ངའི་ལྷུག་རྩོམ་གྱི་ལྟ་བ།
ངའི་མེས་པོ་རྣམས་ཀྱིས་ང་ལ་མི་མཛོམ་པ་མེད་པ་ཞིག་མཛོད་དུ་བཞག་ཡོད་ལ། དེའི་ནང་དུ་ལྷུག་རྩོམ་གྱི་ནོར་བུའང་ཡོད་པ་རེད། ལྷུག་རྩོམ་ཞེས་པའི་ཐ་སྙད་དེ་དང་། ལྷུག་རྩོམ་ཞེས་པའི་རྩོམ་ལུས་དེ་ལ། ཕྱི་རོལ་པ་དག་གིས་སྔ་མོ་ཞིག་ནས་འགྲེལ་བ་མང་བོ་ཞིག་བརྒྱབ་ཡོད་ཅིང་། རང་རེ་བ་རྣམས་ཀྱིས་ཀྱང་མི་རིགས་ཤིག་གི་སྒྱུ་རྩལ་དང་མཛེས་དཔྱོད་ཀྱི་ལྟ་ཚུལ་ཁྱེར་ནས་རང་ལུས་མི་འདྲ་བ་དུ་མ་ཞིག་བཞག་ཡོད་ལ་འཇོག་ཀྱང་ཆོག་པ་དེ་ནི་རང་བཞིན་ཉིད་ཀྱིས་ཐོན་པའི་རང་དབང་ཞིག་ཡིན་པས། དེ་ལ་ཡ་མཚན་སྐྱེས་དོན་ཅི་ཡོད།
ལོ་ཟླ་མང་བོ་ཞིག་འགོར་རྗེས། མཛོད་དུ་ཉར་བའི་ལྷུག་རྩོམ་དེར་ད་དུང་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཤིག་དང་ཉམས་པ་མེད་པའི་བྲོ་བ་ཞིག་ཡོད་ཀྱང་སྲིད་མོད། དེ་ནི་སྤྱིར་བཏང་གི་རྗེས་སུ་ལུས་པའི་སྣང་ཚོར་ཞིག་དང་སེམས་ཁམས་ཤིག་ཏུ་འཁྱིལ་བའི་བག་ཆགས་དེས་བསླངས་པ་ཁོ་ན་ཞིག་ལས། རྒྱུ་མཚན་གཞན་ཞིག་འཚོལ་ཐབས་ཡོད་དམ། ངས་དེ་ལྟར་བཤད་དོན་ནི། དེ་རིང་དང་ད་ལྟ་ལ་མཐོང་ཐུབ་པའི་ས་གཞི་དེའི་བཞིན་རས་དང་། སྤྲ་སྤྲའི་ཡི་རུ་དཔུང་དེ། ལུག་རྫི་དང་ར་རྫི་དེ་རྣམས་གཏན་ནས་འགྱུར་ཟིན། ང་ནི་དེ་རྣམས་ལ་དགའ་ཞིང་ང་དེ་རྣམས་ཀྱི་ཁྲོད་དུ་ཕྱིན་ཏེ། སྨྲ་མི་ཤེས་པའི་སེམས་པ་ཞིག་དང་མཉམ་དུ་མུ་མཐའ་བྲལ་བའི་སྤང་ལྗོངས་དེ་ལ་རྒྱང་ལྟ་བྱས་ཚེ། ལྷུག་རྩོམ་ནི་བཞེངས་ཟིན་པའི་འབག་སྐུ་དག་གི་ཞལ་གཟུགས་མིན་ཞིང་། ལྷུག་རྩོམ་ནི་འགྱུར་བཞིན་པའི་རྩྭ་ཐང་གི་ཡིད་དུ་འོང་བའི་རྣམ་པ་དེ་ཡིན་ལ། ལྷུག་རྩོམ་ནི་དུས་གཏན་དུ་དད་འདུན་ཞིག་གིས་བདག་ཏུ་ཉར་བའི་ལྷ་ཆེན་དེའི་ཞིང་ཁམས་མིན་པར། ལྷུག་རྩོམ་ནི་ཉི་ངོགས་སུ་བཞུར་གྱིན་སྣང་བའི་ངའི་ཕ་ཡུལ་གྱི་སྤྲ་སྤྲེའུ་དེ་རྣམས་དང་རྫི་བོ་དེ་ཚོ་ཡིན་ལ། ད་དུང་སྤང་ཐང་དུ་གཡོ་འགུལ་བྱེད་བཞིན་མཆིས་པའི་རྟ་ནོར་ལུག་གསུམ་གྱི་ཁྱུ་ཚོགས་དེ་རྣམས་ཀྱང་ཡིན་པས། རྟག་ཏུ་སྐྱེ་འཕེལ་གྱིས་ཕྱུག་ཅིང་ནམ་ཡང་ཚེ་སྲོག་གིས་ཁེངས་ནས་ཡོད། གལ་ཏེ་སྙན་ངག་ནི་སྦྲ་ནག་རྣམས་ཀྱི་སྐར་ཁུང་ཡིན་ན། ངའི་ལྷུག་རྩོམ་ནི་སྦྲ་ནག་དེ་དག་གི་སྒོ་གླེགས་ཡིན། གལ་ཏེ་སྒྲུང་གཏམ་ནི་རྫི་བོ་རྣམས་བརྒྱུད་མྱོང་བའི་བཤུལ་ལམ་རིང་མོ་དེ་ཡིན་ན། ངའི་ལྷུག་རྩོམ་ནི་བཤུལ་ལམ་དེའི་ཁུགས་པ་རེ་རེ་ན་འཁྱིལ་བའི་ཁོ་ཚོའི་སྐྱིད་སྡུག་གི་རི་མོ་ཡིན། གལ་ཏེ་ཟློས་གར་ནི་རྟ་རྒྱུག་གི་འདུ་འགོད་བཞིན་དགའ་སྟོན་སྣ་ཚོགས་ཀྱི་ཆོ་ག་བཤམས་པའི་སྤང་ཐང་དེ་ཡིན་ན། ངའི་ལྷུག་རྩོམ་ནི་གར་སྟེགས་དེ་རུ་རབ་ཏུ་རྩེན་པའི་བང་འགྲོས་མཛེས་པའི་རྟ་མཆོག་ཡིན།
ངས་འདོད་པའི་ལྷུག་རྩོམ་ནི་ད་དུང་ཤིན་ཏུ་བབ་ཆགས་པའི་ཉམས་འགྱུར་དང་ལྡན་ཞིང་ཧ་ཅང་རང་དབང་ཡོད་པ་དང་། རྟག་ཏུ་འཕར་ལྡིང་གི་བླ་སྲོག་གིས་ཁེངས་པ་ཞིག་ཀྱང་ཡིན། ཤིན་ཏུ་བབ་ཆགས་པའི་ཉམས་འགྱུར་དང་ལྡན་པ་དེ་ནི་ཏག་ཏག་ལ་ལྷུག་རྩོམ་གྱི་མཛེས་སྡུག་ཡིན། སྤང་ཐང་གི་སྦྲ་ནག་དང་རྫི་བོ་དེ་རྣམས་ནི་བལྟས་ཚོད་ལ་ཆེས་སྤྱིར་བཏང་བ་ཞིག་དང་ཆེས་ཕལ་བའམ་རང་ག་བ་ཞིག་ཡིན་མོད། དེ་ནི་དེ་རྣམས་ཀྱི་གཞིའམ་རང་ངོས་སུ་སིམ་པའི་མིའི་ཡིད་དབང་ཀུན་ནས་འཕྲོག་ཅིང་ལྟ་བའི་ཆོག་མི་ཤེས་པའི་མཛེས་སྡུག་ཀྱང་ཡིན། དེ་ལྟར་ངས་ལུག་ཁྱུ་དང་། རྟ་ཁྱུ། ཕ་ཡུལ་གྱི་རུ་སྡེ་རེ་རེ་ན་སྣང་བའི་ཆེས་སྤྱིར་བཏང་དང་ཆེས་བབ་ཆགས་ཡོད་ཚད་ལྷུག་རྩོམ་དུ་བསྡུས་ཤིང་ལྷུག་རྩོམ་ལས་ཐོན་དུས། ངའི་ལྷུག་རྩོམ་གྱི་མཛེས་སྡུག་དེའང་བརྗོད་སླ་ཡང་རྫོགས་མཐའ་ག་ལ་ཡོད། ཧ་ཅང་རང་དབང་ཡོད་པ་དེ་ནི་ངས་ཕྱི་ཚུལ་གྱི་རྣམ་པ་ཁོ་ཙམ་གྱི་སྟེང་ནས་བཤད་པ་ཡིན་པས། ད་ལྟའི་བར་སྤང་ཐང་དུ་འཚོ་བའི་སྦྲ་ནག་དང་རྫི་བོ་དེ་རྣམས་ནི་ཅི་འདྲའི་རང་དབང་དང་ལྡན་ཞིང་ཅི་འདྲའི་སྤྲོ་སྣང་གིས་ཁེངས་པ་ཞིག་ཀྱང་རེད་ཨང་། སྤྲ་སྤྲེའུ་དེ་རྣམས་ཀྱི་སྐར་ཁུང་དང་། སྤང་ཐང་དེ་རྣམས་ཀྱི་ངོས་དག་ཏུ་ལུག་ཁྱུ་དེ་རྣམས་ཀྱི་ལྷས་འདབས་ནས་ཕྱོགས་དང་ཕྱོགས་སུ་འཕུར་བའི་རྫི་གླུ་རྣམས་ཀྱི་འགྱུར་ཁུགས་ཀྱང་དེ་དང་འདྲ་བས། ངས་འདོད་པའི་ལྷུག་རྩོམ་གྱི་རྣམ་པའང་དེ་དག་འདྲ་བ་ཞིག་ཡིན་ན་ཅིས་མི་ཆོག ཡིག་ཐོ་མེད་པའི་དུས་ནས་བཟུང་དར་རྒྱས་བྱུང་བའི་སྦྲ་ནག་དང་རྫི་བོ་དེ་རྣམས་ནི་ག་དུས་ཡིན་ཡང་ནུབ་པ་མེད་པའི་གསོན་སྙིང་ཞིག་དང་དྲོད་དུ་འཁོལ་བའི་ཁྲག་རྒྱུན་ཞིག་གི་ངང་ནས་རོལ་ཅིང་གནས་པ་དེ་ལྟར། ངས་འདོད་པའི་ལྷུག་རྩོམ་དེ་ཡང་ནམ་ཡིན་རུང་འཕར་ལྡིང་གི་བླ་སྲོག་གི་རབ་ཏུ་ཁེངས་ཏེ་ཡོད་པ་ཞིག་ཡིན་ལ། དེ་ནི་རྟག་ཏུ་འཚོ་བ་ཞིག་དང་དུས་རབས་ཤིག་དང་འགྲོགས་ནས་ཡོད་ཅིང་། དེ་ནི་ནམ་ཡང་མི་རིགས་ཤིག་དང་། སེམས་ཁམས་ཤིག ས་གཞི་ཞིག་དང་ཡང་བསྡོངས་ནས་སྣང་བས། ད་ལྟའི་དུས་ནས་བཟུང་ངས་འདོད་པའི་ལྷུག་རྩོམ་དེ་ཡང་རྒྱུ་རྐྱེན་དེ་དག་ལས་ཀྱང་ཆ་ཡོངས་སུ་ཚང་བའི་གཟབ་མཆོར་ཞིག་ལུས་ལ་སྤྲས་ཏེ་སྦྲ་ཚོགས་དང་རྫི་བོ་དེ་རྣམས་དང་མཉམ་དུ་གོམ་པ་སྤོ་བཞིན་ཡོད་ལ། སྤོའང་ངེས་པ་དེ་ལ་སུས་ཀྱང་སོམ་ཉི་དང་ཐེ་ཚོམ་གྱི་རྣམ་འགྱུར་འཛིན་མི་སྲིད། ངའི་ལྷུག་རྩོམ་གྱི་བབ་ཆགས་སམ་མཛེས་སྡུག་དང་། རང་དབང་ངམ་ལྷུག་པ། ནང་སྙིང་ངམ་བླ་སྲོག་དེ་རྣམས་ནི་ག་དུས་ཡིན་ཡང་སྤང་ལྗོངས་དེ་དང་། སྦྲ་ཚོགས་དེ། རྫི་བོ་དེ་རྣམས་ཀྱི་སེམས་ཁམས་དང་། སྐྱིད་སྡུག་ལས་དབང་སོགས་དང་འབྲེལ་ཞིང་དེ་རྣམ