logo

སྙན་ངག་པའི་འགན་འཁྲི་དང་སྙན་ངག་པའི་ན་ཟུག

རྩོམ་པ་པོ།:འབྲོང་། ཡོང་ཁུངས།:སྦྲང་ཆར། དུས་ཚོད།:2008-07-18 ཀློག་གྲངས།:

    སྙན་ངག་པ་ནི་ཚོར་བ་ཧ་ཅང་སྐྱེན་པའི་འགན་འཁྲི་རིང་ལུགས་པ་ཞིག་དང་ན་ཟུག་རིང་ལུགས་པ་ཞིག་ཡིན་དགོས་ཏེ།  འགན་འཁྲི་ཡོད་པའི་རྐྱེན་གྱིས་ན་ཟུག་ཡོད་པ་ཡིན་ལ། ན་ཟུག་ཡོད་པའི་རྐྱེན་གྱིས་འགན་འཁྲིའང་ཡོད་པ་ཡིན།  སྙན་ངག་པས་ན་ཟུག་ལས་འགན་འཁྲི་རྙེད་ཅིང་འགན་འཁྲི་ཡིས་ན་ཟུག་བསྐྱེད་པའི་རྐྱེན་གྱིས།  སྙན་ངག་ནི་མི་རྣམས་ཀྱི་སེམས་པའི་གཏིང་རུམ་དུ་མེ་བཞིན་མཆེད་དེ་འོད་བཞིན་འཕྲོས་པ་རེད།

     སྙན་ངག་ནི་བདེན་དོན་གྱི་རང་སྒྲ་དང་དུས་རབས་ཀྱི་འབོད་སྒྲ།  ལོ་རྒྱུས་མདུན་སྐྱོད་ཀྱི་གོམ་སྒྲ་ཡིན་དགོས་ན།  དེ་ནི་སྙན་ངག་པའི་ན་ཟུག་དང་འགན་འཁྲིས་བསླངས་པའོ་སེམས་ཁོངས་གི་གླུ་དང་བརྩེ་དུངས་ཀྱི་མེ་ལྕེ།  བླ་སྲོག་གི་འོད་སྣང་ཡིན་དགོས། སྙན་ངག་པས་ཐོག་མར་སྤྱི་ཚོགས་དངོས་དང་འཚོ་བ་དངོས་ལས་རྣལ་མའི་བརྩེ་དུངས་ཀྱི་རྒྱུད་དཀྲོལ་ནས་དྲང་བདེན་གྱི་སྐད་ཆ་འཆད་དགོས་ཏེ། གལ་སྲིད་རྩོམ་པ་པོའི་སེམས་ཁོང་ནས་བརྡོལ་བའི་བརྩམས་ཆོས་ཤིག་མིན་ཚེ།   དེ་འདྲའི་སྒྱུ་རྩལ་གསར་རྩོམ་ལ་ཚེ་སྲོག་ཡེ་ནས་ལྡན་ཐབས་མེད”(མེ་ལིཅེས་གསུངས་པ་ལྟར།  བརྩེ་དུང་ནི་ན་ཟུག་ཅིག་ཡིན་ལ།  ན་ཟུག་དེ་འགན་འཁྲི་ཞིག་ཡིན་འོས།  དེ་བས་ན་སྙན་ངག་པ་ངེས་པར་སྤྱི་ཚོགས་དངོས་དང་འཚོ་བ་དངོས་ལ་ཟབ་ཞུགས་བྱས་ཏེ།   སྤྱི་ཚོགས་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་འདྲ་མིན་སྣ་ཚོགས་རང་སེམས་སུ་བསགས་ཤིང་བསྡུས་ཏེ་བརྩེ་དུངས་དང་ན་ཟུག་གིས་བསྙལ་ན།  ད་གཟོད་མི་སེམས་བཟི་ཞིང་མྱོས་པར་བྱེད་པའི་སྙན་ངག་ཕྲིས་ཤིང་།  དེ་ནས་སྙན་ངག་པས་མི་དམངས་ཀྱི་ལས་དབང་ལ་དོ་ཁུར་བྱེད་དགོས་ཏེ།  སྙན་ངག་པས་རང་ཉིད་ཀྱི་ཁོར་ཡུག་ཆུང་ངུ་ཞིག་ནས་ནད་མེད་འཁུན་སྒྲ་འབྱིན་པ་དང་།  ཚོར་སྣང་མཚར་བོ་ཙམ།  ཚིག་སྦྱོར་བདེ་མོ་ཙམ་ལ་ཤི་འཐམ་རོ་འཐམ་མི་བྱེད་པར།  མི་དམངས་ཀྱི་ཕྱོགས་ནས་ལངས་ཏེ་མི་དམངས་ཀྱི་བདེ་སྡུག་ཡིད་དུ་བརྣག་དགོས་ལ།   བདེན་དོན་གྱི་རང་སྒྲ་སྒྲོག་དགོས།  ལྷག་པར་ང་ཚོ་བོད་ཀྱི་སྙན་ངག་པ་ཞིག་ལ་མཚོན་ན།   དུས་རབས་ཀྱི་བླང་བྱ་དང་འབོད་སྐུལ་གྱི་མདུན་དུ།  རང་མི་རིགས་ཀྱི་ཆགས་འཇིག་དར་རྒུད་དང་བདེ་སྡུག་དགའ་སྐྱོ་ཡོད་ཚད་རང་ཉིད་ཀྱི་ན་ཟུག་དང་རང་ཉིད་ཀྱི་འགན་འཁྲི་ལྡོག་མེད་དུ་བརྩིས་ནས།   མི་རིགས་ཀྱི་སྙིང་སྟོབས་དང་བླ་སྲོག་ལ་འབོད་སྐུལ་གཏོང་དགོས།   གཞན་ཡང་གལ་འགངས་ཆེ་བ་ཞིག་ནི།  བྲིས་པའི་སྙན་ངག་གི་རྣམ་པར་མཛེས་ཚོར་ཡོད་དགོས་ལ།   བརྗོད་པའི་བརྩེ་དུང་ལ་མཛེས་དཔྱོད་ཀྱི་རིན་ཐང་དང་།   མཚོན་པའི་བསམ་བློ་ལ་མཛེས་པའི་ཟིལ་ཤུགས་ཡོད་དགོས་ཏེ།   མཛེས་པ་ནི་སྙན་ངག་གི་ངོ་བོ་དང་བླ་སྲོག་ཡིན་ལ།   འཆར་རྟོག་དང་བསམ་གཞིག   སྤྲོ་སྣང་དང་ན་ཟུག་བཅས་ལས་གྲུབ་པ་ཞིག་ཀྱང་ཡིན་པས།  ང་ཚོ་མཛེས་པའི་ཚོར་སྣང་དེ་འཚོལ་སྙེག་བྱ་དགོས་ལ།  རྣལ་མའི་བརྩེ་སེམས་སམ་ན་ཟུག་ནི་དེ་བས་ཀྱང་འཚོལ་སྙེག་བྱེད་དགོས།   སྤྱིར་རྣམ་པ་ནི་ཕྱི་གོས་དང་བརྗོད་སྙིང་ནི་རྣམ་ཤེས་ཡིན་པས།   སྙན་ངག་ལ་རྣམ་ཤེས་མེད་མི་རུང་།  སྙན་ངག་ལ་རྣམ་ཤེས་མེད་ཚེ་མཛེས་དཔྱོད་ཀྱི་ནུས་པ་ཐོན་མི་ཐུབ་པ་ཡིན།   དེ་བས་རྣམ་པ་དང་བརྗོད་སྙིང་ལེགས་སྡེབ་བྱེད་རྒྱུ་ཧ་ཅང་གལ་ཆེ་ལ།  སྙན་ངག་གི་རྣམ་ཤེས་ནི་སྙན་ངག་གི་རང་གཤིས་ཡིན་པའང་བཤད་མི་དགོས་མོད།  འགན་འཁྲི་དང་ན་ཟུག བརྩེ་སེམསནི་སྙན་ངག་གི་རང་གཤིས་ལ་སྟོབས་ཤུགས་སྐྱེད་བྱེད་ཅིག་ཡིན་པས།  དེ་ནི་མཛེས་དཔྱོད་ཀྱི་ཡང་སྙིང་དུ་འཇོག་དགོས།  དེ་ལྟར་དོན་དངོས་ཡོད་ཚད་སྒྱུ་རྩལ་གྱི་དོན་དངོས་སུ་བསྒྱུར་པ་དང་།  དོན་དངོས་ཀྱི་སྣང་བརྙན་དེ་སྒྱུ་རྩལ་གྱི་སྣང་བརྙན་དུ་བསྒྱུར་པར་འབད་འབུངས་བྱེད་དགོས།

    སྙན་ངག་པ་ཞིག་ཡིན་པའི་ཆ་དང་སྒྱུ་རྩལ་གྱི་མདུན་གྲལ་ཟིན་པའི་སྙན་ངག་གི་གསར་རྩོམ་པ་ཞིག  སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བའི་སྙན་ངག་པ་ཞིག་ཡིན་པའི་ཆ་ནས།  འདུ་ཤེས་རིགས་གཉིས་ཆགས་པར་བྱ་དགོས་ཏེ།   གཅིག་ནི་རང་བཤེར་གྱི་འདུ་ཤེས་ཡོད་དགོས་ལ།  ཅིག་ཤོས་ནི་རང་རྟོགས་ཀྱི་འདུ་ཤེས་ཡོད་དགོས།  ཡིན་ནའང་།  འགན་འཁྲི་དང་ན་ཟུག་དེ་ཁ་གཡང་ཁོ་ན་ཙམ་མིན་པར་རང་རྟོགས་ཤིག་ཡིན་དགོས་པ་དང་།  ངང་ཉིད་དུ་བྱུང་བ་ཞིག་ལས་བཙན་འཇོག་བྱེད་པ་ཞིག་ཀྱང་མིན། སྙན་ངག་པའི་འགོ་འཁྲི་དང་ན་ཟུག་དེ་སྒྱུ་རྩལ་གྱི་སྣང་བརྙན་ལ་གནོད་སྲིད།


འབྲེལ་ཡོད་འོས་སྦྱོར།