logo

མཛེས་པ་དང་སྙན་ངག་ཟུར་ཙམ་གླེང་བ།

རྩོམ་པ་པོ།:འདྲེ་མེ་འབུད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-20 ཀློག་གྲངས།:

        འུ་ཅག་གི་སྒྱུ་རྩལ་ལས་རིགས་ཁྲོད་དུ་མཛེས་དཔྱོད་ཀྱི་བརྡ་ཆད་འདི་ཉིད་ཡུན་རིང་སྤྱད་དེ་གོམས་ཤིང་འདྲིས་པ་ནི་རྩོམ་རིག་གི་ལས་ལ་གཞོལ་བ་དག་ལ་ཤིན་ཏུ་གསལ་ནའང་། ཞིབ་ཏུ་གཞིགས་ན་མཛེས་དཔྱོད་ནི་བཀོལ་སྤྱོད་ཁེ་ཕན་དང་རིང་དུ་གྱེས་དགོས་པའི་གནས་ལུགས་ཤིག་སྔ་མའི་རིག་གཞུང་ཁྲོད་དུ་གང་སར་ཡན་པོར་འཕྱན་པས། སྒྱུ་རྩལ་རིག་གནས་ཀྱི་དོན་དངོས་དགོས་མཁོ་ལ་བར་ཆད་མི་ཉུང་བ་ཞིག་གཏོང་བཞིན་པའི་ལོག་ལམ་གྱི་ཉེན་ཁ་ཞིག་ཅིས་ཀྱང་བདོག་གོ། ནུབ་ཕྱོགས་ཀྱི་མཛེས་གཙོ་སྨྲ་བའི་སྙན་ངག་གི་སྣེ་ཁྲིད་པ་ཀོ་ཏི་ཡེ་ཡིས་ཀྱང་། མཛེས་དཔྱོད་ཀྱི་ཚད་གཞིར་ཀུན་སྤྱོད་དང་ཁེ་ཕན་དེ་བཞིན་དགའ་སྣང་གི་ལྟ་བ་བཅས་ཀྱི་ཤུགས་རྐྱེན་ཐེབས་མི་རུང་ཚུལ་ནན་གྱིས་གསུངས་ཡོད་ལ། དེ་ལྟར་དུ་ནུབ་ཕྱོགས་པས་མཛེས་དཔྱོད་ནི་བཀོལ་སྤྱོད་ཀྱི་ཁེ་ཕན་དང་འབྲལ་དགོས་པར་བརྗོད་དེ། སིད་བེ་སིའི་སེམས་ཁམས་རིག་པ་བ་པུའུ་ལོ་ཡིས་ཀྱང་དེ་བཞིན་དུ། མཛེས་དཔྱོད་དང་བཀོལ་སྤྱོད་ཀྱི་བར་ཐག་ཕྱེ་དགོས་པར་གསུངས་པ་མ་ཟད། དེ་ལ་ཡང་ཡིད་ཀྱི་བར་ཆོད་ཅེས་པའི་བརྡ་ཆད་གསར་བ་ཞིག་ཀྱང་གཏན་འབེབས་བྱས་ཏེ། ཕྱི་གླིང་བའི་སེམས་ཁམས་སུ་ནམ་ཡང་བསྒྱུར་དུ་མེད་པ་ནི་མཛེས་དཔྱོད་དེ་ཉིད་བཀོལ་སྤྱོད་ཁེ་ཕན་གྱི་ངོ་བོར་གཅིག་ཏུ་མེད་པའི་རིང་ལུགས་མཁྲེགས་པོ་གོམས་གཤིས་སུ་གཏན་འཇགས་སུ་གྱུར་བས། འཇར་མན་གྱི་སུའུ་པེར་ཧེར་གྱིས་ཀྱང་། མཛེས་པ་དང་དོན་དངོས་ཀྱི་ཕན་ཁེ་གཉིས་ཉམས་གནས་འོང་བའི་གོ་སྐབས་ཕྲ་ཞེས་བརྗོད་དེ། གཅིག་གི་རིང་ལུགས་གཅིག་གིས་རྒྱབ་དཔུང་གི་ཚུལ་དུ་མཐོ་རུ་བཏེགས་པས། མཛེས་རིག་གི་ལྟ་བ་འདི་ཡང་བཀོལ་སྤྱོད་ཀྱི་ཁེ་ཕན་ལ་བསམ་བཞིན་དུ་རྒྱང་ཁད་ཅིག་ཕྱེ་ཡོད།   དེ་ལྟར་མཚོན་བྱེད་རིང་ལུགས་ཀྱི་སྙན་ངག་གི་ཚབ་མཚོན་མི་སྣ་པོ་ཏེ་ལེར་གྱིས་ཕྱོགས་མང་པོ་ཞིག་ཏུ་ཀོ་ཏེ་ཡིས་ཤུགས་རྐྱེན་ངེས་ཅན་ཞིག་གིས་ཟིན་ཡོད་པས། ཁོའི་སྙན་ངག་ཏུའང་སྐབས་སྐབས་སུ་མཛེས་གཙོ་བའི་རིང་ལུགས་རྣལ་མ་རེ་རྙེད་དུ་མཆིས། དེ་ལྟ་བུའི་ཤུགས་རྐྱེན་གྱི་གྲིབ་གཟུགས་རིང་མོའི་ཁྲོད་ནས་སྙན་ངག་པ་མང་པོ་ཞིག་གིས་ཀྱང་སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་དང་མཛེས་པའི་ཆེད་དུ་མཛེས་པ་ཞེས་པའི་བྲིན་རྒྱུགས་ཆེ་བའི་ཁྲོམ་ར་ཞིག་ངང་གིས་གྲུབ་སྟེ། དེ་ཡང་བདེན་བདེན་གྱིི་གོམས་གཤིས་ཀྱི་གནས་ལུགས་རིགས་ཤིག་ཏུ་གྱུར་བ་རེད། དེ་ལྟར་ཁོ་ཚོས་མཛེས་དཔྱོད་དང་ཁེ་ཕན་གྱི་བར་ཐག་ཕྱེ་སྟེ་དེ་རིང་བར་དུ་བསྐྱལ་བའི་ལོ་རྒྱུས་བྱུང་བ་རེད།

        སྤྱིར་མཛེས་པ་ཡང་རིགས་གཉིས་སུ་དགར་ནས་བརྗོད་ཆོག་པར་སྙམ་སྟེ། དེ་ཡང་རང་བྱུང་གི་མཛེས་པ་ཞིག་དང་རྩོལ་བྱུང་གི་མཛེས་པ་གཉིས་སུ་འདུ་བ་དང་། རང་བྱུང་གི་མཛེས་པ་ནི་མིའི་བྱེད་རྩོལ་དང་བྲལ་བའི་རིགས་ཀྱི་མཛེས་པ་ལ་གོ་ཞིང་། དེ་ནི་ལྷན་སྐྱེས་ཀྱི་མཛེས་པ་ཞིག་ཏུའང་བརྗོད་ཆོག་སྟེ། མིའི་གཟུགས་བྱད་ཀྱི་མཛེས་པ་དང་དུས་བཞིའི་ཁོར་ཡུག་གི་འགྱུར་ལྡོག་རང་བཞིན་གྱི་མཛེས་པ་སོགས་ཤིན་ཏུ་མང་། རྩོལ་བྱུང་གི་མཛེས་པ་ནི་མིའི་རྣམ་དཔྱོད་ཀྱིས་གསར་སྐྲུན་བྱེད་པ་ཞིག་སྟེ། སྒྱུ་རྩལ་གསར་སྐྲུན་གྱི་ཐབས་ལམ་ལས་ད་གཟོད་ཚུར་མངོན་བྱས་པའི་མཛེས་པ་ཞིག་ཡིན་པས། འདི་ནི་སྒྱུ་རྩལ་གྱི་བྱེད་ནུས་དང་འབྲེལ་བ་དམ་དུ་ཡོད་པས། སྒྱུ་རྩལ་ནི་ནུབ་ཕྱོགས་པས་དམོད་ཆོས་ལས་བྱུང་བ་དང་ལད་ཟློས་ལས་བྱུང་བ། ངལ་རྩོལ་ལས་བྱུང་བ་སོགས་ངོས་འཛིན་མི་འདྲ་བ་མང་དུ་བྱུང་ནའང་།  སྤྱི་ལོ1747 ལོར་ཧྥ་རན་སིའི་རྩོམ་པ་པོ་ཁྲ་ལེ་སི་པ་ཁྲོག་གིས་ཀྱང་། སྒྱུ་རྩལ་ལ་རིགས་ལྔ་སྟེ། སྙན་ངག་དང་རི་མོ། རོལ་དབྱངས།  བྲོ་གར། རྐོས་བཀྲོལ་བཅས་སུ་དབྱེ་བར་མ་ཟད།  དེ་དག་གི་མཐུན་ཆོས་གཙོ་བོ་མཛེས་ཁམས་ཡིན་པར་ངོས་འཛིན་བྱས་ཡོད། ཁོང་གི་ལྟ་བ་དེ་ནི་དུས་ཡུན་གང་འཚམ་ཞིག་ལ་ནུབ་ཕྱོགས་སྒྱུ་རྩལ་ལས་རིགས་ཀྱི་ཚད་མར་གྱུར་ཅིང་། ཀུན་གྱིས་སྒྱུ་རྩལ་ལ་རིགས་མི་འདྲ་བ་ལྔར་དབྱེ་བཞིན་ཡོད་ཀྱང་། ད་ལྟ་ནི་དུས་ཀྱི་འཕེལ་འགྱུར་གྱི་དབང་གིས་གྱོན་ཆས་ཇུས་འགོད་ཀྱི་སྒྱུ་རྩལ་དང་ཨར་ལས་སྒྱུ་རྩལ་སོགས་རྣམ་གྲངས་མང་དུ་འཕེལ་ཞིང་ཞིབ་ཚགས་པར་གྱུར་ཅིང་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད་པས། སྔར་གྱི་དེ་ཙམ་གྱིས་ཚབ་བྱེད་དཀའ་བའི་རྣམ་པ་ཞིག་གཏན་དུ་མེད་པ་མིན། གང་ལྟར་རྩོལ་བྱུང་གི་མཛེས་པ་ནི་བཅོས་མའི་མཛེས་པ་ཞིག་ཡིན་པས། དེ་ཉིད་བདེན་པའི་མཛེས་པའི་རྣམ་པར་འཕོ་བ་ལ་སྒྱུ་རྩལ་གྱི་ཐབས་ལམ་མ་བརྟེན་པར་སྤོ་བསྐྱོད་བྱེད་ཐབས་མེད་པ་ཞིག་ཀྱང་ཡིན་པས། ད་གཟོད་སྒྱུ་རྩལ་གྱི་མཚུངས་ཆོས་མཛེས་པས་གྲུབ་པའི་གནས་ལུགས་བྱུང་བར་མ་ཟད། སྒྱུ་རྩལ་དེ་ཡང་རྩོལ་བྱུང་གི་ནུས་པའི་འབྲས་བུ་ལྟ་བུ་ཞིག་ཏུ་ངོས་འཛིན་པའང་ཤིན་ཏུ་མང་བར་གྱུར། འུ་ཅག་བོད་པའི་མཛེས་དཔྱོད་ཀྱི་རང་ངོས་ནས་བསམ་ན། རོལ་དབྱངས་སོགས་མཛེས་པའི་བརྡ་སྐད་སྦྱོར་སྲོལ་མེད་པས། སྒྱུ་རྩལ་དག་གི་ཐུན་མོང་ཁྱད་ཆོས་རྩོལ་བྱུང་གི་ཡིད་འགུག་ནུས་པ་ནི་ད་གཟོད་སྒྱུ་རྩལ་གྱི་མཛེས་པ་ཞིག་ཏུ་བརྗོད་ན་འོས་པར་སྙམ་སྟེ། སྙན་ངག་མེ་ལོང་དུའང་། སྙན་ངག་མཛེས་པར་བྱེད་པ་ཡི།། ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད།། ཅེས་སྙན་ངག་ལ་མཛེས་པ་ཞིག་ཏུ་འཛིན་པའི་སྲོལ་ནི་སྔ་མོ་ནས་ཡོད་པ་དང་། ཡང་རྒྱ་ནག་ལྟ་བུར་ཟས་ལའང་བྲོ་བ་ཞིམ་པོའམ་རོ་མཆོག་ལ་མའེ་ཝེ་ཞེས་མཛེས་པའི་རང་བཞིིིན་དུ་སྦྱོར་སྲོལ་ཞིག་ཀྱང་ཡོད་པ་སོགས་ནི་ཞོར་འཕྲོས་ཙམ་དུ་ཟད།  གང་ལྟར་སྒྱུ་རྩལ་གྱི་མཛེས་པ་དག་ནི་ཡིད་འགུག་གི་ཐབས་འཕྲུལ་ཁྱད་པར་བ་ལས་བྱུང་བའི་ཉམས་འགྱུར་འབའ་ཞིག་ཡིན་པས། དེ་ཡང་རྩོལ་བྱུང་གི་མཛེས་པ་ཉིད་ཀྱིས་གྲུབ་པར་འདོད་ལ། རྩོལ་བྱུང་གི་མཛེས་པ་དེ་ཡང་ངེས་པར་དུ་འཛད་སྤྱོད་ཀྱི་ཁེ་ཕན་ནུས་པ་དམིགས་སུ་བཟུང་ནས་བསྒྲུབ་རྒྱུ་འགངས་ཆེན་དུ་བརྩི་བར་རིགས་སོ།།

        སྤྱིར་མཛེས་འཛིན་གྱི་ལྟ་བ་ཡང་མཛེས་པ་ནི་ཡུལ་གྱི་སྟེང་དུ་ཡོད་པ་དང་། ཡུལ་ཅན་གྱི་རང་ངོས་སུ་ཡོད་པར་འདོད་ཚུལ་གཉིས་ཏེ། འུ་ཅག་གིས་ཀྱང་། རྣམ་ཤེས་ལས་ནི་ལོགས་ཤིག་ནས།། ཕྱི་རོལ་དོན་ནི་ཅུང་ཟད་མེད།། ཅེས་དང་། ཡང་། བག་ཆགས་ཀྱིས་ནི་བསླད་པའི་སེམས།། དོན་དུ་སྣང་བ་རབ་ཏུ་འབྱུང་།། དོན་ཡོད་མ་ཡིན་སེམས་ཉིད་དེ།། ཕྱི་རོལ་དོན་མཐོང་ལོག་པ་ཡིན།། ཞེས་པ་ལྟར་སྣང་ཡུལ་གྱི་མཛེས་པ་ཡང་བདེན་པ་ཁོ་ནའི་མཛེས་པ་ཞིག་ཏུ་མི་འཛིན་པར་ཀུན་རྫོབ་ཀྱི་བདེན་པ་ཞིག་ཏུ་འདོད་པའི་རིགས་ཀྱང་ཡོད་པ་བཞིན་དུ། ནུབ་ཕྱོགས་སུའང་ཞེའུ་མོ་དང་སི་པན་ནའོ་ཧྲ་སོགས་ཀྱིས་མཛེས་མི་མཛེས་ནང་སེམས་སུ་ཡོད་པར་ངོས་འཛིན་པ་དང་། ཡང་འཇར་མན་གྱི་ཧེ་གར་སོགས་ཀྱིས་མཛེས་པ་ནི་ཡུལ་གྱི་སྟེང་དུ་ཡོད་པ་ལས་ཡུལ་ཅན་གྱི་སྟེང་དུ་གྲུབ་མེད་པར་འདོད་པ་སོགས་བྱུང་། གང་ལྟར་སྣང་ཡུལ་གྱི་བཀོད་པའི་མཛེས་པ་ལ་སྒྱུ་རྩལ་གྱིས་ནུས་པས་དུས་ཚོད་རང་བཞིན་གྱི་འགྱུར་ལྡོག་ཅི་ཙམ་མྱུར་ན་དེ་ལྟར་ཡིད་འགུག་གི་ནུས་པ་ཆེས་ཆེར་ཡོད་པ་ནི་ཤིན་ཏུ་གསལ་བོ་རེད། དེ་ལྟར་དུ་མཛེས་པ་གསར་སྐྲུན་ཡང་ཁེ་ཕན་རང་བཞིན་གྱི་ངོ་བོར་ཕྱོགས་པ་ལས་ཡན་གར་བ་ཞིག་ཏུ་ཅིས་འཕྱན་པར་མི་རིགས་པར་སྙམ།

        ང་ཚོས་སྙན་ངག་གི་མཛེས་དཔྱོད་དེ་སྔར་བཞིན་བཀོལ་སྤྱོད་ཁེ་ཕན་དང་བྲལ་བའི་རིང་ལུགས་ཤིག་ཏུ་བཟུང་ན་འགྲིག་གམ་སྙམ་ན། དེ་ནི་ཤིན་ཏུ་ནོར་འཁྲུལ་ཞིག་ཏུ་སེམས་ཏེ། མཛེས་པ་དེ་ཡང་བཀོལ་སྤྱོད་ཀྱི་རིན་ཐང་གི་ངོ་བོར་བསྒྱུར་དགོས་པ་ལས། བཀོལ་སྤྱོད་ཀྱི་ཕན་ནུས་དང་བྲལ་བར་གྱུར་ཚེ། མཛེས་པ་ནི་ཡུགས་སར་ལུས་པའི་བར་སྣང་གི་འཇའ་ཚོན་འབའ་ཞིག་གི་བྱེད་ནུས་ལས་ཅི་ཡང་མེད་པར་འགྱུར་བས།  ད་གཟོད་སྙན་ངག་ལ་འགྲེལ་དུ་མེད་པ་དང་སྙན་ངག་ནི་ནམ་ཡང་ལྐོག་གྱུར་གྱི་མཛེས་པ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་པས། སྙན་ངག་གི་མཛེས་པ་དེ་ཡང་ཧྥ་རན་སིའི་རྩོམ་རིག་པ་ཏིས་ཏི་ལོ་ཡིས་གསུངས་པ་བཞིན་བདེན་དགེ་མཛེས་གསུམ་རང་བཞིན་ཞིག་ཏུ་འཕོ་བར་འགྱུར་དགོས། སྐབས་འདིའི་དགེ་བ་ནི་ཡ་རབས་དང་བསྟོད་པའི་རིགས་ཙམ་དུ་གོ་བ་ལེན་མི་རུང་བར་ཕན་ནུས་ཀྱི་རིན་ཐང་གི་ཆ་ཞིག་ལ་བསམ་ན་ཤིན་ཏུ་འཚམ་པར་འདོད། སྙན་ངག་གི་མཛེས་དཔྱོད་ནི་སྒྱུ་རྩལ་གྱི་བྱེད་ཐབས་ལས་མངོན་འགྱུར་དང་གསར་སྐྲུན་བྱེད་བཞིན་ཡོད་པས། སྒྱུ་རྩལ་དེ་ཡང་དུས་ཚོད་ཀྱི་མྱུར་ཚད་དང་འགྲོགས་ཏེ་འགྱུར་ལྡོག་ངོ་བོར་འཕེལ་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། ཡང་འདི་ལས་བསམ་གཞིགས་དང་གཟབ་ནན་བྱ་དགོས་པ་ཞིག་ནི། སྒྱུ་རྩལ་གསར་སྐྲུན་ཡང་དམིགས་བསལ་བར་འགྱུར་བ་ཁོ་ནའི་ཕྱིར་དུ་མཆོངས་སྐྱོད་བྱ་རྒྱུ་མ་ཡིན་པར་རིག་གནས་སྒྱུ་རྩལ་གྱི་འགན་ཁུར་དང་མཐར་ཐུག་གི་ཁེ་ཕན་དམིགས་ཡུལ་དུ་བཟུང་སྟེ་ཧམ་སེམས་ཀྱིས་བཞེངས་སྐྲུན་བྱ་དགོས་པ་དང་། དེ་ཡང་བརྗོད་དོན་དང་ཚིག་གི་སྒྱུ་རྩལ་གྱི་བར་ཁྱད་ཀྱང་རྒོད་པོའི་གཤོག་ཟུང་གི་རིན་ཐང་ནུས་པ་ལྟ་བུའི་འདྲ་མཉམ་གྱི་ངོ་བོར་བསྒྱུར་ཏེ། དུས་ཚོད་དང་སྤྱི་ཚོགས།  སེམས་ཁམས།  མཛེས་འཛིན་གྱི་ཁ་ཕྱོགས་གཅིག་ཏུ་བསྒྲིལ་ནས་སྒྱུ་རྩལ་རང་བཞིན་ལྡན་པའི་སྙན་ངག་ཐོན་སྐྱེད་བྱ་རྒྱུ་ནི་མཛེས་པ་ཡང་བཀོལ་སྤྱོད་ཀྱི་ནུས་པར་ཕྱོགས་སྟངས་ཤིག་ཏུ་སྙམ།

        དེ་ལྟར་སྙན་ངག་སྒྱུ་རྩལ་གསར་སྐྲུན་ལའང་འགལ་བ་བལྟོས་གྲུབ་ཀྱི་རིག་པའི་བྱེད་ཐབས་ཏེ། ཐ་སྙད་ཀྱི་སྒྲིག་ཐབས་དང་ཚིག་གི་མཚོན་ཐབས། སྐད་ཆའི་བཤད་ཐབས་བཅས་ལ་གསར་རྙིང་འདྲེས་སྦྱོར་གྱི་ཐ་སྙད་དང་སྒྲ་གཟུགས་སྤེལ་མའི་མཚོན་སྟངས། རྒྱུན་ལྡན་གྱི་སྐད་ཆའི་གནས་བབ་བརྒལ་སྒྲོལ་བྱེད་པ་སོགས་སྐབས་ཀྱི་འོས་བབ་དང་བསྟུན་ཏེ་སྤྲོས་སྦྱོར་བྱས་ནས། དེ་ལས་རང་སྐྱ་ཐུབ་པའི་སྣང་བརྙན་དང་དབྱངས་འགྲོས། འགུལ་སྐྱོད་སོགས་ཀྱི་སྒྱུ་རྩལ་ཁྱད་ཆོས་རང་ཤུགས་ཀྱིས་མངོནཔར་འགྱུར་དགོས་པར་མ་ཟད། དེ་ཡང་དུས་ཚོད་དང་མཐུན་པའམ་བརྒལ་བའི་སྣང་ཚུལ་གྱི་མཛེས་ཁམས་གསར་བཞེངས་བྱ་རྒྱུ་དེ་ཡིན་ལ། འདི་ལྟར་བྱས་པ་ཡང་སྐབས་བབ་གནས་ཚུལ་ལམ་གནད་དོན། ཚོར་བ་གང་རུང་ཞིག་གི་དགོས་མཁོ་འབའ་ཞིག་གི་ཕྱིར་དུ་ཡིན་དགོས་པ་དང་། དེ་ལྟ་ན་སྙན་ངག་གི་བརྗོད་དོན་གང་ཡང་རུང་བ་ཞིག་གི་ཕྱིར་དུ་སྒྱུ་རྩལ་ལ་ཤ་ཐང་དུ་འབད་སྟངས་ཤིག་ཡིན་པར་མ་ཟད། སྒྱུ་རྩལ་དེ་ཡང་རྨང་གཞིའི་བྱང་ཚད་ཀྱི་ནུས་པའི་སྟེང་གི་སྒྱིད་ལུག་གཤིས་ཀ་ཙམ་གྱིས་འབྲི་བཞེངས་བྱ་རྒྱུ་མ་ཡིན་པར་མཆོངས་བརྒལ་གྱི་ཧམ་སེམས་ཤིག་གི་ངོས་ནས་བཞེངས་སྐྲུན་བྱ་རྒྱུ་དེ་ཡིན། དེ་ལྟ་ན་སྙན་ངག་གི་སྒྱུ་རྩལ་འགྱུར་ལྡོག་གསལ་ཞིང་མཛེས་པ་དེ་ཡང་རྩོལ་བྱུང་གི་མཛེས་པ་ནས་རང་བྱུང་གི་མཛེས་པའི་རྣམ་པར་འཕོས་ཤིང་། བཅོས་མའི་མཛེས་པ་ནས་བདེན་པའི་མཛེས་པ་གྲུབ་ཚུལ་ཞིག་ཡིན་པར་མ་ཟད། དེ་བས་ཀྱང་འཚོ་བའི་བདེན་པ་དེ་ཉིད་སྒྱུ་རྩལ་གྱི་བདེན་པའི་ངོ་བོར་འཕོས་པའི་ཆེས་ཕུལ་དུ་བྱུང་བའི་མཛེས་རིག་གི་ཐོན་རྫས་འབའ་ཞིག་ཏུ་གཏོགས་པར་འགྱུར་བས། ད་གཟོད་མཛེས་དཔྱོད་ཀྱིས་གྲུབ་པའི་སྙན་ངག་གི་ཁམས་དེ་ཡང་བཀོལ་སྤྱོད་ཀྱི་ཁེ་ཕན་དང་གཞི་གཅིག་ཏུ་འདྲེས་པའི་བྱེད་ནུས་ཁྱད་པར་བ་ཞིག་ཏུ་གྱུར་བའོ།།    

                                                                                                                                   2011.7.18 བྲིས།


འབྲེལ་ཡོད་འོས་སྦྱོར།