logo

བོད་ཀྱི་ཞེ་སའི་སྐོར་ལ་ཅུང་ཟད་གླེང་བའི་གཏམ་རྨ་བྱ་མྱོས་པའི་དབྱར་རྔ།

རྩོམ་པ་པོ།:རྣམ་གླིང་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-11 ཀློག་གྲངས།:

བོད་ཀྱི་ཞེ་སའི་སྐོར་ལ་ཅུང་ཟད་གླེང་བའི་གཏམ་རྨ་བྱ་མྱོས་པའི་དབྱར་རྔ།

ནང་དོན་གནད་བསྡུས།     མཐོ་བར་གུས་ཞབས་དང་དམའ་བར་བྱམས་སྐྱོང་བྱེད་པ་ནི་ང་ཚོ་གངས་རིའི་འདབས་སུ་འཚོ་བའི་གདོང་ དམར་བོད་པའི་ཡ་རབས་སྤྱོད་བཟང་ཞིག་ཡིན་ཞིང་། ཞེ་ས་ནི་མི་སྒེར་རམ་མི་རིགས་ཤིག་གི་གཞན་ལ་གུས་ཞབས་ཁེངས་སྐྱུང་མཚོན་པའི་ཡ་རབས་སྤྱོད་བཟང་གི་མཚོན་རྟགས་ཤིག་ཡིན། རྩོམ་འདིའི་ནང་བོད་ཀྱི་སྐད་ཆའི་སྐོར་ནས་འཕྲོས་ཏེ་གངས་ལྗོངས་གཙུག་ལག་ཆུ་གཏེར་ཡངས་མོའི་ཁྲོད་ཀྱི་ཆུ་ཐིགས་ཕྲ་མོ་ཙམ་དུ་གྱུར་བའི་ཞེ་སའི་སྐོར་ལ་ཅུང་ཟད་གླེང་ཁུལ་བྱས་ཡོད། 

བརྡ་ཆད་གཙོ་བོ།  སྐད་ཆ།  ཞེ་ས།  བྱུང་འཕེལ།  གྲུབ་ཚུལ།  ཁྱད་ཆོས།  བཀོལ་སྤྱོད།

            ལྷན་རྒྱས་ཚོས་མཁྱེན་གསལ་ལྟར། ལོ་ངོ་སྟོང་ཕྲག་དུ་མའི་སྔོན་ནས་ད་བར་འཛམ་གླིང་ལ་དྲི་བཞོན་བཞིན་ཁྱབ་ཅིང་འབྲུག་སྒྲ་བཞིན་ལྡིར་བའི་བོད་ཅེས་པའི་མི་རིགས་འདི་འདྲ་ཞིག་གནས་ཐུབ་པ་ནི་གཙོ་བོ་བོད་རང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་ཞིང་། རིག་གནས་མཐའ་དག་ཀྱང་སྐད་དང་ཡི་གེ་གཉིས་ལ་བརྟེན་ལས་བྱུང་བ་ཡིན་གཤིས། མི་རིགས་འདི་མུ་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྙེག་པར་སྐད་དང་ཡི་གེ་ལ་བརྟེན་དགོས་པ་ནི་སྨྲ་མི་དགོས་པ་ཞིག་རེད། 
            དེ་ཡང་སྐད་ཆ་ནི་བརྡ་སྤྲོད་ཀྱི་ལག་ཆ་ཞིག་ཡིན་ལ། དེ་མུ་མཐུད་གནས་པ་དང་འཕེལ་རྒྱས། དེ་བཞིན་འཐུས་སྒོ་ཚང་དུ་གཏོང་དགོས་ན་ཐབས་གཅིག་རང་ལས་མེད་དེ། དེ་ནི་བཀོལ་སྤྱོད་བྱ་རྒྱུ་དེ་ཡིན། ལྷག་པར་དུ་བོད་ཀྱི་རིག་གནས་ནི་རྟེན་བོད་ཀྱི་སྐད་དང་ཡི་གེ་ལ་བརྟེན་ནས་བྱུང་ཞིང་། ཡི་གེའང་ཐོག་མར་སྐད་ལ་བརྟེན་ནས་བཟོས་པ་ཡིན་པས། ཡི་གེས་སྐད་ལ་ཞབས་འདེགས་བསྒྲུབ་དགོས་པ་ཡིན། ཡང་གཅིག་བཤད་ན། སྐད་དང་ཡི་གེ་ནི་རིག་གནས་ཀྱི་འདེགས་རྟེན་བང་མཛོད་ཡིན་ལ། བང་མཛོད་དེའི་སྒོ་མོ་འབྱེད་བྱེད་ཀྱི་ལྡེ་མིག་ཀྱང་ཡིན། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཤེས་པས་ཤེས་བྱ་རྟོགས་པ་སྟེ།། ཤེས་བྱ་མེད་པར་ཤེས་པ་མེད།། དེ་ལྟ་ན་ནི་ རིག་བྱ་དང་།  རིག་བྱེད་མེད་ཅེས་ཅིས་མི་འདོད། གསུངས་པ་ལྟར།  མཚོན་བྱ་སྐད་ཆ་མེད་ན་མཚོན་བྱེད་ཡི་གེ་འབྱུང་མི་སྲིད་ལ། སྐད་ཆ་ཆ་ཉམས་སུ་སོང་ན་ཡི་གེའང་མེད་པར་གྱུར་ངེས་ཡིན་པས། སྐད་ཆ་ནི་མི་རིགས་ཤིག་འཛམ་གླིང་སྟེང་འགྱིང་ངེར་གནས་ཐུབ་པ་དང་འཕེལ་རྒྱས་འགྲོ་བའི་གཞི་མ་ཡིན་ཞེས་བརྗོད་ཆོག
            འོན་ཀྱང་ཡིད་སྐྱོ་དགོས་པ་ཞིག་དང་བློ་ཕམ་དགོས་པ་ཞིག་ལ།  དེང་སང་གི་བོད་པ་ལ་ལས་ཕ་སྐད་ཕ་ཡིག་ངོ་མི་ཤེས་ཤིང་། ལ་ལས་རྒྱ་བོད་སྐད་ཉ་ཉུང་མཉམ་བསྲེས་ངང་ནས་ཤོད་པ། ལ་ལས་རྒྱ་བོད་སྐད་གང་ཡང་མ་ཡིན་པའི་ཤ་ཟའི་སྐད་ལྟ་བུ་ཤོད་པ། ལ་ལས་བོད་སྐད་བཤད་ན་ངོ་ཚར་བརྩི་ཞིང་། བོད་ཡིག་སྦྱངས་ན་ དགོས་པ་ཆུང་ཞིང་བེད་སྤྱོད་ཉུང་བར་བསམ་པ་སོགས་ཀྱི་སྣང་ཚུལ་ངན་ངོན་ལྗན་ལྗིན་ཆར་རྗེས་ཀྱི་མྱུ་གུ་ཇི་བཞིན་ཐོན་བཞིན་འདུག ལྷག་པར་དུ་དེང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གཉེར་བ་མང་པོས་རང་སྐད་ལ་གཙིགས་ཆེན་མེད་པར་ནད་ཡམས་བཞིན་རིང་དུ་དོར་ཞིང་གཞན་མི་རིགས་ཀྱི་སྐད་ཡིག་ལ་ཁོག་ནང་སྙིང་དང་དཔྲལ་བའི་མིག་ཇི་བཞིན་དུ་བརྩིས་ནས་ངང་པ་པད་མཚོར་འཇུག་པ་བཞིན་བརྩོན་བརྒྱ་ལྷུར་ལེན་བྱེད་བྱེད་བཞིན་འདུག   དེ་ནི་དངོས་གནས་རང་ཁྱིམ་དོར་ནས་གཞན་ཁྱིམ་ལ་བརྟེན་པ་ལྟ་བུར་སོང་བ་མ་ཡིན་ནམ། འཇིག་རྟེན་གཏམ་དཔེར། ཕ་མེད་པར་ཨ་ཁུར་རེ་དུས།  ཚིག་སྙན་མོ་རྣ་ཡིས་མ་གོ། མ་མེད་པར་ཨ་ནེར་རེ་དུས། ཟས་ཞིམ་པོ་མིག་གིས་མི་རིག་ཟེར་བའི་མཇུག་འབྲས་ལྟ་བུ་ཡོང་རྒྱུར་གདོན་མི་ཟའོ། ། དེ་དག་ལས་བོད་སྐད་ཉམས་བཞིན་པ་རྟོགས་ཐུབ་ཅིང་། སྣང་ཚུལ་ངན་པ་དེ་དག་གིས་བོད་མི་རིགས་ལ་གནམ་སྔོན་པོས་མ་ཁེབས་ཤིང་ས་ཆེན་པོས་མ་ཐེགས་པའི་གྱོང་གུན་ཆེན་པོ་བཟོ་ངེས་ཡིན། དེ་དག་ལ་མཚན་ཉིད་རྫོགས་པའི་བོད་པ་ཞིག་གམ། མིང་དོན་མཚུངས་པའི་བོད་རིགས་རྣལ་མ་ཞིག་གིས་དཔྱད་ན། ཁོ་ཚོ་ནི་སྔོན་བྱོན་མེས་པའི་བླ་རྐང་རླུང་ལ་བསྐུར་མཁན་གྱི་གཤེད་མ་རེད་ལ། བོད་པ་ཚང་མདུན་སྐྱོད་འཕེལ་རྒྱས་སྟེང་གི་བཀག་རྡོ་རེད། དེ་འདྲའི་སྐྱེ་བོར་མི་རིགས་ཀྱི་འདུ་ཤེས་དང་ལ་རྒྱ་གཏན་ནས་མིན་འདུག་ཅེས་སྨྲས་ན་ཆོག གལ་ཏེ་དེ་འདྲའི་སྣང་ཚུལ་ངན་པར་བཀག་འགོག་མེད་སོང་ན། སྤྲེའུ་སྲིན་རིགས་ལས་མཆེད་པའི་མི་རིགས་འདིར་ཟུངས་ཁྲག་དྭངས་མའི་འཕར་རྩ་ཇི་ལྟར་རྒྱས་ནུས་སམ། མཁས་མཆོག་མཁྱེན་རབ་འོད་གསལ་མཆོག་གིས།  ཕ་ཕུལ་ཕ་སྐད་བརྗེད་པའི་གོམས་གཤིས་དང་། །ཕ་མ་གཙོག་པར་ལྟ་བའི་འདུ་ཤེས་དང་། །  རང་རིགས་རྒྱབ་ཏུ་བསྐྱུར་བའི་བསམ་པ་སྟེ། ། འདི་གསུམ་འཛོམས་པ་ཕྱུགས་ཀྱི་རང་གཟུགས་ཡིན། །ཞེས་གསུངས་པས། ང་ཚོས་སྐད་ཡིག་ནི་འབྲེལ་འདྲིས་ཀྱི་ལག་ཆ་ཁོ་ནར་མི་ལྟ་བར་མི་རིགས་ཤིག་གི་གཟི་བྱིན་འོད་སྟོང་འབར་བའི་རིག་གནས་ཀྱི་འདེགས་ཤིང་དང་།  བསམ་གཞིགས་བྱེད་སྟངས་ཤིག    འདུ་ཤེས་དང་བླ་སྲོག་ཅིག་ཏུ་བསྒོམ་ནས། དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱ་ཐུབ་རྒྱུར་བརྩོན་བརྒྱ་འབད་སྟོང་བྱ་དགོས། བོད་ཀྱི་གཏམ་དཔེར། རང་རིན་པོ་ཆེ་ཡིས་མ་སྐྱོབ་ན། རོགས་རིས་མ་མགོ་ཡིས་སྐྱོབ་རབས་མེད། ཅེས་པ་ནང་བཞིན། རང་ཉིད་ནི་རང་གི་མགོན་སྐྱབས་ཡིན་པས། རང་ཅག་མི་རིགས་འདི་རྗེས་ལུས་ཀྱི་ཞྭ་མོ་ཕུད་ཐུབ་པ་དང་། འབྱོར་ཕྱུག་མངའ་ཐང་གི་བགྲོད་ལམ་དུ་བསྐྱོད་དགོས་ན། རང་རིན་པོ་ཆེ་སྟེ་རང་མི་རིགས་རང་ཉིད་ཀྱི་བརྩོན་འགྲུས་དང་། སྙིང་སྟོབས། ནུས་རྩལ་དང་སྟོབས་ཤུགས་སོགས་ལ་བརྟེན་དགོས་པ་ལས། རྙིང་ཞེན་དང་བག་འཁུམ། སྡུག་ཡུས་དང་འཁང་ར། མིང་གྲགས་དང་ ཁེ་སྤོགས་མཐོང་ན་ཁ་ལས་མིག་ཆེ་བ་ལྡང་ནས་འཕྲལ་ཡུན་འདོད་ཆགས་ཀྱི་གཞན་དབང་དུ་སོང་ན།  ལོ་ངོ་སྟོང་ཕྲག་འདས་ཀྱང་རྗེས་ལུས་ཉིད་ལས་མེད་དོ།།   མཁས་དབང་དོར་ཞི་རིན་པོ་ཆེ་མཆོག་གིས་ཀྱང་། མི་རིགས་རང་ཉིད་ཤེས་རབས་ སྙིང་སྟོབས་ཀྱིས།། ཡར་བསྐྱེད་གོམ་པ་རང་སྤོས་མ་བྱས་པར།། གཞན་གྱི་སྐྱོར་ཅིང་ལམ་ཁྲིད་ལ་བརྟེན་ན། ། བསྐལ་བརྒྱར་འདས་ཀྱང་རྗེས་ལུས་ཉིད་ལས་མེད། ཅེས་པ་ལས་རྟོགས་ཐུབ་བོ།
            འདིར་ཁོ་བོས་གླེང་བར་འདོད་པ་ནི། རང་མི་རིགས་ཀྱི་སྐད་ཡིག་ལས་འཕྲོས་ཏེ། ཉི་ཟླ་བཞིན་བཀྲ་བའི་གངས་ལྗོངས་གཙུག་ལག་བང་མཛོད་ནང་གི་ཞེ་སའི་སྐོར་ལ་རགས་ཙམ་འཆད་རྒྱུ་དེ་ཡིན། ཕྲན་གྱིས་ཁ་བྱང་དེ་འདྲ་ཞིག་འདེམས་དགོས་པའི་དམིགས་ཡུལ་ནི། མ་གཞི་དེང་གི་དུས་དེར་རང་ཅག་ཁ་བའི་རིག་གནས་ཀྱི་ཞིབ་འཇུག་ཐད་ལ་གཡུར་ཟའི་འབྲས་བཟང་ཐོབ་ཡོད། འོན་ཀྱང་བོད་ཀྱི་རྒྱུན་ལྡན་སྤྱི་ ཚོགས་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཞེ་སའི་སྐོར་ལ་ཞིབ་འཇུག་གནང་མཁན་ཉུང་ཞིང་དེའི་སྐོར་གྱི་དཔྱད་རྩོམ་མམ་ཡིག་ཆ་ཉུང་བས་ཡིན།     ང་ཚོས་བོད་ཀྱི་ཕུལ་བྱུང་ལུགས་སྲོལ་དང་ཞེ་ས་དག་ལས་རང་ཅག་མི་རིགས་ནི་ཡ་རབས་གུས་ཞབས་ཆེ་ཞིང་དཔལ་ཡོན་གྱི་ཕྱུག་པའི་མི་རིགས་ཤིག་ཡིན་པ་རྟོགས་ཐུབ། ཕུལ་བྱུང་གི་ལུགས་སྲོལ་དེ་དག་ནི་ང་ཚོའི་སྔོན་བྱོན་མེས་པོ་རྣམས་ཀྱིས་མི་རབས་ནས་མི་རབས་རྒྱུད་ནས་ང་ཚོར་གནང་བའི་རིན་ཐང་གཞལ་བར་དཀའ་བའི་ནོར་བུ་ཉག་གཅིག་ཡིན་ལ། དེ་དག་ཉམས་པ་མེད་པའི་ངང་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པ་ནི་ང་ཚོ་རྗེས་རབས་པ་རྣམས་ཀྱི་འགན་འཁྲི་དོར་དུ་མེད་པ་ཞིག་ཡིན། འོན་ཀྱང་། དུས་དེང་སང་ང་ཚོའི་མི་རིགས་འདིའི་སྲོལ་རྒྱུན་བཟང་པོ་དེ་དག་ལ་རྒྱུས་མངའ་མེད་པའམ། གུས་ལུགས་ཞེ་ས་དག་མི་ཤེས་པའི་སྐྱེ་བོ་མང་དག་ཅིག་མཆིས། ཁྲོན་པའི་ནང་ནས་ནམ་མཁའི་ཁ་ཞེང་ལྒིང་བའི་ཅོལ་བྱུང་མདོ་མེད་བ་དག་གིས་ཞེ་ས་གནང་མཁྱེན་མཁན་གྱི་སྐྱེ་བོ་དག་མིག་ལམ་དུ་མཐོང་དུས་དེ་དག་གི་སྐད་ཆའི་ནང་དོན་མི་གོ་ཞིང་། ཞེ་ས་གནང་མཁྱེན་མཁན་གྱི་སྐྱེ་བོ་དག་ལ་མཐོང་ཆུང་དང་རྙིང་ཞེན་པ་ཞེས་འབོད་ཀྱི་འདུག གནས་ཚུལ་དེ་དག་གིས་རྐྱེན་པས་ཁོ་བོས་ཞེ་སའི་སྐོར་ལ་ཅུང་ཟད་གླེང་ཁུལ་བྱས་པ་ཡིན།
            སྤྱིར་བདག་ལྟ་བུ་ལ་མཚོན་ན། མཐོང་རྒྱ་ཐོས་རྒྱ་ཆུང་ཞིང་རིག་གནས་ཀྱི་རྨང་གཞི་ཞན་པས། རྩོམ་གྱི་སྔ་ཕྱི་བར་གསུམ་དུ་མ་རྟོགས་ལོག་རྟོག་གིས་དྲངས་པའི་སྐྱོན་དང་ནོར་འཁྲུལ་ཇི་སྙེད་ཅིག་ངེས་ཀྱང་། རང་མི་རིགས་ཀྱི་རིག་གནས་ལ་སྲི་ཞུའི་ཚུལ་དུ་ཅུང་ཟད་གླེང་བར་བྱ་བས། ཤེས་ཡོན་གྱི་ཕ་མཐའ་ཡངས་བའི་གཟུར་གནས་དྲན་དབང་རྣམ་པས་གསོས་སུ་སྨིན་པའི་བཀའ་སློབ་དང་དགོངས་འཆར་གང་མང་གནང་རྒྱུའི་འདུན་པ་ཆེའོ། 
            དེ་ཡང་རང་ཅག་མི་རིགས་ནི་ཡ་རབས་གུས་ཞབས་ཆེ་ཞིང་ཕན་ཚུན་སྐད་ཆའི་ཁྲོད་ཞེ་སས་ཕྱུག་པའི་མི་རིགས་ཤིག་ཡིན་ལ།  ཞེ་སའི་བཀོལ་སྤྱོད་ཐད་ལའང་དང་དོད་ཆེ་བའི་མི་རིགས་ཤིག་ཡིན། ང་ཚོས་ཞེ་ཚིག་གིས་ཐོག་ནས་སྐྱེ་བོ་ཞིག་གི་བསམ་སྤྱོད་དང་། སྨྲ་བརྗོད་ཀྱི་བྱང་ཚད། མི་རིགས་ཤིག་གི་ཤེས་རིག་དཔལ་ཡོན་དང་ཡ་རབས་ཚུལ་བཟང་གི་གུས་ལུགས་རྟོགས་ཐུབ་ལ། སྤྱི་ཚོགས་ཤིག་གི་འདུ་ཤེས་ཀྱང་མཚོན་ཐུབ་པ་ཡིན།  མི་རིགས་འདི་ཉིད་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་ཤེས་རིག་གི་ཆུ་ཚད་གོང་མཐོར་འགྲོ་བ་དང་བསྟུན་ནས། བོད་ཀྱི་སྐད་ཆའི་ཁྲོད་ཀྱི་ཞེ་སའང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཕུན་སུམ་ཇེ་ཚོགས་སུ་འཕེལ་རྒྱས་དང་སྙན་འཇེབས་ལྡན་པར་གྱུར་བཞིན་ཡོད་ལ། བོད་ཀྱི་རྒྱུན་ལྡན་སྤྱི་ཚོགས་ནང་ མེད་ན་མི་ཆོག་པ་ལྟ་བུའི་གནས་བབ་བཟུང་ཡོད་ཅིང་། དེས་བོད་ཀྱི་བསམ་པའི་དཔལ་ཡོན་གྱི་འཛུགས་སྐྲུན་ཐད་ལའང་ཕན་ནུས་བཟང་པོ་ཐོན་ཡོད། དེས་ན། ངེད་ཅག་ཁ་བའི་རྗེས་ཤུལ་མཁན་ཚོས་ཆུ་སྐྱེས་འདབ་མ་གྲོལ་འདྲའི་དུས་བཟང་འདིར། མཚར་སྡུག་རྣམ་པར་བཀྲ་ཞིང་དྲི་བསུང་ལྷང་ལྷང་དུ་འཐུལ་བའི་ཞེ་སའི་མེ་ཏོག་ཆུན་པོ་དེ་ཉིད་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱས་ཏེ། གངས་ལྗོངས་གཙུག་ལག་ལྷ་ཡི་རྫིང་རིང་ཡངས་མོར་ཞེ་སའི་ཉིན་བྱེད་གཞོན་ནུའི་འཛུམ་མདངས་ཕྱོགས་བཅུར་ལྷམ་མེར་འཕྲོ་ཐུབ་རྒྱུར་འབད་པ་ལྷུར་ལེན་བྱ་དགོས་སོ། །

དང་པོ། བོད་ཀྱི་ཞེ་སའི་བྱུང་བ་དང་འཕེལ་རྒྱས།

            དེའང་བོད་ཀྱི་ཞེ་ས་དེ་ཉིད་དུས་ནམ་ཞིག་ལ་བྱུང་མིན་གྱི་ཐད་ལ་ཁ་གསལ་གྱི་གཏིང་གསལ་གྱི་དཔྱད་གཞིའི་ཡིག་ཆ་ཞིག་རྙེད་དཀའ་རུང་། 《བཀའ་ཐང་སྡེ་ལྔའི》ནང་འཁོད་པ་ལྟར་ན། བོད་རྒྱལ་བཅུ་གཉིས་ཀྱི་སྐབས་ཞེ་ས་བྱུང་བར་འདོད་ཅིང་། དེས་ན། ད་བར་མ་མཐར་ཡང་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ཡོད་ངེས། 《ཞེ་སའི་ཚིག་མཛོད་རབ་གསལ་མེ་ལོང》①ནང་འཁོད་པ་ལྟར་ན། ཞེ་ས་བྱུང་བ་ནས་ད་བར་མ་མཐར་ཡང་བགྲང་ཆ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཚུལ་སྤུར་རྒྱལ་སྐབས་ནས་བྱུང་བའི་རྡོ་རིང་དང་དྲིལ་བུའི་ཁ་བྱང་།བྲག་བརྐོས་ཡིག་རིགས།ཏུན་ཧོང་ནས་ཐོན་པའི་བོད་ཡིག་ལོ་རྒྱུས་སོགས་ལས་ར་སྤྲོད་བྱུང་ཡོད་ཟེར།  བདག་གིས་བལྟས་ན། ལོ་ངོ་སུམ་སྟོང་གོང་ལ་བོད་ལ་ཞེ་ས་བྱུང་ཡོད་མེད་ད་ལྟ་ཚིག་ཐག་གཅོད་དཀའ་བ་ཞིག་ཡིན། རྒྱུ་མཚན་ནི་སྐབས་དེ་དུས་བོད་ལ་སྒྲ་གཟུགས་དོན་གསུམ་མཚོན་པའི་ཡི་གེ་ཞིག་མེད་ལ། ལོ་ངོ་སུམ་སྟོང་གོང་གི་དཔྱད་གཞིའི་ཡིག་ཆ་ཧ་ཅང་གི་དཀོན་པས་ཞེ་ས་ཡོད་མེད་ནི་དྲི་རྟགས་ཤིག་ལས་མ་འདས། འོན་ཀྱང་ལོ་ངོ་ཆིག་སྟོང་ལྷག་གི་གོང་ན་ཞེ་ས་ཡོད་པ་ང་ཚོས་བོད་ཀྱི་གནའ་བོའི་རྩོམ་ཡིག་དང་རྡོ་རིང་གི་ཡི་གེ་སོགས་ལས་མཐོང་ཐུབ་པ་ཡིན། དཔེར་ན། བཙན་པོ་ཁྲི་འདུས་སྲོང་སྐབས་ཀྱི་མགུར་གླུའི་ནང②“ད་ཙམ་ནྀ་དགུང་མཐའ་ཡན།།གཉྀ་ཟླ་ནྀ་སྤྱན་གྱྀས་གཟྀགས། དགུང་སྔོ་ནྀ་སྙན་གྱིས་གསན།  པྱ་འྀ་ནྀ་གཙུག་མྱྀ་འགྱུར ”ལྟ་བུ། །  བཙན་པོ་ཁྲི་གཙུག་ལྡེ་བརྩན་འཁོར་དང་བཅས་པའི་སྨོན་ལམ་དུ་གསོལ་བའི་ཡི་གེར③“བཙན་པོ་ཁྲྀ་གཙུག་ལྡེ་བཙན་གྱྀ་ཞ་སྔ་ནས། དཔག་ཏུ་མྱེད་པར་སྐུ་ཚེ་རྀང་ལ། མངའ་ཐང་ཆེ། ཐུགས་ལ་དགོངས་སོ་འཙལ་འབྱོརད་གྲུབ་སྟེ་འཁོར་ལོ་སྐོར་བའྀ་རྒྱལ་པོ་དང་འདྲ་བར་གླྀང་བཞྀ་རྒྱལ་ཁམས་གཞན་ལ་ཡང་མངའ་མཛད་ཅྀང་མཐར་བླ་ན་མྱེད་པའྀ་སངས་རྒྱས་སུ་གྲུབ་པར་སྨོན་ཏོ”དང་། དེ་སྔ་ཤེས་རྟོགས་ཟིན་པའི་བོད་ཀྱི་རྡོ་རིང་དང་དྲིལ་བུ་ཡོད་དོ་ཅོག་གི་ཆེས་སྔ་ཤོས་སུ་གྲགས་པའི་ཇག་རོང་ དགའ་ལྡན་བྱིན་ཆེན་གཙུག་ལག་ཁང་གི་དྲིལ་བུའི་ཁ་བྱང་ཞེས་པའི་ཡི་གེའི་ཐོག་མར་ཡང་།④“བོདཀྱྀལྷབཙནཔོཁྲྀལྡེགཙུགབརྩནམཅེདཀྱྀསྐུཡྣོདུབསྔོསྟེ” ལྟ་བུའི་ནང་ཞེ་སའི་ཚིག་ཐར་ཐོར་ཡོད་པའོ། དེ་བཞིན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་    སྐབས་བསམ་ཡས་རྡོ་རིང་ལ་བརྐོས་པའི་གཙིགས་ཡིག་དང་སྤྱི་ལོའི་དུས་རབས་དགུ་པའི་སྟོད་བཞེངས་པའི་དབོན་ཞང་མོལ་བའི་རྡོ་རིང་ཡི་གེའི་ཁྲོད་དུའང་ཞེ་སའི་ཚིག་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད་པས། དེ་དག་ལས་ལོ་ངོ་ཆིག་སྟོང་གོང་བོད་ལ་ཞེ་ས་ཡོད་པ་ར་སྤྲོད་ཐུབ་པ་ཡིན། ཡང་གཅིག་བཤད་ན། སྤྱིར་སྐད་ཆ་དང་ཞེ་ས་གང་ཞིག་ཡིན་རུང་དེ་ནི་མི་ག་གེ་མོས་གསར་བཟོ་བྱས་པ་མ་ཡིན་པར།སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་དུས་མཚུངས་མི་རྣམས་ཀྱི་ངལ་རྩོལ་འཚོ་བའི་ཁྲོད་རིམ་བཞིན་བྱུང་བ་ཞིག་ཡིན་ལ། དེ་ནི་སྤྱི་ཚོགས་ཀྱི་ཐོན་རྫས་ཤིག་ཡིན། བོད་ཀྱི་ལོ་རྒྱུས་ཐོག་ཞེ་ས་ནི་དཔོན་པོའི་རིགས་དང་གོ་གནས་ཡོད་པའི་སྐྱེ་བོར་སྤྱོད་པ་མང་ཞིང་། དེ་ནི་གོ་གནས་དང་དབང་ཐང་མཚོན་པའི་རྟགས་ཀྱི་གྲས་ཤིག་ཡིན། སྐབས་དེ་དུས་མི་དང་མིའི་བར་གྲལ་རིམ་གྱི་འདུ་ཤེས་ཅི་ཙམ་ཆེ་ན་ཞེ་སའི་མིང་ཡང་བཀོལ་སྤྱོད་བྱེད་པ་མང་བ་ཡིན། དེ་ནས་རིམ་བཞིན་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་ངན་པ་མེད་པར་བྱས་ཤིང་། མི་དམངས་ལ་རང་ལུས་རང་དབང་ཐོབ་ཅིང་རིམ་བཞིན་སྤྱི་ཚོགས་ཀྱི་གནས་བབ་ལ་གནམ་ས་བླ་འོག་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་བས། རང་ཅག་ཁ་བའི་ལྗོངས་ཀྱི་ཡ་རབས་གུས་ཞབས་མཚོན་པའི་ཞེ་སའང་སྤྱི་ཚོགས་ཀྱི་ངོ་བོ་འགྱུར་བ་དང་བསྟུན་ནས། ཞེ་སའི་ངོ་བོའང་འགྱུར་བ་ཆེན་པོ་བྱུང་བ་ཡིན། དེ་ནས་བཟུང་ཞེ་ས་བེད་སྤྱོད་བྱ་ཡུལ་གྱི་ཁྱབ་ཁོངས་ཇེ་ཆེར་སོང་ཞིང་། ཞེ་ས་བཀོལ་སྤྱོད་གནང་མཁན་གྱི་སྐྱེ་བོའི་མི་གྲངས་ཀྱང་ནམ་མཁའི་སྐར་ཚོགས་ཇི་བཞིན་རྒྱུན་མི་ཆད་བར་ཇེ་མང་ནས་ཇེ་མང་དུ་སོང་ལ། རྒྱུན་ལྡན་འཚོ་བའི་ཁྲོད་མི་རྣམས་སྐད་ཆ་ཤོད་སྐབས་མེད་ན་མི་ཆོག་པ་ལྟ་བུའི་དམིགས་བསལ་གྱི་གནས་བབ་བཟུང་ཡོད། 
            བོད་ཀྱི་ཞེ་ཚིག་དག་གིས་བོད་སྐད་ཡིག་གི་ཐ་སྙད་དེ་བས་ཕུན་སུམ་ཚོགས་པར་བྱས་ཤིང་། སྐད་ཆ་དེ་བས་སྙན་འཇེབས་ལྡན་ཞིང་ཡིད་སེམས་འགུག་པ་དང་། ཚིག་མཛེས་ཤིང་རོ་བཅུད་ལྡན་པ་ཞིག་ཏུ་གྱུར་བར་བྱས་ལ། དེས་མི་རྣམས་ཕན་ཚུན་བསམ་བློ་དང་ལྟ་བ། བརྩེ་དུང་བརྗེ་རེས་བྱེད་པར་གལ་འགངས་ཆེ་བའི་ཕན་ནུས་ཐོན་ཡོད། ད་ཆ་བོད་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་གོ་གནས་མཐོ་དམའ་དང་དཔལ་འབྱོར་ དབུལ་ཕྱུག   ཕོ་མོའི་ཁྱད་པར།   ལས་ཀའི་ཐོབ་ཐང་སོགས་ཀྱི་ཁྱད་པར་ཐ་དད་དུ་མི་ཕྱེ་བར་ཞེ་ས་བཀོལ་སྤྱོད་བྱེད་བཞིན་ཡོད་དོ། །

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།