེ་ཉིད་ཀྱིས་དུག་གསུམ་གྱིས་དྲངས་པའི་སྒྲིབ་གཉིས་ཀྱི་བདུད་འདུལ་བ་ལ་ཐབས་མཁས་དང་ལྡན་ཞིང་། བདུད་དེ་ཉིད་རྣམ་པ་ཀུན་ཏུ་སླར་མི་འོང་བའི་ཚུལ་གྱིས་ཐུལ་པར་མཛད་པ་སྟེ་ཚར་བཅད་པའི་ཕྱིར།”ཞེས་པ་ལས་མཁྱེན་པར་མཛོད།

འབྲེལ་ཡོད་འོས་སྦྱོར།