logo

དུས་རབས་གསར་བའི་བོད་ཀྱི་རྩོམ་རིག་འཕེལ་ཕྱོགས་ཐད་ཀྱི་བསམ་གཞིག

རྩོམ་པ་པོ།:གངས་ཞུན། ཡོང་ཁུངས།:སྦྲང་ཆར དུས་ཚོད།:2008-07-29 ཀློག་གྲངས།:

    བཅོས་སྒྱུར་སྒོ་འབྱེད་ཀྱི་མི་ལོ་ཉི་ཤུ་ནི་ལྟས་བཅས་ཀྱིས་བཤད་ན་རང་དབང་གི་མི་ལོ་ཉི་ཤུ་ཡིན་ལ།མི་ལོ་ཉི་ཤུ་བོ་འདིའི་ནང་དུ་རང་རེའི་སྲིད་འབྱོར་རིག་གསུམ་དང་ལྟ་སྤྱོད་གོམས་སྲོལ་སོགས་ལ་ཕྱི་ཕྱོགས་ཀྱི་ཤན་ཤུགས་རྒྱ་ཆེར་ཐེབས་ཤིང་།ལྷག་པར་དུ་རིག་གནས་ཀྱི་ཁྱབ་ཁོངས་སུ་ནུབ་གླིང་ལ་སོགས་པའི་བསམ་བློ་དང་ལྟ་བ་འདྲ་མིན་སྣ་ཚོགས་ཀྱིས་གཙེས་ནས་ཁ་དོག་འགྱུར་ལ་ཉེ་བ་ཙམ་དུ་ཡོད།དེ་ལ་འདོར་ལེན་ཅུང་ཙམ་ཡང་མི་འདུག་ཅེས་བཤད་མི་ཐུབ་ཀྱང་།ཕལ་ཆེར་བསམ་བློ་པ་དང་རྩོམ་པ་པོར་ཁས་འཆེ་བ་དག་གིས་སོ་སོར་རང་ཉིད་ཀྱི་འདོད་པ་དང་མཐུན་ཞིང་བློ་ངོར་བདེ་བའི་ལྟ་བ་ཉི་ཚེ་བ་རེ་སྤེལ་བ་ལས་དོན་དམ་གྱི་གཞུང་ལུགས་ཆ་ཚང་ཞིག་སྤེལ་ཐུབ་མི་འདུག་པས།མི་ལོ་ཉི་ཤུ་བོ་འདིའི་ནང་དུ་རང་རེའི་རིག་གནས་ཀྱི་ཁྱབ་ཁོངས་སུ་འཚབ་འཚུབ་དང་ཟང་ཟིང་།ཁ་ཕྱོགས་ངེས་མེད་ཀྱི་སྣང་ཚུལ་བྱུང་ནས་འཕེལ་རྒྱས་ཀྱི་གོམ་ཁ་ཤིན་ཏུ་དལ། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི། ད་སྔ་ང་ཚོས་ཐམས་ཅད་ཀྱི་རྨང་གཞིར་གྱུར་པའི“བོད”ཅེས་པ་འདི་ཡང་བརྗེད་ཅིང་འབོར་ཉེན་དུ་བདོག་པས་ཧ་ཅང་གཟབ་དགོས་པར་འདུག ཡིན་ན་ཡང་།མི་ལོ་ཉི་ཤུའི་ཟང་ཟིང་གི་ཁྲོད་ནས་ང་ཚོར་ངེས་ཤེས་དང་བསླབ་བྱ་ཐོབ་པ་ནི། ང་ཚོའི་རྩ་བ་ནམ་ཡང་རང་ཉིད་ཡིན་པ་དང་ང་ཚོའི་རང་གཤིས་ནམ་ཡང་ཁ་གསལ་ཞིང་གཏིང་མི་ལོན་པ།ང་ཚོའི་སྤྱོད་པ་ནམ་ཡང་དངོས་ཡོད་རིང་ལུགས་པ།ང་ཚོའི་སྙིང་སྟོབས་ནམ་ཡང་ཕུགས་བསམ་རིང་ལུགས་པ་ཞིག་ཡིན་དགོས་པའོ།།འདི་ལྟར་བྱས་ན་ང་ཚོས་ད་ལྟའི་རིག་གནས་ཟང་ཟིང་གི་སྣང་ཚུལ་ཐག་གཅོད་ཐུབ་པར་མ་ཟད།རང་རེའི་རིག་གནས་གང་ལ་སྤེལ་བའི་ཁ་ཕྱོགས་ཀྱང་གསལ་བར་རྟོགས་པ་རེད།གཤམ་ནས་གོང་བཀོད་གནས་ལུགས་བཞི་རྩོམ་རིག་ལ་སྦྱར་ནས་ཅུང་ཟད་ཞུ་བར་བྱ་སྟེ།

    གཅིག  ང་ཚོའི་རྩ་བ་ནམ་ཡང་རང་ཉིད་ཡིན་དགོས།

    འཚོ་བ་ནི་རྩོམ་རིག་གི་རྐང་འཆའ་ས་ཡིན་ལ།རྩོམ་རིག་རྣལ་མའི་རྨང་གཞི་ནི་འཚོ་བ་ཡིན་པས་འཚོ་བ་དང་ཁ་བྲལ་བའི་རྩོམ་རིག་ཅིག་ཡོད་མི་སྲིད། ང་ཚོ་སུ་ཡིན་རུང་ཁོར་ཡུག་ངེས་ཅན་ཞིག་གི་ནང་དུ་འཚོ་བཞིན་ཡོད་པས་རང་ཉིད་འཚོ་སའི་ཁོར་ཡུག་དེ་ནི་རང་ཉིད་ཀྱི་འཚོ་བ་ཡིན་ལ།ང་ཚོས་རང་ཉིད་འཚོ་སའི་ཁོར་ཡུག་དེ་ལས་འདའ་བའི་རྩོམ་རིག་ཅེས་པ་ཞིག་ཡོད་དུ་བཅུག་ན་དེ་ནི་ཅི་ཡིན་སུས་ཤེས།འདིར་བཤད་པའི་འཚོ་བའི་ཁོར་ཡུག་ཅེས་པ་ནི་སེམས་ཁམས་ཀྱི་ཁོར་ཡུག རིག་གནས་ཀྱི་ཁོར་ཡུག སྐད་ཆའི་ཁོར་ཡུག ས་ཆའི་ཁོར་ཡུག་བཅས་སོ།། རྩོམ་རིག་གསར་རྩོམ་གྱི་ཆ་ནས་བཤད་ན། ང་ཚོས་ཁོར་ཡུག་འདི་བཞི་ཡིས་གྲུབ་པའི་རང་ཉིད་ཀྱི་འཚོ་བའི་ཁོར་ཡུག་ལས་འདས་པའི་བརྩམས་ཆོས་འབྲི་མི་ཐུབ་སྟེ།དཔེར་ན་རང་རེ་བོད་པ་རྒྱ་ནག་དང་རྒྱ་གར་རམ་རྒྱ་སེར་སོགས་ཀྱི་འཚོ་བ་མི་ཤེས་པ་ཞིག་གིས་དེ་ཚོའི་འཚོ་བ་མཚོན་པའི་རྩོམ་ཡིག་མི་ཕྲིས་པ་ལྟར་རོ།། དེ་བཞིན་རྩོམ་རིག་དཔྱད་འཇོག་གི་ཆ་ནས་ཀྱང་ང་ཚོས་རང་རེའི་རྩོམ་ཡིག་གི་སྤྱིའི་ཁྱད་ཆོས་ལ་གཞིགས་ནས་དེ་དང་འཚམ་ཞིང་ཕན་ནུས་བླ་ལྷག་ཏུ་ཐོན་པའི་གཞུང་ལུགས་ཤིག་གམ་སྤྱི་སྲོལ་ཞིག་ལ་བརྟེན་ནས་ཞིབ་འཇུག་བྱེད་རྒྱུ་ལས་ཕྱི་ཕྱོགས་རྒྱ་དཀར་ནག་སེར་གསུམ་གྱི་རྩོམ་རིག་གཞུང་ལུགས་ཁོ་ན་ལྟར་ཐད་འཇུག་བྱེད་པ་ནི་ཤིན་ཏུ་ནོར་བའོ།།རང་རེའི་འཚོ་བའི་ཁོར་ཡུག་མི་འདྲ་བའི་དབང་གིས་རྩོམ་རིག་གི་ཁྱད་ཆོས་ཀྱང་སོ་སོར་ཡོད་ལ།ཐ་ན་མཛེས་དཔྱོད་ཀྱི་ལྟ་བ་དང་རིགས་ལམ་གྱི་འགྲོ་ཕྱོགས་སུ་མི་མཐུན་པའི་རིགས་མང་བས། རྒྱ་མི་ལ་མར་ཆུར་སྟེར་བ་དང་བོད་མི་སྡིག་སྲིན་ཟ་རུ་བཅུག་པ་བཞིན་འདོད་ཐོག་ལ་ཁེལ་བ་ཞིག་ཡོང་ཐབས་བྲལ་བས་རང་རང་གི་ཁྱད་ཆོས་བཟུང་ན་བཟང་བར་སེམས།དེ་བས་རང་ཅག་གིས་བོད་མིའི་སེམས་ཁམས་དང་བོད་མིའི་རིག་གནས།བོད་ཀྱི་སྐད་ཆ།བོད་ཀྱི་ས་ཆ་སྟེ་མདོར་ན་བོད་ཅེས་པ་འདི་རྩ་བར་འཛིན་པ་ནི་རྨང་གཞིའོ།།

    གཉིས།ང་ཚོའི་རང་གཤིས་ནམ་ཡང་ཁ་གསལ་ཞིང་གཏིང་མི་ལོན་པ་ཞིག་ཡིན་དགོས།

    ཁ་གསལ་ཞིང་གཏིང་མི་ལོན་པ་ནི་བོད་ཀྱི་ཤེས་རིག་གི་ཁྱད་ཆོས་ཡིན་ཏེ།ཁ་གསལ་ཞེས་པ་ནི་ཉོག་བཤད་སྤངས་ཤིང་རིགས་ལམ་གསལ་བ་དང་།བཤད་བྱ་ལ་ཆ་རྒྱུས་དང་བྱང་ཆ་ཡོད་པའོ།།གཏིང་མི་ལོན་པ་ཞེས་པ་ནི་དངོས་པོའི་ཕྱིའི་རྣམ་པ་དང་གྲུབ་ཚུལ་གསལ་བར་བྱས་པ་གཞིར་བྱས་ཆོས་ཉིད་ཀྱི་གནས་ལུགས་ཟབ་ཅིང་ཟབ་པ་དག་ཀྱང་སྟོན་པར་བྱེད་པ་སྟེ་དཔེར་ན“གང་ཞིག་གཟིགས་ཤིང་གསུང་བ་ཡི།། མཁྱེན་དང་སྟོན་པ་བླ་ན་མེད”ཅེས་པའི་ཚིག་རྐང་གཉིས་ཀྱིས་ཤཀྱཱ་ཐུབ་པའི་མཁྱེན་པ་དང་ཆོས་སྟོན་པའི་ཁྱད་ཆོས་བརྗོད་པ་བརྒྱུད་ནས་རྟོགས་བྱ་ངོས་བཟུང་བ་དང་རྟོགས་པའི་འབྲས་བུ་བསྟན་པ།ཆོས་གསུང་མཁན་གྱི་མཚན་ཉིད་དང་རང་ཉིད་ཀྱི་ལྟ་བའི་ལངས་ཕྱོགས་སོགས་ཟབ་ཅིང་རྒྱ་ཆེ་བའི་གནས་ལུགས་རྣམས་ཁ་གསལ་ཞིང་གོ་བདེ་བ་སྙན་པའི་ཚིག་གི་རོ་ཉམས་དང་བཅས་ཏེ་བརྗོད་ཡོད་པ་བཞིན།རང་རེ་ཕྱི་རབས་པ་དག་གིས་ཀྱང་སྲོལ་རྒྱུན་བཟང་བོ་འདི་དག་དམ་དུ་བཟུང་ནས་རིགས་ལམ་གསལ་ཞིང་ཚིག་སྦྱོར་དམ་པ།སྙན་པའི་ཉམས་དང་ལྡན་པའི་ཚིག་སྦྱོར་གྱིས་གཏན་ཚིགས་རིགས་པ་དང་མི་རྒྱུད་རིག་པ།ལུས་ཁམས་རིག་པ།སེམས་ཁམས་རིག་པ་སོགས་ཀྱི་ཟུར་དང་ཕྱོགས་གང་ནས་བལྟས་ཤིང་དཔྱད།


འབྲེལ་ཡོད་འོས་སྦྱོར།