logo

རྡོ་རིང་ཡི་གེའི་ཁྱད་ཆོས་གཙོ་བོ་བཤད་པ།

རྩོམ་པ་པོ།:ཆབ་འགག་རྟ་མགྲིན། ཡོང་ཁུངས།:《བོད་བཙན་པོའི་དུས་ཀྱི་རྩོམ་རིག》 དུས་ཚོད།:2011-10-31 ཀློག་གྲངས།:
              བོད་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་ནི་ཚིག་ལྷུག་གི་སྒོ་ནས་སྐབས་དེའི་དོན་རྐྱེན་རྣམས་ཐོ་འགོད་བྱས་པ་ཡིན་པས། ཐོ་འགོད་ལྷུག་རྩོམ་མམ་ལོ་རྒྱུས་ལྷུག་རྩོམ་དུ་གཏོགས་ལ་དེ་ལྟ་བུའི་བརྩམས་ཆོས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཞི་ཡོད་པར་འདོད། 
              1.བོད་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་ནི་དུས་སྐབས་དེ་རང་གི་བྱུང་བ་དུས་སྐབས་དེའི་བཙན་པོ་སྲིད་གཞུང་གིས་ཞིབ་དཔྱོད་ཡང་ཡང་བྱས་ནས་བྲིས་པ་དང་། རྗེས་རབས་པའི་སྒྲོ་སྐུར་སོགས་བཅོས་སླད་ཅི་ཡང་མ་འདྲེས་པས། ལོ་རྒྱུས་ཀྱི་རིན་ཐང་གཞལ་མཐའ་བྲལ་བ་སྟེ། སྐབས་དེའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཡིག་ཚང་ཁུངས་མ་དང་། ལོ་རྒྱུས་བསྟན་བཅོས་དང་ཞིབ་འཇུག་གྲུབ་འབྲས་ཀྱི་ལྟ་བ་དག་མིན་ལ་དཔྱད་བརྗོད་བྱེད་པའི་ཚད་གཞི་ཉག་གཅིག་ཡིན། 
              2.བོད་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་རྣམས་ནི་སྐབས་དེའི་བཙན་པོ་སྲིད་གཞུང་གི་བཀའ་ཆོད་རྡོ་རིང་གི་ངོས་དང་དྲིལ་སྒྲོག་གི་དགོས་མཁོ་ལྟར་མདོ་དོན་བསྡུས་ནས་བྲིས་པ་ཡིན་པས། ཚིག་གི་སྦྱོར་བ་ཚགས་དམ་ཞིང་གཅོད་མཚམས་གསལ་ལ། ཉག་ཉོག་ཚིག་གི་ལོ་མས་མ་གཡོག་ཅིང་ཟབ་མོ་དོན་གྱི་འབྲས་བུ་མངོན་པར་གསལ་བ་རེད། འདི་ནི་ང་རང་ཚོས་ད་ལྟ་མ་ཟད་མ་འོངས་པར་ཡང་སློབ་སྦྱོང་བྱ་དགོས་པའི་རྩོམ་སྲོལ་ལེགས་པོ་ཞིག་ཡིན་པར་སྙམ། 
              3.བོད་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་ནི་སྐབས་དེའི་བཙན་པོའི་སྲིད་གཞུང་གི་བཀའ་ཆོད་དངོས་ཡིན་ཞིང་། སྐབས་དེའི་བཙན་པོའི་རྒྱལ་རབས་ནི་སྟོབས་འབྱོར་མངའ་ཐང་དར་ཞིང་རྒྱས་པའི་ཐང་རྒྱལ་རབས་ཀྱི་འཐབ་པའི་ཟླ་དང་གྲོགས་ཀྱི་དོར་གྱུར་བ་སྟེ། “ཧན་རྒྱལ་རབས་དང་ཝེ་རྒྱལ་རབས་ཀྱི་དུས་ནས་བཟུང་། ནུབ་ཕྱོགས་ཀྱི་མི་རིགས་ཁྲོད་དུ་སྟོབས་འདི་ལྟར་ཆེ་བ་ནི་བྱུང་མ་མྱོང”(《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》ལས་གསལ)བས། རྡོ་རིང་ཡི་གེའི་ཚིག་གི་རླབས་མཐོ་ཞིང་དོན་ལ་ཆོད་སྟོབས་ཆེ་ལ། སྤོབས་པའི་གཟེངས་མཐོ་ཞིང་བརྗིད་པའི་ཉམས་ཀྱིས་ཁེངས་པ་སྟེ། བཙན་པོའི་རྒྱལ་རབས་ཀྱི་ཟིལ་ཤུགས་དང་བརྗིད་ཉམས་མངོན་ཡོད། 
              4.བོད་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་ནི་དུས་སྐབས་དེ་རང་གི་སྐད་དང་ཡི་གེས་བྲིས་ཤིང་། ཡི་གེ་འབྲི་སྟངས་དང་སྒྲ་ཡི་ཀློག་ཚུལ། མིང་བརྡ་བཀོལ་སྤྱོད། ལྷུག་རྩོམ་འབྲི་སྟངས་བཅས་ལ་དུས་རབས་ཀྱི་ཁྱད་ཆོས་མངོན་པར་གསལ་བས། དུས་སྐབས་དེའི་སྐད་དང་ཡི་གེར་ཞིབ་འཇུག་བྱེད་པའི་དཔྱད་གཞི་ཚད་མ་ཉག་གཅིག་ཡིན།


འབྲེལ་ཡོད་འོས་སྦྱོར།