logo

འབྲོག་མི་ཡི་ཆོས།

རྩོམ་པ་པོ།:ནམ་མཁའི་ནོར་བུ། ཡོང་ཁུངས།:བོད་ལྗོངས་རིག་གནས་དྲ་བ། དུས་ཚོད།:2011-01-18 ཀློག་གྲངས།:

  འབྲོག་མི་ནི་རྒན་གཞོན་སུ་འདྲ་ཞིག་ཡིན་ཡང་རུང་། ཆོས་ལ་དད་མོས་དང་དག་སྣང་ཧ་ཅང་ཆེ་ཞིང་། འབྲོག་མི་རྒན་གཞོན་ཕལ་མོ་ཆེས་ཀློག་ཤེས་མིན་ལ་མ་ལྟོས་པར་སྐྱབས་འགྲོ་དང་། སྒྲོལ་མ། མ་ནི། སིངྔྷི། བསམ་པ་ལྷུན་གྲུབ་དང་། ལེའུ་བདུན་མ་སོགས་ཁ་ཏོན་མང་དུ་བྱེད་ཤེས་ཀྱི་ཡོད་འདུག་པ་དང་། དེར་མ་ཟད་ཁོ་བོ་ཅག་གིས་དཔེ་གཏན་ནས་མཐོང་མ་མྱོང་བའི་གསོལ་འདེབས་དང་སྨོན་ལམ་སོགས་སྣ་མང་ཞིག་ཀྱང་ཁ་ཏོན་བྱེད་དུ་ཡོད་འདུག དེ་དག་ལས་དཔལ་ཀརྨ་པའི་གསོལ་འདེབས་སུ་གྲགས་པ་ཞིག་ཁོ་བོས་འབྲོག་མི་འགའ་ཞིག་གི་ངག་ནས་ཐོས་པ་གཤམ་གསལ། རྒྱ་ད་བུ་རེ་ལ་ད་བུ་རེ། ། རྒྱ་ད་བུར་ཆོས་ཀྱི་འཁོར་ལོ་བསྐོར། ། རྒྱ་ཡར་འགྲོ་ཆོས་ལ་བསྐུལ་མི་དེ། ། རྣལ་འབྱོར་ཀརྨ་པཀྴི་རེད། ། རྗེ་ཀརྨ་པ་ལ་གསོལ་བ་འདེབས། ། ཕ་ཡབ་ལ་ཅི་མཚན་མ་ཤེས་ན། ། ཕ་ཡབ་ལ་དམ་པ་རིག་པ་མཚན། ། མ་ཡུམ་ལ་ཅི་མཚན་མ་ཤེས་ན། ། མ་ཡུམ་ལ་སྒྲོལ་མ་དཀར་མོ་མཚན། ། ཆུང་ལོ་གཅིག་སྒང་ལ་ཀ་ཁ་རྦུངས། ། ལོ་གཉིས་སྒངམ་དར་མ་འབུམ། ། ལོ་གསུམ་སྒང་ལ་ཆིབས་པ་ཆིབས། ། ཆིབས་ཁ་ཡར་གྱུ་དབུས་ལ་གྱུས། ། འབུལ་བ་ཁ་བ་བབ་བབས་རེད། ། ཆིབས་ཁ་མར་གྱུ་རྒྱ་ལ་གྱུས། ། འབུལ་ཚོགས་བུ་ཡུག་འཚུབ་འཚུས་རེད། ། རྗེ་ཀརྨ་པ་ལ་གསོལ་བ་འདེབས། ། བྲག་དཀར་དཀྱིལ་ནས་འཕེན་དུས་དེར། ། བ་རྒྱལ་རྒོད་པོར་ལྷུན་གྱིས་གྲུབ། ། རྗེ་ཀརྨ་པ་ལ་གསོལ་བ་འདེབས། ། སྔོན་མོའི་ཆུ་ལ་བསྐུར་དུས་དེར། ། ཆུ་བྱ་རང་བཞིན་ལྷུན་གྱིས་གྲུབ། ། རྗེ་ཀརྨ་པ་ལ་གསོལ་བ་འདེབས། ། ཚེར་དོང་ནང་ལ་འཕེན་དུས་དེར། ། དར་དཀར་འཇམ་པོའི་སྲིད་གདན་འགྲུབ། ། རྗེ་ཀརྨ་པ་ལ་གསོལ་བ་འདེབས། ། མེ་དམར་ནང་ལ་འཕེན་དུས་དེར། ། མེ་ལྷ་དམར་པོར་ལྷུན་གྱིས་གྲུབ། ། རྗེ་ཀརྨ་པ་ལ་གསོལ་བ་འདེབས། ། ཁང་ཆུང་ནང་ལ་བཙུད་དུས་དེར། ། བཀྲ་ཤིས་སྒོམ་མོ་ལྷུན་གྱིས་གྲུབ། ། རྗེ་ཀརྨ་པ་ལ་གསོལ་བ་འདེབས། ། མུན་ནག་ནང་ལ་བཙུད་དུས་དེར། ། འོད་ཟེར་ལྷ་ཡི་ཉི་མ་ཤར། ། རྗེ་ཀརྨ་པ་ལ་གསོལ་བ་འདེབས། ། འབུ་དོང་ནང་ལ་འཕེན་དུས་དེར། ། འབུ་ཆེ་ཆེས་བསྐོར་བ་གྱི་ལི་ལི། ། ཆུང་ཆུང་ཕག་རྒྱ་ཚུབས་སེ་ཚུབ། ། རྗེ་ཀརྨ་པ་ལ་གསོལ་བ་འདེབས། ། ཉིན་རེ་ཚར་རེ་མ་བརྗེད་ན། ། ཤི་དམྱལ་བ་མི་ཡོང་ཁས་ལེན་ཡིན། ། ངན་སོང་མི་འགྲོ་ཐག་ཆོད་ཡིན། ། རྗེ་ཀརྨ་པ་ལ་གསོལ་བ་འདེབས། ། ཞེས་སོགས་རྣམ་པ་མི་འདྲ་བ་མང་དུ་སྣང་ངོ་། ། 
  འབྲོག་མི་བྱིངས་ནི་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆུང་ཞིང་། དམ་པའི་ཆོས་ལ་དད་མོས་དང་དག་སྣང་ཧ་ཅང་ཆེ་བ་ཙམ་ལས་ཆོས་ཀྱི་གནས་ཚུལ་ཇི་བཞིན་ཤེས་མཁན་ཧ་ཅང་ཉུང་ངུར་སྣང་། འོན་ཀྱང་འབྲོག་ཡུལ་གྱི་ཆོས་ཀྱི་གཙོ་བོ་ནི་ཡུལ་སོ་སོའི་དགོན་པ་ཁག་ཏུ་གནས་ཤིང་། དེ་དག་ཏུ་བཤད་སྒྲུབ་ཀྱི་བསྟན་པ་ཡང་དག་བཞུགས་པ་དང་། འབྲོག་ཡུལ་དེ་དག་ཏུ་སྔོན་བྱོན་གྱི་གྲུབ་ཆེན་ཁྱེའུ་རིག་འཛིན་ཆེན་མོ་དང་། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་རྫ་དཔལ་སྤྲུལ་རིན་པོ་ཆེ་དང་། མཁས་པའི་ཁྱུ་མཆོག་འཇམ་མགོན་མི་ཕམ་སོགས་ཡོངས་སུ་གྲགས་པ་མང་དུ་བྱུང་བ་དག་གིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བའི་མཛད་རྗེས་བཟང་པོར་བརྟེན་ནང་དོན་དང་རིག་པའི་གནས་ཀུན་མཁྱེན་པའི་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་མང་དུ་བཞུགས་ཤིང་། དེ་དག་གིས་དུས་སྐབས་སོ་སོར་འབྲོག་མི་དག་ལ་དམ་པའི་ཆོས་ཀྱི་སྤང་བླང་གི་གནས་སྟོན་གྱི་ཡོད་འདུག
  འབྲོག་མི་བྱིངས་ཀྱི་རྒྱུན་ཁྱེར་ཆོས་སྤྱོད་ཀྱི་གཙོ་བོ་ནི། མི་རེ་རེ་བཞིན་ནང་མོ་མལ་ནས་ལངས་པའི་རྗེས་སུ་སྐྱབས་འགྲོ་དང་གསོལ་འདེབས་སོགས་ཀྱི་ཁ་ཏོན་འུར་འུར་དུ་བྱེད་ཅིང་སོ་སོའི་འཁུར་དུ་བབས་པའི་ལས་ཀ་དག་བྱེད་པ་དང་། ཕོ་མོ་རྒན་གཞོན་ཚང་མ་རི་ལ་འགྲོ་བའི་ཚེ་མ་ནྀ་དང་། སིངངྷི་བཅས་གླུ་དབངས་རྣམ་པ་མི་འདྲ་བ་དུ་མའི་རྟ་ལ་དྲངས་ནས་འདོན་སྲོལ་འདུག་ཅིང་། དེ་ལས་“ཤ་རྫ་མ་ནོ”ཞེས་བྱ་བའི་གདངས་སྙན་པོ་ཞིག་ཡོད་འདུག་པ་དེ་ནི་འབྲོག་ཡུལ་ཁག་ཚང་མའི་ནང་དུ་དར་སྲོལ་ཆེ་ཞིང་། ཁོ་བོ་ཅག་གང་དུ་ཕྱིན་པའི་འབྲོག་ཡུལ་ཐམས་ཅད་ནས་ལྷང་ལྷང་དུ་ཐོས་ཐུབ་ཀྱི་འདུགདགོང་མོར་བཟའ་བཏུང་གི་རྗེས་སུ་“དགོང་འདོན”ཞེས་བྱ་བ་ནང་མི་ཚང་མ་ལྷན་དུ་འདུས་ནས་སྒྲོལ་མ་དང་བསམ་པ་ལྷུན་གྲུབ་བཅས་ཚར་གསུམ་རེ་ཙམ་འདོན་སྲོལ་འདུག་ཅིང་། ཁ་ཏོན་དེའི་དབུ་མཛད་ནི་ནང་གི་ཕ་དང་། ཡང་ན་བུ་རྒན་པ་དེས་བྱེད་དགོས་སྲོལ་འདུགདེ་རྗེས་ནང་མི་གཤིན་པོ་དག་གི་ཟས་སྐལ་དུ་དམིགས་པའི་ཕྱུར་ར་དང་མར་ཕྲན་བུ་བཅས་སྦྲའི་ཕྱི་ལོགས་སུ་མེར་བསྲེགས་ཏེ་ནང་མི་དག་གིས་མ་ཁི་ཕྲེང་སྐོར་རེ་ཙམ་བསགས་ཤིང་བསྔོ་བ་གང་ཤེས་བྱེད་ཀྱི་ཡོད་འདུགདཀོན་མཆོག་ལ་བསྙེན་བཀུར་གྱི་ཆེད་དུ་དགོང་མོ་རེ་བཞིན་“མཚན་ཐུབ”ཅེས་བྱ་བའི་མར་མེ་རེ་ཐབ་ཀྱི་ཡ་ཐོད་དུ་སྤར་དགོས་ཀྱི་ཡོད་འདུག་ཅིང་། མར་མེ་དེ་ནི་དགོང་མོ་ས་རུབ་ནས་སང་ཉི་མ་འཆར་བའི་བར་དུ་རྒྱུན་མ་ཆད་པར་འབར་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་རེད།
  འབྲོག་མི་གཞོན་ནུ་དག་ནི་རང་རང་གི་ཕ་མ་ལ་བརྩི་གུས་ཧ་ཅང་ཆེ་ཞིང་། ཕ་མ་རྣམས་རྒན་རྒོན་དུ་གྱུར་པའི་ཚེ་ཁྱིམ་ནང་གི་ལས་ཀ་བྱེད་སྲོལ་མེད་པ་དང་། དེ་དག་ནི་དགོན་པའམ་ཆོས་སྒར་ཁག་ཏུ་ཕྱིན་ཏེ་བླ་མ་རྣམས་ཀྱི་དྲུང་ནས་བཀའ་ཆོས་ཞུ་ཞིང་འབུམ་ལྔ་བསགས་ཀྱི་ཡོད་པ་རེད། འབུམ་ལྔ་ཞེས་པ་ནི། ཆོས་ལ་འཇུག་པའི་སྒོ་སྐྱབས་འགྲོ་འབུམ་ཐེར། སྡིག་སྒྲིབ་སྦྱོང་བའི་སྒོ་རྡོ་རྗེ་སེམས་དཔའི་བཟླས་པ་ཡིག་རྒྱ་འབུམ་ཐེར། ལུས་ཀྱི་སྒྲིབ་པ་སྦྱོང་བའི་སྒོ་ཕག་འབུམ་ཐེར། ཚོགས་བསགས་པའི་སྒོ་མཎལ་འབུམ་ཐེར། བྱིན་རླབས་དབང་གི་སྒོ་བླ་མའི་རྣལ་འབྱོར་འབུམ་ཐེར་བཅས་ཡིན་པ་རེད། དེ་དག་གྲུབ་རྗེས་འཕོ་བའི་མན་ངག་དང་། དངོས་གཞི་ཁྲེགས་ཆོད་ཀྱི་ཉམས་ལེན་སོགས་ལ་བསླབས་ནས། རྒན་རྒོན་དེ་དག་ཆོས་སྒར་ཁག་ཏུ་གཏན་གནས་འཆའ་བའམ་མང་ཤོས་ནི་ནང་མི་དང་ཉེ་བའི་སར་སྦྲ་གུར་ཆུང་ངུའི་ནང་དུ་གནས་ཤིང་ཁ་ཏོན་དང་དགེ་སྦྱོར་ལ་བརྩོན་གྱི་ཡོད་པ་རེད།
  འབྲོག་ཡུལ་དེ་དག་ཏུ་ཆོས་ལུགས་རྣམ་པ་མི་འདྲ་བ་དུ་མའི་དགོན་སྡེ་ཆེ་ཆུང་དང་། ལྷག་པར་གསང་སྔགས་རྙིང་མ་པའི་ཆོས་སྒར་མང་དུ་ཡོད་འདུག་ཅིང་། ད་དག་ཕལ་ཆེ་བ་ནི་རོང་ཡུལ་གྱི་དགོན་པ་ལྟར་རྡོ་བ་དང་ཤིང་ཆས་ལས་གྲུབ་པའི་གཙུག་ལག་ཁང་དང་། བླ་བྲང་དང་སྒྲུབ་གྲྭ་དང་། གྲྭ་ཤག་སོགས་མཛེས་བརྗིད་དང་ལྡན་པ་ཡོད་འདུག་ཅིང་། དབྱར་དགུན་གྱི་དུས་རྣམས་སུ་སྤོ་འཇོག་བྱེད་ཆོག་པའི“ནག་དགོན”ཞེས་བྱ་བ་སྦྲ་གུར་ཅན་གྱི་དགོན་པའང་མི་ཉུང་བ་ཡོད་པ་རེད། 
  རྫ་ཆུ་ཁའི་ཕྱོགས་ཀྱི་དགོན་པ་དག་ནི། རྫ་རྒྱལ་དགོན། (རྙིང་མ། )སེ་ཤུལ་དགོན། (དགེ་ལུགས། )དགེ་མོང་དགོན། (རྙིང་མ། )གུ་ལུང་དགོན། (རྙིང་མ། )བ་གྲོད་དགོན། (དགེ་ལུགས། )བཀའ་བཞི་དགོན། (བཀའ་བརྒྱུད། )ལྕང་མ་རི་ཁྲོད། (རིས་མེད། )བ་ཐུལ་དགོན། (རྙིང་མ། )འབའ་ཆུང་དགོན། (ས་སྐྱ)དཔོན་རུ་དགོན། (རྙིང་མ། )འཇུ་ཉུང་དགོན། (རྙིང་མ། )ཇོ་བོ་དགོན། (དགེ་ལུགས།  )འགོ་ཚ་དགོན། (རྙིང་མ། )འཁྲོ་འགབ་དགོན། (རྙིང་མ། )འཁྲོ་གོང་དགོན། (རྙིང་མ། )དབོན་པོ་དགོན། (དགེ་ལུགས། )དྲེལ་དཀར་དགོན། (རྙིང་མ། )ཕུ་ཁུང་དགོན། (རྙིང་མ། )གླང་ནག་དགོན། (ས་སྐྱ། )ནོར་གླིང་དགོན། (རྙིང་མ། )ཕག་ཚྭ་དགོན། (བཀའ་བརྒྱུད། )ཐར་ཤུལ་དགོན། (བཀའ་བརྒྱུད། )ཨ་ཚེ་དགོན། (རྙིང་མ། )མོང་དགེ་དགོན། (བཀའ་བརྒྱུད། )བོ་རོད་དགོན། (བཀའ་བརྒྱུད། )འཇུ་བ་དགོན། (རྙིང་མ། )འབུམ་གསར་དགོན། (དགེ་ལུགས། )འབུམ་རྙིང་དགོན། (རྙིང་མ། )གཞང་ཡང་ཁྱེའུ་རིག་འཛིན་གྱི་ཆོས་སྒར་སོགས་ཆོས་སྒར་དང་ནག་དགོན་ཆེ་ཆུང་མང་དུ་སྣང་ངོ་། །
  གསེར་ཐའི་ཕྱོགས་ཀྱི་དགོན་པ་དག་ནི། དུང་དཀར་དགོན། (རྙིང་མ། )སྟག་རྩེ་དགོན། (རྙིང་མ། )ཡར་ལུང་དགོན། (རྙིང་མ། )ཧོར་ཤུལ་དགོན། ༩་(རྙིང་མ། )རག་ར་དགོན། (རྙིང་མ། )སྦ་སྲུག་དགོན། (རྙིང་མ། )སྟག་ལུང་དགོན། (བཀའ་བརྒྱུད། )རག་ཁྲམ་དགོན། (རྙིང་མ། )དཀྱིལ་ཀློང་དགོན། (རྙིང་མ། )གཞན་ཡང་ཆོས་སྒར་དང་ནག་དགོན་གྱི་རིགས་མི་ཉུང་བ་དག་ཀྱང་ཡོད་པ་རེད། འབྲོག་ཡུལ་གྱི་དགོན་པ་དེ་དག་གི་འཚོ་བའི་གཞི་རྟེན་གལ་ཆེ་ཤོས་ནི་“གྲྭ་མང་གི་སྤྱི”ཞེས་བྱ་བ་དག་ཡིན་འདུག་ཅིང་། དེ་ཡང་དགོན་པ་གཞུང་གི་སྤྱི་དང་། བླ་བྲང་ཁག་གི་སྤྱི་དང་། དམིགས་བསལ་གྱི་སྤྱི་སོགས་མང་དུ་ཡོད་འདུགགྲྭ་སྤྱི་(གྲྭ་མང་གི་སྤྱི་)ནི་སྤྱིའི་ནང་ནས་ཆེ་ཤོས་ཡིན་འདུག་ཅིང་། དེ་དག་ལ་འབྲི་གཡག་པརྒྱ་ཕྲག་མང་པོའི་ནོར་འབྲོག་དང་། འབྲོག་འབངས་ཀྱི་ཁྲོད་དུ་བཀྲམས་པའི་འབྲི་ཤེ། འབྲུ་བུན། ཚོང་འགྲུལ་གྱི་མ་དངུལ་མང་དུ་ཡོད་འདུག་ཅིང་། སྤྱིའི་ལས་འཁུར་ནི་དགོན་པ་སོ་སོའི་ནང་གི་བླ་བྲང་ཆེ་ཆུང་ཁག་དང་། རྒྱུ་འབྱོར་ལྡན་པའི་སྦྱིན་བདག་ཁག་གིས་ལོ་གསུམ་མམ་ལྔ་རེ་ཙམ་གྱི་རིང་དུ་འཁུར་དགོས་ཤིང་། སྤྱི་པ་དེ་དག་གིས་སྤྱི་གཡོག་ཏུ་གྲྭ་བ་དཀྱུས་མ་འགའ་ཤས་བསྐོས་སྟེ་མ་རྩ་འཕེལ་སྐྱེད་ཀྱི་ཐབས་ཤེས་གང་དྲག་ལག་བསྟར་ཐོག་ལོ་ལྟར་གྱི་ཐོན་འབྲས་ཇི་ཙམ་བྱུང་བ་དེའི་སྟེང་ནས་ལོ་དུས་ཀྱི་སྒྲུབ་ཆེན་ཁག་དང་དུས་སྟོན་སོགས་ཚུགས་དགོས་ཀྱི་ཡོད་པ་རེད།
  གྲྭ་པ་སོ་སོའི་འཚོ་རྟེན་ནི་དགོན་དུ་སྒྲུབ་མཆོད་སོགས་ཡོད་པའི་རིང་གྲྭ་སྤྱི་ནས་ཞབས་ཏོག་བྱེད་པ་དང་། དུས་གཞན་དག་ཏུ་ཡུལ་མི་དག་གིས་དགོན་པ་ལ་སྐུ་རིམ་ཞུ་ཡོན་གང་བྱུང་དང་། གྲྭ་པ་སོ་སོར་དགོན་གྱི་ལས་འཁུར་གང་ཡོད་ཀྱི་འབབས་སྒོ་ལས་གཞན་པ་གང་ཡང་མེད་པ་རེད། འོན་ཀྱང་གྲྭ་གསར་ཆུང་གྲས་རྣམས་ལ་རྟག་པར་རང་རང་གི་ནང་མིས་རྒྱག་གསོལ་སྐྱེལ་གྱི་ཡོད་པ་རེད། འབྲོག་དགོན་འགའ་ཤས་སུ་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་ཀ་དང་མང་ཤོས་ལ་སྒྲུབ་གྲྭ་ཡག་པོ་རེ་ཡོད་འདུག་པ་དེ་དག་ཏུ་བཞུགས་མཁན་དག་ནི་ལོ་གྲངས་ལྔའམ་བདུན་སོགས་དུས་ཚོད་ངེས་པ་ཅན་ཞིག་ལོ་གཏན་བཞུགས་གནང་དགོས་པར་བརྟེན་དགོན་པ་དེའི་བསྟན་བདག་སྤྲུལ་པའི་སྐུའམ་མཁན་པོ་སོགས་གང་ཡིན་པ་དེའི་བླ་སྤྱི་(བླ་བྲང་གི་སྤྱི་)ནས་གསོལ་ཕོགས་འདེང་ངེས་འབུལ་དགོས་ཀྱི་ཡོད་འདུགབླ་སྤྱིའི་ཡོང་འབབས་ཀྱི་ཆེད་དུ་བསྟན་བདག་དེ་ཉིད་ལོ་རེ་བཞིན་དབྱར་དུས་སུ་འབྲོག་ཡུལ་ཁག་དང་། དགུན་དུས་སུ་རོང་ཡུལ་ཁག་སོགས་ལ་འབུལ་སྡུད་དུ་ཕེབས་པ་དང། གལ་ཏེ་བསྟན་བདག་དེ་སྤྲུལ་པའི་སྐུ་ཆེ་ཁག་ཅིག་ཡིན་ན་བླ་བྲང་ནས་“སྤྱི་བླ་”ཞེས་བྱ་བ་མཁན་པོའམ་སྒྲུབ་གྲྭ་ནས་ཐོན་པའི་སྒྲུབ་བླ་གཉིས་སམ་གསུམ་སོགས་བསྟན་བདག་དེའི་བླ་ཚབ་ཏུ་བསྐོ་ཞིང་། དེ་དག་ལ་བླ་སྤྱི་ནས་སྒར་ཆས་ཆ་ཚང་སྒྲིག་བཀོད་བྱས་ཏེ་དབྱར་དུས་སུ་འབྲོག་ཡུལ་ཁག་དང་དགུན་དུས་སུ་རོང་ཡུལ་ཁག་ལ་འབུལ་སྡུད་དུ་གཏོང་སྲོལ་ཡོད་པ་རེད། གྲྭ་སྤྱི་དང་བླ་སྤྱི་ཙམ་དུ་མ་ཟད་སྒྲུབ་མཆོད་ཆེ་ཁག་ཁ་ཤས་ལ་དམིགས་བསལ་གྱི་སྤྱིའང་མང་དུ་ཡོད་འདུག་ཅིང་། སྤྱི་དེ་རིགས་ཀྱི་སྤྱི་པ་མང་ཤོས་ནི་འབྲོག་སྡེ་ནང་ཁུལ་གྱི་ཁྱིམ་བདག་འབྱོར་ལྡན་གྱི་གྲས་རྣམས་ཡིན་པ་རེད། དེ་དག་ལའང་གྲྭ་སྤྱི་དང་བླ་སྤྱི་ཁག་ལྟར་ཕྱུགས་རུ་དང་། དབྱར་ས་དགུན་མཚེར་རྒྱ་ཆེན་པོ་ཡོད་འདུག་པ་དང་། འབྲོག་སྡེའི་ཁྲོད་ཏུ་འབྲི་ཤེ་མང་པོ་གསོག་འཇོག་བྱས་ཡོད་པ་དང་། རོང་འབྲོག་ཕན་ཚུན་ཚོང་ལས་ཀྱི་མ་རྩ་རྒྱ་མི་ཆུང་བ་དག་ཀྱང་ཡོད་པ་རེད། དེར་བརྟེན་སྤྱི་པ་དེ་དག་གིས་སྤྱིའི་ཕྱུགས་རུའི་བདག་གཉེར་བྱེད་པ་དང་། ལོ་ཤེ་བསྡུ་ལེན་བྱེད་པ་དང་། ཡུལ་འབྲོག་ཚོང་ལས་ཀྱི་བྱ་བའི་ཡོང་འབབས་བཅས་ལ་བརྟེན་ནས་སྒྲུབ་མཆོད་ཁག་འཛུགས་པ་དང་། ཡོང་འབབས་ལྷག་པོའི་སྟེང་ནས་ཚོགས་མང་ལ་སྐུ་འགྱེད་ཀྱང་འབུལ་གྱི་ཡོད་པ་རེད། སྤྱི་པ་འདི་རིགས་ཀྱིས་ཀྱང་སྤྱི་བླ་ཞིག་གདན་དྲངས་ཏེ་ལོ་གསུམ་གྱི་རིང་དུ་སྒྲུབ་མཆོད་ཀྱི་ཚོགས་དབུར་སྤྱན་དྲངས་པ་དང་། དབྱར་དགུན་གཉིས་སུ་རོང་འབྲོག་ཁག་ཏུ་འབུལ་སྡུད་དུ་ཕེབས་བསྐུལ་བྱེད་ཅིང་། སྤྱི་བླ་དེ་དག་གི་འབུལ་སྡུད་ནས་གང་འབྱོར་བའི་དངོས་པོ་མཐའ་དག་སྤྱི་ལ་རྩིས་སྤྲོད་གནང་དགོས་པ་དང་། སྤྱི་དེས་སྤྱི་བླ་དེ་ལ་ལོ་རེ་བཞིན་ན་བཟའ་ཆ་ཚང་རེ་དང་གསོལ་ཕོགས་འདེང་ངེས་བཅས་འབུལ་སྲོལ་ཡོད་པ་རེད།
  སྤྱི་གང་ཞིག་ཡིན་ཡང་རུང་སྤྱིའི་མ་དངུལ་དང་སྤྱི་མར་རྒྱ་མི་ཆུང་བ་ཡོད་པ་དེ་དག་སྤྱི་པ་སོ་སོར་བགོས་ཏེ་ཚོང་ལས་ཀྱི་སྒོ་ནས་འཕེལ་སྐྱེད་བྱེད་པའམ། ཡང་ན་མི་སྡེའི་ཁོངས་སུ་“་བཞི་ལ་ལྔ་འབར་”ཞེས་པའི་བུན་བསྐུར་ཐོག་འཕེལ་སྐྱེད་བྱེད་དགོས་ཤིང་། སུ་ཞིག་གིས་འཕེལ་སྐྱེད་ཀྱི་བྱ་བ་མ་ནུས་ན་རང་ཉིད་ཀྱིས་ལོ་སྐྱེད་འབུལ་དགོས་ཀྱི་ཡོད་པ་རེད། དགོན་པའི་སྤྱི་ཁག་གི་སྒྲིག་ཁྲིམས་ཆེ་ཕྲ་མཐའ་དག་ནི་དགོན་དཔོན་དང་ཆོས་ཁྲིམས་ཐུན་མོང་ནས་བལྟ་རྟོག་བྱེད་ཅིང་། དགོན་པའི་རྒྱུན་གྱི་ཕྱི་ནང་གི་བཅའ་ཁྲིམས་ཆེ་ཕྲ་དག་ཀྱང་དགོན་དཔོན་དང་ཆོས་ཁྲིམས་བཅས་པའི་ལག་ཏུ་ཡོད་པ་རེད། འོན་ཀྱང་དགོན་པའི་བསྟན་དོན་གལ་ཆེའི་རིགས་བྱུང་བའི་ཚེ་བླ་སྤྱི་དང་། གྲྭ་སྤྱི། ཚོགས་པའི་དབུ་མཛད་དང་། དགོན་དཔོན་དང་ཆོས་ཁྲིམས་བཅས་ལྷན་རྒྱས་འདུ་འཚོགས་ཀྱི་སྟེང་ནས་ཐག་གཅོད་བྱེད་པ་དང་། དེ་ལས་གལ་ཆེ་རིགས་དག་བྱུང་བའི་ཚེ་དགོན་པའི་བསྟན་བདག་ཀྱང་ཚོགས་དབུར་སྤྱན་དྲངས་ནས་ཐག་གཅོད་བྱེད་སྲོལ་ཡོད་པ་རེད། སྤྱིར་བཏང་བསྟན་བདག་ནི་དགོན་པ་དེའི་མངའ་བདག་དང་། བླ་སྤྱི་དང་གྲྭ་སྤྱི་དག་ནི་དགོན་པའི་རྒྱུ་ནོར་ལག་ལེན་བྱེད་མཁན་དང་། དགོན་དཔོན་ནི་དགོན་པའི་ཕྱི་ནང་གི་བཅའ་ཁྲིམས་ཀྱི་བདག་པོ་དང་། ཆོས་ཁྲིམས་གཉིས་སམ་གསུམ་རེ་ཡོད་པ་དེ་དག་ནི་དགོན་དཔོན་གྱི་ལས་ཆ་དང་། ལྷག་པར་སྒྲུབ་ཆེན་ཁག་གིས་གཙོས་པའི་མང་ཚོགས་ཀྱི་བཅའ་ཁྲིམས་དང་། མང་ཚོགས་ཀྱི་གསོལ་ཐབ་བཅས་པར་ཞིབ་འཇུག་བྱེད་མཁན་དང་། མཁན་པོ་དག་ནི་དགེ་འདུན་པ་རྣམས་དབར་གནས་བཞུགས་དུས་ཀྱི་མཁན་པོ་དང་། འགའ་ཤས་ཀྱིས་ནམ་རྒྱུན་བཤད་གྲྭའི་མཁན་པོ་བྱེད་ཅིང་གྲྭ་བཙུན་རྣམས་ལ་ཆོས་ཁྲིད་གནང་བ་དང་། སློབ་དཔོན་ནི་དུས་མཆོད་ཁག་གི་རྡོ་རྗེ་སློབ་དཔོན་དང་། སྒྲུབ་དཔོན་ནི་སྒྲུབ་གྲྭར་རྩ་རླུང་དང་། འཕྲུལ་འཁོར། བསྐྱེད་རྫོགས་ཀྱི་རིམ་པ་དག་ལག་ཁྲིད་གནང་མཁན་དང་། དབུ་མཛད་ནི་ཚོགས་ཆེན་གྱི་དབུ་མཛད་དང་། ཚོགས་ཆུང་ཁག་གི་རྡོ་རྗེ་སློབ་དཔོན་དང་། དབུ་མཛད་ཆུང་བ་དག་ནི་རྒྱུན་ཚོགས་དག་གི་དབུ་མཛད་དང་སློབ་དཔོན་གྱི་ཚབ་ཀྱང་གནང་གི་ཡོད་པ་རེད།
  གྲྭ་པ་དཀྱུས་མ་དག་ལ་བརྒལ་ལམ་གྱི་རིམ་པ་མི་འདྲ་བ་གསུམ་ཡོད་འདུག་ཅིང་། དེ་ལས་བརྒལ་ལམ་དང་པོ་ནི། གྲྭ་བ་གང་ཞིག་གིས་དགོན་པའི་ཆོ་ག་དང་ཕྱག་ལེན་གྱི་སྐོར་སློབ་གཉེར་གྲུབ་རྗེས་སྒྲུབ་གྲྭར་ཞུགས་དགོས་ཤིང་། ལོ་བདུན་ནས་སྒྲུབ་གྲྭ་ལས་ཐོན་པ་དང་། དེའི་གོ་གནས་སུ་ཞྭ་མོ་ཞིག་དང་རྡོར་དྲིལ་ཆ་གཅིག་བཅས་དགོན་པ་དེའི་བསྟན་བདག་དང་རྡོ་རྗེ་སློབ་དཔོན་གསར་རྙིང་ལྷན་རྒྱས་ནས་གནང་སྲོལ་ཡོད་པ་རེད། དེ་ནས་ཚོགས་ཆེན་གྱི་རོལ་དཔོན་ལོ་གསུམ་དང་། དབུ་ཆུང་ལོ་གསུམ། དབུ་མཛད་ལོ་གསུམ་བཅས་གནང་དགོས་པ་དང་། དེ་ནས་ཟུར་བླ་ཞེས་པ་དེ་སློབ་དཔོན་བྱེད་ཆོག་པའི་གྲས་ཡིན་ཞིང་། སྤྱི་བླ་ཞེས་པ་དག་ཀྱང་དེའི་ཁོངས་ནས་བསྐོ་དགོས་པ་རེད། དེ་ནས་ཚོགས་ཆེན་གྱི་སློབ་དཔོན་ལོ་ལྔ་ཙམ་དུ་གནང་དགོས་ཤིང་། དེ་རྗེས་སུ་ལོ་གྲངས་ངེས་མེད་དུ་སྒྲུབ་དཔོན་གནང་དགོས་པ་དེ་ནི་དགོན་པ་གཅིག་གི་གོ་གནས་ཀྱི་མཐར་ཐུག་པ་ཞིག་རེད།
  བརྒལ་ལམ་གཉིས་པ་ནི། གྲྭ་བ་གང་ཞིག་དགོན་པའི་རིག་གནས་ཀྱི་འཛིན་གྲྭ་ནས་སློབ་གཉེར་གྲུབ་པའམ་ཡང་ན་ཐད་ཀར་བཤད་གྲྭར་ཞུགས་ཏེ། ལོ་ལྔའི་རིང་ལ་གཞུང་ཆེན་བཅུ་གསུམ་དུ་གྲགས་པ་དག་ལ་སློབ་གཉེར་གནང་དགོས་པ་དང་། དེ་ནས་དགོན་པ་གཞན་དག་གི་བཤད་གྲྭར་ལོ་མང་དུ་སློབ་གཉེར་བྱེད་ཅིང་། སླར་ཡང་རང་དགོན་གྱི་བཤད་གྲྭའི་སྐྱོར་དཔོན་གནང་དགོས་པ་དང་། དེ་རྗེས་སུ་དགོན་གཞུང་གི་མཁན་པོ་ལོ་གསུམ་དང་། དེ་ནས་བཤད་གྲྭའི་མཁན་པོ་གནང་བའམ། བསྟན་བདག་སྤྲུལ་པའི་སྐུ་རྣམས་ཀྱི་“སྐུ་རྒྱབ་པ”་ཞེས་པ་ཡོངས་འཛིན་གནང་བའམ། མང་ཤོས་ནི་རི་ཁྲོད་དུ་ཕེབས་ནས་འཁོར་སློབ་སྐྱོང་སྲོལ་ཡོད་པ་རེད། བརྒལ་ལམ་གསུམ་པ་ནི། གྲྭ་བ་གང་ཞིག་རིག་གནས་ཀྱི་འཛིན་གྲྭ་གང་རུང་ལས་ཐོན་པའི་རྗེས་དགོན་གཞུང་གི་དུང་དཔོན་ལོ་གསུམ་དང་། ཆོས་ཁྲིམས་ལོ་གསུམ། གྲྭ་སྤྱིའི་སྤྱི་པ་ལོ་གསུམ་དང་། དེ་ནས་དགོན་དཔོན་གྱི་གོ་གནས་སུ་འབྱོར་ཏེ་ལོ་གསུམ་གྱི་རིང་ལ་དགོན་པའི་བཅའ་ཁྲིམས་ཀྱི་འཁུར་ལེན་དགོས་པ་དང་། དེ་རྗེས་སུ་གྲྭ་སྤྱིའི་སྤྱི་དཔོན་དང་བླ་སྤྱིའི་སྤྱི་དཔོན་བྱེད་དགོས་ཀྱི་ཡོད་པ་རེད། གོང་གསལ་དེ་དག་ནི་གཙོ་ཆེའི་བརྒལ་ལམ་གྱི་རིམ་པའི་དབང་དུ་བས་ཤིང་། དེ་དག་གི་བར་རྣམས་སུ་དམིགས་བསལ་གྱི་ལས་འཁུར་དཔེར་ན་ཟུར་བླ་དག་གིས་མགོན་བླ་གནང་བ་དང་། ཆོས་ཁྲིམས་ནས་དགོན་གཉེར་དུ་འཕོ་བ་དང་། དམིགས་བསལ་གྱི་སྤྱི་འཁུར་དགོས་པའི་རིགས་མང་དུ་ཡོད་འདུག་པ་དེ་དག་ནི་གཙོ་བོ་ཁེ་ཡོད་པའི་ལས་དང་གྱོང་འཁུར་དགོས་པའི་ལས་འཁུར་དག་རེས་མོས་སུ་བྱས་པ་ཙམ་ལས་ངེས་པ་ཅན་གྱི་རིམ་པ་གང་ཡང་མི་སྣང་ངོ་། ། 


འབྲེལ་ཡོད་འོས་སྦྱོར།