2010ལོའི་བོད་ཀྱི་རྩོམ་སྟེགས་ལ་འཁྱུག་ཙམ་ལྟ་བ།
༠
དུས་ཚོད་ཀྱི་མདའ་ཁབ་དེ་སྐར་ཆ་གཅིག་ལའང་འདུག་ཐབས་མེད་པར་མདུན་ནས་མདུན་དུ་བསྐྱོད་ཀྱིན་པའི་དེ་རིང་གི་དུས་སུ། ང་ཚོའི་སོང་ཚར་བའི་ལོ་རྒྱུས་ཀྱི་བྱུང་བ་ལ་ཕྱིར་མིག་ཅིག་འཕངས་ན། དགའ་སྐྱོ་ཟུང་ལྡན་གྱི་དོན་བྱ་མང་པོ་ཞིག་གིས་མི་རིགས་དང་རྒྱལ་ཁབ། ཐ་ན་མིའི་རིགས་བཅས་ཀྱི་སྤྱི་ཚོགས་འཚོ་བ་ལ་འགྱུར་བཟོའི་མཐུན་རྐྱེན་རབ་དང་རིམ་པ་ཞིག་བསྐྲུན་གྱིན་ཡོད་པ་ནི་མིག་མཐོང་ལག་ཟིན་གྱི་བགྱི་བ་ཞིག་ཏུ་བདོག་ནས་ཡོད་ནའང་། སྤྱི་ཚོགས་ཚན་རིག་གི་ཁུངས་སུ་བཙུད་དུ་རིག་པའི་འཛམ་གླིང་རྩོམ་རིག་གི་འཕེལ་རྒྱས་དེས་དུས་རབས་བཅུ་དགུ་བ་དང་ཉི་ཤུ་བའི་དུས་ཀྱི་ཚ་རླབས་དེ་འདྲ་ཞིག་སློང་ཐུབ་ཀྱིན་མེད་པ་ནི་དུས་རབས་ཉེར་གཅིག་པ་མགོ་ཚུགས་ཚུན་ནས་ནའོ་པེར་རྩོམ་རིག་བྱ་དགའ་འཐོབ་མཁན་ཚང་མ་འཛམ་གླིང་གི་ཀློག་མཁན་མང་དག་ཅིག་གིས་ངོ་ཤེས་ཀྱིན་མེད་པ་དང་། གློག་བཪྙན་གྱི་འགེབས་ཤུགས་ཧྲིལ་བོས་བརྩམས་ཆོས་ཀྱི་མཐོང་རྒྱ་དེ་ཚོང་ལས་ཅན་དང་ངོས་སྙོམས་ཅན་དུ་བཞག་དང་འཇོག་གིན་ཡོད་པ་དེ་རེད།
ལྷག་ཏུ་རྒྱ་ནག་ལ་མཚོན་ནས་བཤད་ནའང་སྟོང་ལོ་ཚུགས་ཚུན་དུ་འབྱོར་ལྡན་རྩོམ་པ་པོའི་ཨང་རིམ་གྱི་རུས་ཐོ་ལོ་རེ་རེ་བཞིན་མངོན་བསྒྲགས་བྱེད་ཀྱིན་ཡོད་པ་དེས། ཆུང་ས་ནས་ལོ་གཞོན་རྩོམ་པ་པོ་དག་གི་རྩོམ་རིག་ལ་བཟུང་བའི་རྣམ་འགྱུར་དེ་འཁྱོག་གཟུགས་ཀྱི་བབས་སུ་བརྫངས་ཀྱིན་ཡོད་ལ། ཆེ་ས་ནས་བཤད་ན་ཀྲུང་གོའི་རྩོམ་རིག་གི་འཕེལ་ཁ་དེ་གཙོ་བོ་ཚོང་ལས་ཅན་དང་སྨྱན་བྱེད་འུད་སྒྲོག་གི་ལས་སུ་འཐིམ་ལ་ཉེ་བའི་ཉེན་བརྡ་དེ་བརྒྱབ་ནས་ཡོད་པ་རེད།
རང་རེའི་བོད་ལ་ནི་རྩོམ་རིག་དེ་དཔལ་འབྱོར་གྱི་གཡམ་དུ་འགྱུར་ཉེ་བའི་ཆ་རྐྱེན་གྱིས་མི་ལོངས་ནའང་། བག་མེད་རྒྱས་སྤྲོས་ཀྱི་སེམས་ཁམས་དེས་དང་པོ་ཉིད་ནས་དཔེ་ཆ་ཀློག་པའི་གོམས་གཤིས་མེད་པ་དང་། གློག་ཀླད་དང་བཪྙན་འཕྲིན་སོགས་སྟེང་གི་བཀོད་པའི་ངོ་མཚར་གྱི་ལྟད་མོ་འགའ་ཞིག་གིས་དཔེ་ཀློག་གི་དུས་ཚོད་ཧྲིལ་བོ་འཕྲོག་ནས་ཡོད་ལ། རྩོམ་པ་པོ་དག་ལ་མཚོན་ནའང་གཟབ་ནན་གྱི་ལས་ལ་འཇུག་སྤྲོ་བའི་ངང་ཚུལ་དེ་ཉིན་རེ་ནས་ཉིན་རེ་བཞིན་སེམས་ཀྱིས་འདོར་བཞིན་པ་ནི་ཚོར་བ་ཆིག་རྐྱང་གིས་བཟུང་ཞིང་། ཐ་སྙད་ཐོལ་བྱུང་དུ་བསྒྲིག་གིན་པའི་རང་མོས་སྙན་ངག་འབྲི་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་གིན་པ་དེ་དང་ཆ་འདྲ་བར་སེམས་པ་ནང་ལ་བཀུག་ནས་སྤྱི་ཚོགས་ཀྱི་འགན་བབ་ལ་བསམ་གཞིགས་གཏོང་ཤེས་མཁན་གྱི་སྒྲུང་གཏམ་པ་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་གིན་པ་དེས་མཚོན་ནས་ཡོད་དོ། །
༡
བོད་ཀྱི་དེང་རབས་རྩོམ་བྱུང་ལོ་རྒྱུས་དེ་ཡང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ནས་དར་མགོ་ཚུགས་ཏེ་དངོས་བྲིས་དང་འཆར་ཡན། སྣང་མཚོན་དང་གབ་སྦས་སོགས་གཞུང་ལུགས་ཆེ་ཁག་དག་གི་གྲུབ་མཐའི་ཁ་ཕྱོགས་ལ་ཚོད་ལྟ་སྣ་ཚོགས་པ་ཞིག་བྱས་ཡོད་ནའང་། སྤྱི་ལོ་༢༠༡༠ཚེས་པའི་ལོ་འདི་འཛམ་གླིང་སྤྱི་དང་སྒོས་སུ་ཀྲུང་གོའི་རྩོམ་རིག་གི་ཐད་ནས་བཤད་ན་དངོས་ཡོད་རིང་ལུགས་ཀྱི་བསྟན་པ་དར་ནས་ཡོད་པ་ཞིག་སྟེ་ཕེ་རོའུ་ཡི་སྲིད་འཛིན་གྱི་འོས་མིར་བདམས་མྱོང་མཁན་རྩོམ་པ་པོ་མཱ་རེའོ·ཝར་ཀར་སི·ལོ་ཟ་ལ་ནའོ་པེར་བྱ་དགའ་ཐོབ་པ་དང་། ཀྲུང་གོའི་བུའུ་ཧྭན་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲི་ཡན་ཀོའི་སྙན་ངག་བརྩམས་ཆོས་ལ་སྐབས་ལྔ་བའི་ལུའུ་ཞོན་རྩོམ་རིག་བྱ་དགའ་ཐོབ་པ་སོགས་འཚོ་བ་དང་ཉེ་ལ་སྲིད་གཞུང་གི་བྱ་ལས་དང་འཚམས་པའི་སེམས་ངོ་འཛིན་སྟངས་སྐོར་ཅིག་གིས་ད་ལོའི་རྩོམ་རིག་གི་ཁ་ཕྱོགས་ཚུལ་དེར་དངོས་ལྡོག་གི་དྲི་བ་མང་པོ་ཞིག་བཏོན་ནས་ཡོད་པ་རེད།
གོང་གི་སྣང་ཚུལ་དེ་རིགས་དང་བསྡུར་ན་རང་རེའི་ཁ་བ་ཅན་གྱི་རྩོམ་རིག་དེ་ད་ལོར་ཅུང་བག་འཁུམ་གྱི་བབས་སུ་ལྟུང་ཡོད་པ་ནི་གཞུང་ཕྱོགས་ཀྱི་བྱ་དགའི་ལས་གཞི་གང་ཡང་བསྒྲུབ་ཐུབ་མེད་པར་སྟོང་སྟོང་གི་ཉམས་ཤིག་ཤར་ནས་ཡོད་ནའང་།
ལོ་འདིར་བོད་ཀྱི་རྩོམ་རིག་གསར་བའི་དེད་དཔོན་ཆེན་མོ་དཔལ་དོན་གྲུབ་རྒྱལ་གྱི་འདས་ཉིན་དེ་ཟླ་༡༡པའི་ཚེས་༣༠ཉིན་ཡིན་པ་ཁུངས་བཙུན་བདེན་དཔང་ཪྙེད་དེ་གཏན་ལ་ཁེལ་བ་ནས་ལོ་རེ་རེའི་ཟླ་༡༡པའི་ཚེས་༣༠ཉིན་རྩོམ་པ་པོ་ཁོང་གི་དྲན་གསོ་ཉིན་མོར་ཐག་བཅད་ཅིང་། སློབ་གྲྭ་ཆེན་མོ་སོ་སོ་ནས་དཔལ་དོན་གྲུབ་རྒྱལ་ལ་རྗེས་དྲན་ཚོགས་འདུ་བསྡུ་བའི་རང་འགུལ་གྱི་རྩོམ་རིག་བྱ་འགུལ་སྤེལ་ཅིང་། རེབ་གོང་ས་ཁུལ་དུ་བོད་ཀྱི་ཆེས་ཐོག་མའི་རྩོམ་རིག་གཅེས་བཏུས་《རང་གྲོལ》དུས་དེབ་བསྒྲུབ་པར་སྔོན་འགྲོའི་ཆོག་མཆན་ཐོབ་པ་དེ་དག་གིས་ལོ་རྒྱུས་ཀྱི་ཁུང་བུ་ཞིག་སུབ་ནས་ཡོད་ལ། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་བྱ་བའི་གྲོས་ཚོགས་སྐབས་བརྒྱད་པ་ཚོགས་པ་དང་བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱིས་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་གནང་གིན་པའི་བོད་རིགས་རྩོམ་པ་པོ་འཇམ་དབྱངས་ཚེ་རིང་གིས་བརྩམས་པའི་སྒྲུང་རིང་《ཁམས་པའི་གོམས་སྲོལ》ཞེས་པ་དང་ཉི་མ་ཕན་ཐོགས་ཀྱིས་བརྩམས་པའི་སྒྲུང་རིང་《འབྲུ་སྨུག་པོ》ཞེས་པ་གཉིས་ལ་དཔྱད་གླེང་ཚོགས་འདུ་བསྡུས་པ། སྒེར་གཉེར་དུས་དེབ་ཀྱི་ཚོགས་འདུ་སྐབས་དང་པོ་འཚོགས་ཐུབ་པ་སོགས་ཚོགས་སྤྱིའི་ཁེ་ཕན་ལ་དམིགས་པའི་འདུ་ཚོགས་མང་པོ་ཞིག་དང་། བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་རྩོམ་རིག་བགྲོ་གླེང་ཚོགས་འདུ་སྐབས་བཞི་བ་ཚོགས་པ་སོགས་གཞོན་ནུས་སེམས་ཤུགས་ཀྱིས་བཏེགས་པའི་རྩོམ་རིག་གི་དགའ་ཁ་འཛིན་ཚུལ་དེ་དག་གིས་༢༠༡༠ལོའི་བོད་ཀྱི་རྩོམ་སྟེགས་དེ་ཡང་ལྷིང་འཇགས་ངང་འཇམ་འགྲོ་བ་ཞིག་མིན་པའི་རྒྱུ་མཚན་བསྟན་ནས་ཡོད་པ་རེད། །
༢
མི་རིགས་གང་ཞིག་དང་རྒྱལ་ཁབ་གང་ཞིག་ཡིན་ཡང་རྩོམ་རིག་འཕེལ་རྒྱས་ཀྱི་ཚད་གཞི་དེ་གཙོ་བོ་རྩོམ་པ་པོའི་བརྩམས་ཆོས་མང་པོ་འགྲེམས་སྤེལ་ཐུབ་པའི་བྱས་རྗེས་ཀྱིས་འཇོག་པ་ཞིག་ཡིན་ཙ་ན། ༢༠༡༠ལོའི་བོད་ཀྱི་རྩོམ་རིག་གི་གྲུབ་འབྲས་དེ་ཡང་རྩོམ་པ་པོའི་བརྩམས་ཆོས་པར་སྐྲུན་དང་ཐུན་མོང་གི་བྱེད་སྒོ་ཅི་འདྲ་ཞིག་སྤེལ་མིན་ལ་རག་ལས་ཡོད་པ་རེད། དེ་ལ་རྩོམ་རིག་རྐྱང་བའི་ངོས་ནས་བཤད་ན་༢༠༡༠ལོའི་བོད་ཀྱི་རྩོམ་སྟེགས་སུ་བསྟན་པ་ཡར་རྒྱས་ཀྱིས་བརྩམས་པའི་《ཐག་རིང་གི་སྦྲ་ནག》ལྟ་བུའི་སྒྲུང་རིང་དང་ཕུན་ཚོགས་བཀྲ་ཤིས་ཀྱིས་བརྩམས་པའི་སྒྲུང་གཏམ་ཕྱོགས་བསྒྲིགས་དེབ་《སྲིད་ཆོས་དང་མོའི་ཕྲུག་གུ་ལྔའི་ཕ་རྣམས》ལ་སོགས་པའི་སྔོན་ཆད་ཀྱི་སྒྲུང་གཏམ་དག་དཔེ་དེབ་ཏུ་པར་བའི་ལས་ཙམ་གྱི་ངེས་ཤེས་འདྲོངས་པའི་བརྩམས་ཆོས་གསར་བ་ཞིག་ཐོན་མེད་པའི་སེམས་ཁུར་སྟེར་མོད། ཁྱབ་ཆེ་ས་ནས་བལྟས་ན་དེ་ལས་ལྷག་པའི་བྱ་བའང་རབ་དང་རིམ་པ་ཞིག་བསྒྲུབས་ཐུབ་ཡོད་པ་ནི་༤*༡༤ཡུལ་ཤུལ་ས་ཡོམ་སོགས་ཀྱིས་མཚོན་པའི་རང་བྱུང་གི་གནོད་འཚེ་ཆེན་པོ་སྐོར་ཅིག་ལ་《སྦྲང་ཆར》དང་《གངས་རྒྱན་མེ་ཏོག》སོགས་བོད་ཡིག་དུས་དེབ་དང་ཚགས་པར་སོགས་ཀྱིས་ཆེད་དེབ་དང་ཆེད་བསྒྲིགས་པར་ངོས་བསྒྲུབས་ཏེ་བོད་ཁུལ་གྱི་རྩོམ་པ་པོ་བརྒྱ་ཕྲག་གཅིག་ལྷག་གི་རྗེས་དྲན་བརྩམས་ཆོས་ཕུད་པ་འདི་གྲངས་ཉུང་མི་རིགས་ཤིག་གི་རྩོམ་རིག་སྣང་ཚུལ་གྱི་ངོས་ནས་བཤད་ན་ཧ་ལས་དགོས་པའི་དོན་ཞིག་རེད་ལ། དེ་ལས་དུས་དེབ་ཁ་ཤས་ཀྱིས་ཆེད་དེབ་ཀྱི་རྩོམ་ཡོན་ཧྲིལ་བོ་གནོད་ཐེབས་ས་ཁུལ་ལ་རོགས་དངུལ་དུ་བསྩལ་བ་དེས་ཀྱང་རྒྱ་ཆེན་ཁོད་ཡངས་ཀྱི་བསམ་པའི་དཔལ་ཡོན་ཞིག་སྟོན་ཐུབ་ཡོད་པ་རེད།
གཞན་ཡང་དཔེ་ཚོགས་ཀྱི་ངོས་ནས་བཤད་ནའང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༩ལོར་པར་སྐྲུན་འགྲེམས་སྤེལ་བྱས་པའི་《དུས་རབས་༢༡པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང》(ཁག་དང་པོ)ལས་《གངས་གྲོང་གི་རླུང་བུ》ལྟ་བུ་པར་ཐེངས་གཉིས་པ་དཔར་བ་དེས་བོད་ཀྱི་སྙན་ངག་པ་གྲགས་ཅན་འཇུ་སྐལ་བཟང་སོགས་ཀྱིས་མཚོན་པའི་རྩོམ་པ་པོ་གྲགས་ཅན་སྐོར་ཅིག་གི་བརྩམས་ཆོས་ལ་ཀློག་པ་པོ་མང་པོའི་སྐོམ་པ་ཆུ་འདོད་ཀྱི་རེ་བས་བལྟས་ནས་ཡོད་པ་མཚོན་ཐུབ་ཡོད་ལ། རང་རེའི་བོད་ཀྱི་རྩོམ་རིག་གི་ཞིང་ས་དེ་ཡང་དེ་ལྟའི་སྐྱ་ཟད་སྔོ་སྡུག་གི་དུས་བབ་ཅིག་མ་ཡིན་པའི་རང་བཞིན་མངོན་ནས་ཡོད་པ་རེད།
ཡང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བའི་《བློ་འབྱེད་ཀློག་དེབ་དཔེ་ཚོགས》ལྟ་བུར་ཆ་མཚོན་ནས་བཤད་ན་ཆུང་བྱིས་པ་ནས་རྒན་མགོ་དཀར་མན་གྱི་རིག་གནས་སློབ་མཁན་དག་ལ་གང་ལ་གང་འཚམས་ཀྱི་རིག་པའི་སྒོ་གླེགས་ཤིག་ཕྱེ་ནས་ཡོད་པ་དེས་བོད་ཀྱི་རྩོམ་བྱུང་ལོ་རྒྱུས་དེ་དམངས་བྱིངས་དང་ཆེས་ཉེ་བར་དུད་པའི་དགེ་མཚན་གྱིས་རྒྱན་ནས་ཡོད་ལ། 《ཟླ་ཟེར》དུས་དེབ་ཁང་གིས་དུས་དེབ་བསྒྲུབས་ནས་ལོ་འཁོར་ཉི་ཤུ་ལོན་པར་དེབ་ཕྲེང་བཅུའི་བདག་ཉིད་ཅན་གྱི་དཔེ་ཚོགས་ཤིག་དཔར་བ་སོགས་དཔེ་ཚོགས་ཀྱི་ལས་གཞི་མང་པོ་ཞིག་ཀྱང་ལོ་འདིར་འགྲུབ་ནས་ཡོད་ལ། མེ་ལྕེས་གཙོ་སྒྲིག་བྱས་པའི་《དགེ་ཆོས་ཞིབ་འཇུག》དང་དགུ་རོང་སྤུན་གྲོལ་གྱིས་གཙོ་སྒྲིག་བྱས་པའི་《རང་གྲོལ་ཞིབ་འཇུག》སོགས་ནི་མི་རིགས་རང་གི་མཁས་པ་དང་རྩོམ་པ་པོ་ཆེན་པོ་དག་གི་བརྩམས་ཆོས་ལ་ཞིབ་འཇུག་བྱས་པའི་ཆེད་དེབ་ཐོག་མ་ཡིན་པ་དེས་ཀྱང་༢༠༡༠ལོ་འདི་རེ་བ་དང་གསོན་ཤུགས་ཀྱིས་ཁེངས་ནས་ཡོད་པའི་སྤྱི་ལོ་ཞིག་ཏུ་སྟོན་ཐུབ་ཡོད་པ་རེད། །
༣
བརྡ་འཕྲིན་དུས་རབས་ཀྱི་བར་སྐལ་དུ་ལྷགས་པའི་དུས་རབས་ཉེར་གཅིག་པའི་ནང་དུ་བོད་ཀྱི་རྩོམ་རིག་ལ་ཆེས་མེད་དུ་མི་རུང་པ་དེ་དཔེ་ངོས་རྩོམ་རིག་གི་སྐོར་ཡིན་པ་ལས་གཞན་ད་དུང་དྲ་ཐོགས་རྩོམ་རིགས་ཀྱི་སྣང་ཚུལ་དེས་ཀྱང་སྟོབས་ཤུགས་ངེས་ཅན་ཞིག་བསྐྲུན་གྱིན་ཡོད་པ་ནི་༢༠༠༦ལོ་ནས་བཟུང་བོད་སྐད་ཡིག་དྲ་ཚིགས་དང་མཆོད་མེ་རྩོམ་རིག་དྲ་བ་སོགས་གསར་དུ་བསྒྲུབས་པ་དེས་སྨྱུག་ཐོགས་པ་མང་པོ་ཞིག་གི་བརྩམས་ཆོས་བགོད་སའི་ས་ལམ་དེ་ཡངས་པོར་ཕྱེ་ཞིང་། བོད་ཡིག་ཟིན་བྲིས་དང་མཆོད་མེ་པོད་ཁུག ཧི་གཟུགས་ཟིན་བྲིས་སོགས་ཟིན་བྲིས(པོད་ཁུག)རིག་གནས་ཀྱི་ལག་རྩལ་དར་རྒྱས་སུ་སོང་བ་དེས་བོད་མདོ་དབུས་ཁམས་གསུམ་གྱི་སྨྱུག་ཐོགས་པ་སྟོང་ཕྲག་མང་པོ་ཞིག་གསོ་སྐྱོང་ཐུབ་ཡོད་ཅིང་། གཅན་མེ་སྟག་སོགས་ཀྱིས་མཚོན་པའི་རྩོམ་པ་པོ་དང་སྙན་ངག་པ་མང་པོ་ཞིག་གིས་མི་སྒེར་གྱི་པོད་ཁུག་རྣམས་སུ་རང་རང་གི་གསར་རྩོམ་དག་དུས་ཐོག་ཏུ་བཀོད་པ་དེས་ཀློག་པ་པོ་མང་པོ་ཞིག་གི་མིག་དབང་བཀུག་པ་ནས་པོད་ཁུག་རེ་གཉིས་ཀྱི་ཀློག་གྲངས་འབུམ་བཞི་བརྒལ་བའི་འཕྲིན་ལས་སྐྱོང་ཐུབ་ཡོད་མོད། ༢༠༡༠ལོ་ནི་རང་རེའི་བོད་ཀྱི་དྲ་ཐོགས་རྩོམ་རིག་ལ་མཚོན་ནས་བཤད་ན་དགའ་སྐྱོ་ཟུང་ལྡན་གྱི་རྣམ་པ་ཞིག་ཏུ་གྲུབ་ནས་ཡོད་པ་ནི་བོད་སྐད་ཡིག་དྲ་ཚིགས་དང་མཆོད་མེ་པོད་ཁུག་སོགས་པན་གཟུགས་ཀྱི་དྲ་ངོས་མང་པོ་ཞིག་རྒྱལ་སྤྱིའི་ཚད་ལྡན་ཡིག་གཟུགས་ཧི་མ་ལ་ཡའི་གཟུགས་སུ་བསྒྱུར་རྒྱུ་ཐག་བཅད་པ་དེས་དགའ་བའི་སྣང་བ་འཕེར་བར་བྱེད་ནའང་། གསལ་བཤད་གང་ཡང་མེད་པར་བོད་སྐད་ཡིག་དྲ་ཚིགས་གཏན་དུ་སྒོ་བརྒྱབ་པ་དེས་བོད་ཡིག་ཟིན་བྲིས་དང་ཧི་གཟུགས་ཟིན་བྲིས་སོགས་སུ་སྒེར་གྱི་པོད་ཁུག་བཟོས་པའི་སྨྱུག་ཐོག་པ་སྟོང་ཕྲག་འགའ་ཡི་རྩོམ་ཡིག་ཁྲི་ཕྲག་འགའ་ཞིག་གར་སོང་ཆ་མེད་བཟོས་པས་ན། སྒེར་གྱི་འགྲོ་གྲོན་བཏང་དེ་དྲ་ཚིགས་བཟོ་བའི་སྤྱི་ཕན་གྱི་ལས་ཀ་དེ་ཡང་མཐར་ཐུགས་གཞན་ལ་ཕོག་ཐུགས་གཏོང་བའི་གནོད་བྱའི་བགྱི་བ་ཞིག་ཏུ་ངོ་བོ་འགྱུར་དུ་བཅུག་པ་དེ་རེད། སྤྱི་བའི་འགན་འཁུར་གྱི་སེམས་ངོ་ལྷོད་པའི་བྱུང་ཚུལ་སྐོར་ཞིག་གིས་བོད་ཀྱི་དྲ་ཐོགས་རྩོམ་རིགས་ལ་ཚད་ལས་བརྒལ་བའི་ཕམ་ཁ་བཟོས་ཡོད་ནའང་། མཆོད་མེ་རྩོམ་རིག་དྲ་བ་དང་དགེ་འདུན་ཆོས་འཕེལ་དྲ་བ་སོགས་ཀྱིས་མཚོན་པའི་དྲ་ཚིགས་རྒན་པ་འགའ་ཞིག་གིས་ད་དུང་ཡང་རྩོམ་རིག་གི་སྐབས་དོན་གསར་འགྱུར་དག་དུས་ཐོག་ཏུ་བསྒྲགས་པའི་འགན་བརྐྱངས་པའི་མུར་རྩོམ་རིག་སྒྱུ་རྩལ་གྱི་ལས་ཀ་གཞི་རྐང་དུ་བཞག་སྟེ་སྙན་ངག་དང་སྒྲུང་རྩོམ། རྩོམ་རིག་དཔྱད་བརྗོད་སོགས་གང་མང་མང་ཞིག་སྤེལ་བ་དེས་རྩོམ་རིག་དུས་དེབ་ཉུང་བའི་བོད་ཀྱི་རྩོམ་སྟེགས་ལ་གཤིན་ས་བཟང་བོ་ཞིག་ཆགས་སུ་བཅུག་ཡོད་པ་དང་། གསར་དུ་བསྒྲུབ་པའི་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ཀྱིས་ཀྱང་འཇགས་ཟིན་པའི་རླབས་ཀྱི་རང་སྒྲ་དེ་གཞར་ཡང་སད་སྲིད་པའི་སྔོན་བརྡ་ཞིག་བརྒྱབ་ནས་ཡོད་པ་རེད། །
༤
རྩོམ་རིག་བརྩམས་ཆོས་རྐྱང་བའི་ངོས་ཐད་ནས་བཤད་ནའང་༢༠༡༠ལོ་དེ་སྟོང་ཆར་ལུས་པ་ཞིག་ནི་མ་ཡིན་པར་《ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་གསར་བ་བདམས་བསྒྲིགས》དང་འབྲི་གུང་ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་《བོད་རེ་བ་ཅན》སོགས་ལ་ཀློག་མཁན་གྱི་དགའ་བསུ་ཆེན་པོ་ཐོབ་ཡོད་ཅིང་། སྙན་ངག་པ་ལྗང་བུའི་སྙན་དེབ་དབྱིན་འགྱུར་མ་ཨ་རི་ནས་པར་བསྐྲུན་བྱས་པ་དང་། རྒྱ་ཡིག་གི་ལམ་ནས་གསར་རྩོམ་ལ་གཞོལ་བའི་རྩོམ་པ་པོ་ཚེ་རིང་ནོར་བུའི་བརྩམས་སྒྲུང་《ཚེ་ཐར་དུ་བཏང་བའི་ལུག》ཅེས་པར་སྐབས་ལྔ་བའི་ལུའུ་ཞུན་བྱ་དགའ་ཐོབ་པ། དེ་ལས་གཞན་སྟག་འབུམ་རྒྱལ་གྱི་སྒྲུང་རྩོམ་《ཁྱི་རྒན》ཞེས་པ་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ནས་འཁྲབ་གཞུང་དུ་བཅོས་ཏེ་གློག་བཪྙན་དུ་ཕབ་པ་དང་རྩོམ་པ་པོ་ལྷ་རྒྱལ་ཚེ་རིང་གི་སྒྲུང་རྩོམ་《ཕུགས་བསམ》ཞེས་པ་བཪྙན་འཕྲིན་ཟློས་གར་དུ་བཅོས་སྒྲིག་བྱས་པ་སོགས་རྩོམ་རིག་འཕེལ་རྒྱས་ཀྱི་མདུན་སྐྱོད་ལ་རླུང་གི་གཤོག་པ་བཏེགས་པའི་ལས་ཀ་མང་པོ་ཞིག་ཀྱང་ལོ་འདིའི་ནང་དུ་བསྒྲུབས་ཡོད་པ་འདིས་༢༠༡༠ལོའི་བོད་ཀྱི་རྩོམ་སྟེགས་དེ་ཐུན་མོང་མ་ཡིན་པ་ཞིག་དང་གྲུབ་འབྲས་ཀྱིས་ཕྱུག་ནས་ཡོད་པ་ཅན་ཞིག་ཏུ་བསྟན་ནས་ཡོད་དོ། །
2010ལོའི་ཟླ་10བའི་ཚེས་26ཉིན།